ཡན་ལག་བདུན་པ།

༼བ༽

༄༅། །ཡན་ལག་བདུན་པ་བཞུགས།།

༄༅། །དུས་གསུམ་ཕྱོགས་བཅུའི་འཇིག་རྟེན་དུ། །འགྲོ་བའི་དོན་དུ་བྱོན་གྱུར་པ། །སངས་རྒྱས་རྣམས་དང་ཆོས་རྣམས་དང༌། །དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །ཀུན་བཟང་མཆོད་སྤྲིན་ལྟ་བུ་ཡིས། །དེ་དག་ཐམས་ཅད་མཆོད་པར་བགྱི། །བདག་དང་མཐའ་ཡས་སེམས་ཅན་ཀུན། །དཀོན་མཆོག་གོ་འཕང་ཐོབ་བྱའི་ཕྱིར། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །བདག་དང་འགྲོ་བས་བགྱིས་པའི་སྡིག །མ་ལུས་མངོན་དུ་མཐོལ་བགྱིད་ནས། །འགྱོད་ཅིང་བསྡམ་པའི་སེམས་ཀྱིས་སུ། །ཐམས་ཅད་སོ་སོར་བཤགས་པར་བགྱི། །དགེ་བ་ཀུན་ལ་ཡི་རང་ཞིང༌། །བདག་ཀྱང་དེ་བཞིན་བྱེད་པར་སྨོན། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སྲིད་པ་ཇི་སྲིད་གནས་ཀྱི་བར། །མྱ་ངན་མི་འདའ་བདག་གསོལ་འདེབས། །མགོན་མེད་འདི་དག་བསྐྱབ་པའི་ཕྱིར། །མགོན་པོས་ཇི་ལྟར་ཐུགས་བསྐྱེད་པ། །དེ་བཞིན་བདག་གིས་སེམས་བསྐྱེད་ཅིང༌། །དེ་ཡི་སྤྱོད་པའང་བསླབ་པར་བགྱི། །དགེ་བ་འདི་དང་དགེ་བ་གཞན། །མ་ལུས་གཅིག་ཏུ་བསྡོམས་བྱས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །སྲིད་པ་ཀུན་དུ་དལ་འབྱོར་ལུས། །ཡོན་ཏན་བདུན་ལྡན་ཐོབ་གྱུར་ནས། །ཡང་དག་བླ་མས་རྗེས་གཟུང་སྟེ། །རྟག་ཏུ་དམ་ཆོས་སྤྱོད་པར་ཤོག །འདིར་ཡང་ནད་མེད་བདེ་ལྡན་ཞིང༌། །བདུད་དང་བར་དུ་གཅོད་པ་ཀུན། །ཐམས་ཅད་མཐུན་རྐྱེན་ཉིད་གྱུར་ནས། །བསམ་པ་ཆོས་བཞིན་འགྲུབ་པར་ཤོག །འདིའི་དོན་རྟག་ཏུ་དྲན་པའི་ཚུལ་གྱིས་ཁ་ཏོན་གྱིས། ངེས་པར་གདོན་མི་ཟ་བར་བསོད་ནམས་ཀྱི་ཚོགས་འཕེལ་བ་དང༌། སྡིག་པ་ཟད་པར་འགྱུར་བ་ཡིན་ནོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*