འཇམ་དབྱངས་ལ་རི་བོ་རྩེ་ལྔར་བསྟོད་པ་ནོར་བུའི་ཕྲེང་བ།

༼བ༽

༄༅། །འཇམ་དབྱངས་ལ་རི་བོ་རྩེ་ལྔར་བསྟོད་པ་ནོར་བུའི་ཕྲེང་བ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། ན་མོ་མཉྫུ་ནཱ་ཐཱ་ཡ། རྒྱལ་བ་ཀུན་གྱི་ཡེ་ཤེས་རྒྱ་མཚོར་འཁྲུངས། །མཁྱེན་པའི་འོད་གསལ་དགོས་འདོད་ཀུན་འབྱུང་ཞིང༌། །ལྷར་བཅས་འགྲོ་བའི་གཙུག་གི་རྒྱན་གྱུར་པ། །བླ་མ་རིན་ཆེན་ཞབས་ལ་ཕྱག་འཚལ་ལོ། །ཡེ་ཤེས་རང་བཞིན་རིན་ཆེན་ལས་གྲུབ་པའི། །འཇམ་མགོན་ལྷུན་པོའི་ངང་གིས་མཛེས་མོད་ཀྱང༌། །བདག་ཡིད་རབ་ཏུ་དད་པས་བསྟོད་པའི་ཚིག །ནོར་བུའི་ཕྲེང་བས་བརྒྱན་ཕྱིར་བསྡེབ་པར་བགྱི། །དྲང་སྲོང་བླ་མ་ཁྱོད་ཀྱིས་ལེགས་བསྟེན་པའི། །གནས་མཆོག་དམ་པ་དགེ་ལེགས་དཔལ་གྱིས་མཚན། །ཡིད་འོང་སྣ་ཚོགས་བཀོད་པས་ལྷང་ངེ་བ། །ཐོག་མར་དེ་ཡི་རང་བཞིན་བསྔགས་པར་བགྱི། །ཇི་ལྟར་ནམ་མཁའ་ཀུན་ལ་ཁྱབ་མོད་ཀྱང༌། །སྤྲིན་བར་ཁང་པའི་མཐོངས་ན་སྣང་བ་དང༌། །ཉི་མ་ནམ་མཁའི་ལམ་ལ་རབ་རྒྱུ་ཡང༌། །ཤར་གྱི་རི་རྩེར་འཆར་བར་སྣང་བ་བཞིན། །འཇམ་དབྱངས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ཡི། །ཞིང་ཁམས་ཀུན་ན་བཞུགས་མོད་དེ་ལྟ་ནའང༌། །ཐུགས་རྗེའི་ཤུགས་དང་གདུལ་བྱའི་མོས་པ་ཡིས། །ཡུལ་དུས་སོ་སོར་སྣང་བར་གྱུར་པ་ལགས། །དེ་སླད་ཁྱོད་ཀྱི་དག་པའི་སྨོན་ལམ་དག །སྐལ་ལྡན་རྣམས་ཀྱི་བསོད་ནམས་ལས་གྲུབ་པའི། །ལྷུན་པོའི་རྒྱལ་པོའི་རི་བོ་རྩེ་ལྔ་ནི། །རྩ་བ་གསེར་གྱི་དབང་ཆེན་ལྟ་བུར་བརྟན། །རྩེ་མོ་བཀོད་ལེགས་ཡོངས་སུ་བསྐོར་བའི་ཚུལ། །དབུས་ཀྱི་རི་བོ་སེང་གེ་བསྒྱིངས་པ་བཞིན། །བྲག་རི་ཀུནྡའི་མདངས་ལྟར་རབ་ཏུ་དཀར། །ཤར་རིའི་རྩེ་མོ་གླང་པོའི་གཙུག་འདྲ་བ། །རྩྭ་མཆོག་ཁ་དོག་ནམ་མཁའི་མདངས་ལྟར་སྔོ། །ལྷོ་ཡི་རི་བོ་རྟ་མཆོག་ཉལ་བ་བཞིན། །མེ་ཏོག་གསེར་མདོག་ལྡན་པས་རྣམ་པར་བཀྲམ། །ནུབ་རི་རྨ་བྱ་གར་བྱེད་ལྟ་བུའི་ཚུལ། །ས་གཞི་པདྨ་རཱ་གའི་འོད་ཆགས་འབར། །བྱང་རི་མཁའ་ལྡིང་འདབ་གཤོག་བརྐྱང་འདྲ་བ། །མརྒད་མདོག་མཚུངས་ལྗོན་པས་ཡོངས་སུ་གང༌། །དེ་སླད་འདི་ནི་དེ་བཞིན་གཤེགས་པའི་གནས། །དཀྱིལ་འཁོར་ཆེན་པོ་ཕོ་བྲང་ལགས་པར་ཁུམས། །དེ་འདྲའི་ལྷུན་པོ་འཕང་དང་རྒྱར་ཡངས་པ། །སྣ་ཚོགས་ཤིང་དང་ལྕུག་མའི་ནགས་ཚལ་བཀྲམ། །ཁ་དོག་སྣ་ཚོགས་མདངས་གསལ་མེ་ཏོག་གི །ཚོམ་བུ་བཀོད་ལེགས་ཇི་བཞིན་རྣམ་པར་བཀྲ། །འདུ་བའི་ནད་སེལ་འདུས་པ་མཆོག་ལྡན་པའི། །རྩ་བ་ལོ་མ་མེ་ཏོག་འབྲས་བུ་སོགས། །སྨན་གྱི་ཚོགས་ཀྱིས་ངོས་རྣམས་ཡོངས་སུ་གང༌། །བྲག་གི་རི་བོ་རིན་ཆེན་བརྩེགས་འདྲ་དང༌། །དབང་པོའི་གཞུ་ལྟར་སྣང་བའི་འོད་འབྱིན་པའི། །ནོར་བུ་རྡོ་ཡི་སྙིང་པོས་རྣམ་པར་སྤྲས། །ཁ་དོག་དྲི་རོ་ནུས་པ་ཕུན་ཚོགས་པའི། །བཟའ་དང་བཅས་དང་མྱང་དང་བལྡགས་པ་དང༌། །མ་རྨོས་ལོ་ཏོག་ལ་སོགས་དུ་མ་དང༌། །མུ་ཏིག་ཆུན་པོ་རྣམ་པར་འཐོར་འདྲ་བའི། །གཟེགས་མ་གནམ་དུ་འཕྲོ་བའི་རྦ་འཁྲུགས་པའི། །དྲི་ཟའི་བུ་མོའི་དབྱངས་ལྟར་སྙན་པའི་སྒྲ། །ཀུན་ཏུ་སྒྲོགས་བྱེད་འབབ་ཆུ་སྣ་ཚོགས་དང༌། །དྲི་མེད་དངུལ་གྱི་མེ་ལོང་བཀོད་འདྲ་བའི། །ལྟེང་ཀ་རྫིང་བུ་མཚོ་ཕྲན་བཀོད་མ་རྣམས། །ཡན་ལག་བརྒྱད་དང་ལྡན་པའི་ཆུ་ཡི་གཏེར། །སྙིང་པོ་རབ་རྒྱས་ཟེའུ་འབྲུའི་ཕྲེང་ལྡན་ཞིང༌། །ལོ་འདབ་མདངས་བཀྲ་ལས་འཕྲོས་དྲི་བསུང་གིས། །ཉེ་བར་བསྡུས་པའི་བུང་བ་སྒྲ་འབྱིན་པའི། །པདྨོའི་འབྱུང་གནས་དམ་པས་ཉེ་བར་བསྟེན། །ངང་པ་དུར་པ་ཁུ་བྱུག་ལ་སོགས་པ། །ཡིད་འོང་གཟུགས་ཀྱི་དཔལ་ལྡན་ན་ཆུང་བཞིན། །དབྱིབས་དང་མདངས་ཀྱིས་སྒེག་ཆགས་ལས་བྱུང་བའི། །གླུ་དབྱངས་སྙན་པ་ཀུན་ཏུ་སྒྲོགས་པར་བྱེད། །རླུང་དང་དལ་བུས་གཡོ་བའི་སིལ་སྙན་སྒྲས། །ཉེ་བར་བསྐུལ་བས་ལྗོན་ཤིང་ཀུ་ཤའི་ཚོགས། །ཀུན་ཏུ་བསྐྱོད་པའི་གར་སྟབས་ལེགས་བྱེད་ཅིང༌། །རི་དྭགས་ཚོགས་རྣམས་རྩེ་ཞིང་དགའ་བར་རོལ། །གཅན་གཟན་ལུས་རྒྱས་རབ་ཏུ་དྲེགས་པའི་ཚོགས། །བསླབ་པས་བསྡམས་པ་ཇི་བཞིན་དུལ་བར་གནས། །གདུང་བ་སྐྱོབ་པའི་ཆུ་འཛིན་བླ་རེར་བྲེས། །དྲི་བསུང་གིས་བསྒོས་སེར་བུའི་བསིལ་ཡབ་ལྡན། །མི་མིན་གྱིས་མཆོད་མཚན་མོ་སྒྲོན་མ་འབར། །འདོད་ཆགས་བྲལ་བ་འཕགས་པའི་ཚོགས་རྣམས་དང༌། །ས་བླའི་ལྷ་དང་གྲུབ་པ་རིག་འཛིན་དང༌། །དཀའ་ཐུབ་མཐར་ཕྱིན་དམོད་པའི་མཚོན་འཆང་བའི། །ལྷ་དང་མི་ཡི་དྲང་སྲོང་ཚོགས་རྣམས་དང༌། །ཀླུ་དང་གནོད་སྦྱིན་མ་མོ་འབྱུང་པོ་སོགས། །མཐུ་སྟོབས་ཆེ་བ་ཆེ་བར་རབ་གྲགས་པ། །རྫུ་འཕྲུལ་ཤུགས་འཆང་བསྟན་ལ་མངོན་དགའ་བས། །རྟག་པར་རྒྱུན་དུ་བསྟན་ཅིང་རིམ་གྲོར་བྱེད། །ཀླུ་ཡི་བུ་རྣམས་རང་གི་ལུས་བསྟན་ནས། །མི་རྣམས་ཀུན་དང་རྩེ་ཞིང་རྣམ་པར་རོལ། །དེ་ལྟའི་ལེགས་ཚོགས་དུ་མས་བརྒྱན་པའི་གནས། །ལྷུན་པོ་འདི་ནི་ལྷར་བཅས་འཇིག་རྟེན་གྱི། །བསྟི་གནས་དམ་པ་དགེ་ལེགས་ཀུན་འབྱུང་བའི། །མཆོད་རྟེན་ཆེན་པོ་དེ་ལ་ཕྱག་འཚལ་ལོ། །ཕུན་སུམ་ཚོགས་པའི་གནས་དེར་རྣམ་རོལ་པའི། །འཇམ་མགོན་དེ་ནི་རྒྱལ་བ་ཇི་སྙེད་ཀྱིས། །ལེགས་པར་བསགས་པའི་བསོད་ནམས་ཡེ་ཤེས་ཚོགས། །དེ་སྙེད་ལེགས་གྲུབ་ཁྱོད་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་ཐོག་མ་མེད་པ་ནས། །ཤིན་ཏུ་རྣམ་དག་སྲིད་དང་ཞི་བའི་བདག །མིང་དང་མཚན་མ་ཀུན་གྱིས་མ་སྤྲོས་པ། །མཉམ་ཉིད་འཇམ་པའི་ངང་ལ་ཕྱག་འཚལ་ལོ། །ཆོས་ཀྱི་སྤྲིན་ལ་གནས་པ་རྒྱ་མཚོའི་སྤྲིན། །ཆོས་ཀྱིས་ཚིམ་མཛད་ཆོས་རྗེ་བདེ་ཆེན་གཏེར། །ཐབས་དང་ཤེས་རབ་མཉམ་སྦྱོར་ངེས་པ་ཉིད། །འཇམ་པའི་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ། །སྨོན་ལམ་གྲུབ་པ་དམིགས་མེད་ཐུགས་རྗེ་ཡིས། །གདུལ་བྱ་ཇི་སྙེད་དེ་སྙེད་རྣམ་འཕྲུལ་ཞིང༌། །སྲིད་པ་ཇི་སྲིད་དེ་སྲིད་མི་འགག་པ། །འཇམ་དཔལ་རྣམ་པར་རོལ་ལ་ཕྱག་འཚལ་ལོ། །སྐུ་མེད་མ་ལགས་བེམས་པོ་མ་ལགས་ཤིང༌། །མི་གཙང་རྫས་ལས་གྲུབ་པའི་ལུས་མ་ལགས། །དབང་པོའི་གཞུ་ལྟར་གསལ་བར་སྟོན་མཛད་པ། །དྲི་མེད་སྐུ་འཆང་ཁྱོད་ལ་ཕྱག་འཚལ་ལོ། །ལྷུན་པོ་ལྟ་བུར་རབ་ཏུ་བརྗིད་པའི་སྐུ། །མཚན་དང་དཔེ་བྱད་རྒྱན་གྱིས་རྣམ་པར་སྤྲས། །ཉི་མ་སྟོང་ལས་ལྷག་པའི་འོད་འགྱེད་པ། །དཔག་ཡས་འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། །ཇི་ལྟར་ནོར་བུ་ཆུ་ཤེས་དྭངས་པ་ནི། །སྣ་ཚོགས་ཚན་གྱི་རྐྱེན་གྱིས་དུ་མར་སྣང༌། དེ་བཞིན་བཅོམ་ལྡན་གདུལ་བྱའི་དབང་གིས་ན། །རྣམ་པ་དུ་མར་སྟོན་ལ་ཕྱག་འཚལ་ལོ། །ཉིད་ཀྱི་མདངས་དང་ཞལ་དང་ཕྱག་དང་ཞབས། །ཉམས་དང་ཆ་ལུགས་རྒྱན་དང་ཕྱག་མཚན་གདན། །མོས་པ་ཐ་དད་འགྲོ་བ་ཀུན་འདུལ་ཞིང༌། །ཟབ་མོའི་དོན་མཚོན་ཁྱོད་ལ་ཕྱག་འཚལ་ལོ། །གདུལ་བྱའི་ཁམས་དང་མོས་པ་ཇི་སྙེད་པ། །དེ་སྙེད་མགོན་པོ་ཁྱོད་ཀྱི་གསུང་གི་དབྱངས། །ཡན་ལག་དྲུག་ཅུས་བརྒྱན་པ་མཐའ་ཡས་པ། །དམ་ཆོས་སྒྲོགས་པ་ཁྱོད་ལ་ཕྱག་འཚལ་ལོ། །བདག་མེད་སྟོན་པ་སེང་གེའི་སྒྲ་བསྒྲགས་པ། །མུ་སྟེགས་རི་དྭགས་གོམ་པ་འཁྱོར་ཞིང་འབྲོས། །བདུད་སྡེའི་ཝ་ཚོགས་སྙིང་རབ་འགེམས་བྱེད་པ། །རྒོལ་བ་ཚར་གཅད་གསུང་ལ་ཕྱག་འཚལ་ལོ། །ཁྱོད་གསུང་རིག་སྔགས་སྦྱར་བས་ཞི་བ་དང༌། །བློ་གྲོས་རྒྱས་བྱེད་ཚངས་པའི་བུ་མོ་སོགས། །ཉེ་བར་འགུགས་བྱེད་དྲག་པོའི་གསང་སྔགས་ཀྱིས། །བགེགས་ཀུན་འཇོམས་པར་མཛད་ལ་ཕྱག་འཚལ་ལོ། །ཉོན་མོངས་ཟུག་རྔུའི་ཚོགས་རྣམས་ལེགས་བྱང་ཞིང༌། །ལས་ཀྱི་འཆིང་གྲོལ་སྐྱེ་བའི་གཟེབ་ལས་ཐར། །ཤེས་བྱའི་སྒྲིབ་པའི་རབ་རིབ་རྣམ་དག་པ། །ཡང་དག་མཐར་སོན་ཁྱོད་ལ་ཕྱག་འཚལ་ལོ། །ཤེས་བྱའི་གཟུགས་བརྙན་ཇི་བཞིན་སྒྲིབ་མེད་སྣང༌། །རྟེན་འབྲེལ་མ་འདྲེས་གཟིགས་ཤིང་མཉམ་པར་དགོངས། །གཞན་གྱི་དོན་ཀུན་ལེགས་གྲུབ་རྟག་པར་ཡང༌། །རྟོག་པས་མི་བསྒུལ་ཐུགས་ལ་ཕྱག་འཚལ་ལོ། །བྱམས་པའི་དཀྱིལ་འཁོར་རྒྱ་ཆེན་ཡངས་པ་ཅན། །ཐུགས་རྗེ་ཆེན་པོས་སེམས་ཅན་ཀུན་སྐྱོབ་ཅིང༌། །འཕགས་མཆོག་རྣམས་ཀྱི་ཡུལ་ལས་རྣམ་འདས་པ། །འཇམ་དཔལ་ཡེ་ཤེས་ཐུགས་ལ་ཕྱག་འཚལ་ལོ། །རང་བཞིན་དྲི་མེད་འཁོར་བའི་ཆོས་ཀྱི་གོས། །ཐབས་ཀྱི་བདུད་བཅས་ལམ་གྱི་རྩིས་བསྒྱུར་བས། །གྲོལ་བའི་ཡོན་ཏན་སྣ་ཚོགས་ཚོན་བཀྲ་བ། །གནས་ཡོངས་གྱུར་པ་ཁྱོད་ལ་ཕྱག་འཚལ་ལོ། །རང་གཞན་དོན་གཉིས་རྟེན་དང་བརྟེན་པ་དང༌། །ཐུན་མོང་བ་དང་ཕུལ་དུ་བྱུང་བ་དང༌། །ཟབ་དང་རྒྱ་ཆེའི་ཡོན་ཏན་རིན་ཆེན་གྱིས། །རབ་ཏུ་བརྒྱན་པ་ཁྱོད་ལ་ཕྱག་འཚལ་ལོ། །མི་ཟད་ཚིག་གི་གཏེར་བརྙེས་རྒྱལ་བས་ཀྱང༌། །བློ་མཆོག་ཁྱོད་ཀྱི་ཡོན་ཏན་རྒྱ་མཚོའི་གཏོས། །བསྐལ་པ་བྱེ་བར་བརྗོད་ཀྱང་རྫོགས་བྲལ་བ། །ཡོན་ཏན་མི་ཟད་གཏེར་ལ་ཕྱག་འཚལ་ལོ། །ཇི་ལྟར་ཡིད་བཞིན་ནོར་བུ་རྟོག་མེད་པར། །སྐྱེས་བུའི་རི་བ་ཡོངས་སུ་རྫོགས་བྱེད་ལྟར། །གསོལ་བ་བཏབ་ན་དགོས་འདོད་ཀུན་འབྱུང་བ། །དབང་གི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །མཐའ་ཡས་གདུལ་བྱའི་ཚོགས་རྣམས་རེ་རེ་ལའང༌། །བགྲང་ཡས་རྣམ་པར་འཕྲུལ་པས་དོན་མཛད་ཅིང༌། །འཁོར་བའི་འཁོར་ལོ་ཇི་སྲིད་ཕྲིན་ལས་ཀྱི། །འཁོར་ལོ་རྒྱུན་མི་འཆད་ལ་ཕྱག་འཚལ་ལོ། །རྒྱལ་སྲས་རྒྱ་མཚོས་བསྐོར་བའི་རྒྱལ་བ་ཡིས། །ཡོངས་སུ་བསྟན་པའི་ཞིང་ཁམས་རྒྱ་མཚོ་ཡང༌། །བ་སྤུའི་བུ་གར་འཕེལ་འགྲིབ་རྣམ་སྤངས་ནས། །སྣང་བར་མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ས་ཡི་རྒྱ་ཁྱོན་ཞབས་ཀྱི་མཐིལ་གྱིས་གནོན། །ཕྱག་གིས་ནམ་མཁའི་ངོས་ཀུན་ཡོངས་སུ་ཁེབས། །འོད་ཀྱིས་ཉི་མ་བྱེ་བ་རྨུགས་བྱེད་པ། །རྣམ་འཕྲུལ་མཐའ་ཡས་ཁྱོད་ལ་ཕྱག་འཚལ་ལོ། །བཞད་པའི་དབྱངས་ཀྱིས་ས་གསུམ་གཡོ་བྱེད་ཅིང༌། །ཧ་ཧ་ཞེས་བྱས་རྒྱ་མཚོའི་ཀློང་རྣམས་སྐེམས། །ཧཱུྃ་གིས་དུས་མཐའི་མེ་དཔུང་འཇིལ་བྱེད་པ། །མཛད་པ་དཔག་ཡས་ཁྱོད་ལ་ཕྱག་འཚལ་ལོ། །གངྒཱའི་རྡུལ་སྙེད་ཕྱོགས་བཅུའི་རྒྱལ་བ་ཡིས། །བསྐལ་པར་མཛད་པ་ཕྲིན་ལས་རྒྱ་མཚོའི་ཚོགས། །དེ་སྙེད་སྐད་ཅིག་གཅིག་གིས་རྫོགས་མཛད་པ། །ཕྲིན་ལས་ལྷུན་གྲུབ་ཁྱོད་ལ་ཕྱག་འཚལ་ལོ། །གཏི་མུག་གིས་ནོན་འགྲོ་བ་བསྐྱབ་པའི་ཕྱིར། །དབུས་ཀྱི་རི་རྩེར་མེ་ལོང་ཡེ་ཤེས་བདག །འཁོར་ལོའི་རིགས་ཀྱི་བདག་པོའི་སྐུར་སྟོན་པ། །གཟུགས་ཕུང་སྦྱོང་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཞེ་སྡང་གིས་གཟིར་འགྲོ་བ་བསྐྱབ་པའི་ཕྱིར། །ཤར་གྱི་རི་རྩེར་ཆོས་དབྱིངས་ཡེ་ཤེས་བདག །རྡོ་རྗེའི་རིགས་ཀྱི་བདག་པོའི་སྐུར་སྟོན་པ། །རྣམ་ཤེས་སྦྱོང་མཛད་ཁྱོད་ལ་ཕྱག་འཚལ་ལོ། །སེར་སྣས་བཅིངས་པའི་འགྲོ་བ་བསྐྱབ་པའི་ཕྱིར། །ལྷོ་ཡི་རི་རྩེར་མཉམ་ཉིད་ཡེ་ཤེས་བདག །རིན་ཆེན་རིགས་ཀྱི་བདག་པོའི་སྐུར་སྟོན་པ། །ཚོར་བ་སྦྱོང་མཛད་ཁྱོད་ལ་ཕྱག་འཚལ་ལོ། །འདོད་ཆགས་ཀྱིས་གཟེར་འགྲོ་བ་བསྐྱབ་པའི་ཕྱིར། །ནུབ་ཀྱི་རི་རྩེར་ཀུན་རྟོག་ཡེ་ཤེས་བདག །པདྨའི་རིགས་ཀྱི་བདག་པོའི་སྐུར་སྟོན་པ། །འདུ་ཤེས་སྦྱོང་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཕྲག་དོག་གིས་ནོན་འགྲོ་བ་བསྐྱབ་པའི་ཕྱིར། །བྱང་གི་རི་རྩེར་བྱ་གྲུབ་ཡེ་ཤེས་བདག །ལས་ཀྱི་རིགས་ཀྱི་བདག་པོའི་སྐུར་སྟོན་པ། །འདུ་བྱེད་སྦྱོང་མཛད་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཕལ་ཆེར་གདུལ་བྱ་དག་པ་ལ། །སེང་གེའི་གདན་ལ་བཞུགས་པ་བྱུ་རུའི་མདངས། །ཡིད་བཞིན་ཤིང་རྣམས་སྣ་ཚོགས་འཁོར་རྣམས་ཀྱིས། །ཡོངས་སུ་བསྐོར་བ་སྟོན་ལ་ཕྱག་འཚལ་ལོ། །ལ་ལ་ལ་ནི་བྱིས་པ་གཞོན་ནུའི་གཟུགས། །རྣམ་པར་རྩེ་བའི་ཚུལ་གྱིས་སྟོན་མཛད་ཅིང༌། །ལ་ལར་དགེ་སྦྱོང་དྲང་སྲོང་རྒན་པོ་སོགས། །སྣ་ཚོགས་སྐུར་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་ངོ་མཚར་དཔག་ཡས་རྒྱ་མཚོ་ལས། །ཐིགས་པ་ཙམ་ཞིག་བརྗོད་འདི་རྒྱལ་བ་ཡི། །ལུང་དང་རྟོགས་པ་བརྗོད་པའི་རྗེས་འབྲངས་ནས། །རིགས་པ་ཡིས་ཀྱང་དཔྱད་དེ་བསྒྲགས་པ་ལས། །སྔོན་ཆད་མིག་གི་དབང་པོས་མ་མཐོང་ཞིང༌། །ཇི་བཞིན་རྣ་བས་ཀྱང་ནི་མ་ཐོས་པའི། །ཁྱོད་ཀྱི་འོད་ཟེར་ཤིན་ཏུ་ཕུལ་བྱུང་བ། །བདག་གིས་མཐོང་དེ་མཐོང་བ་ཇི་བཞིན་དུ། །བརྗོད་པར་ནུས་མིན་ཏིང་འཛིན་རོ་མྱང་བཞིན། །འོན་ཀྱང་དྲན་པ་ཡིས་ཀྱང་དཔལ་འགྱུར་བས། །ཆ་ཙམ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ནི། །ཉེ་བར་སྒྲོགས་ལ་མངོན་པར་སྤྲོ་བར་གྱུར། །ཁྱོད་ཀྱི་འོད་ཀྱིས་ཞིང་བརྒྱ་སྣང་བྱེད་ཅིང༌། །ལོག་བློའི་ཀུ་མུད་ཚལ་འཇོམས་རྟག་པར་ཡང༌། །བློ་གྲོས་པདྨོ་རབ་ཏུ་རྒྱས་བྱེད་པ། །ཡེ་ཤེས་ཉི་མ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་འོད་ཟེར་སྐྱེ་དགུའི་ཡིད་འཕྲོག་པའི། །ཐད་ན་ཉི་མའི་འོད་ཟེར་འབར་བ་ཡང༌། །ཉིན་མོའི་ཟླ་བ་ཙམ་དུའང་མི་བཟོད་ན། །མཛེས་པ་གཞན་ཀུན་ཟིལ་གནོན་སྨོས་ཅི་འཚལ། །འོད་ཟེར་དེ་ཡིས་ཉོན་མོངས་གདུང་སེལ་བ། །བསིལ་ཟེར་བདུད་རྩིའི་རྒྱུན་འདྲ་འཕྲོ་བ་ཡིས། །སྟོན་ཟླ་རྒྱས་པས་དཔེར་ཡང་མི་བཟོད་ན། །ལོག་དད་རབ་རིབ་འཕྲོག་པ་སྨོས་ཅི་འཚལ། །དེ་ཡིས་གདུལ་བྱའི་ཞིང་ལ་དགེ་ལེགས་ཀྱི། །ལོ་ཏོག་རབ་ཏུ་བསྐྲུན་པས་རྣམ་ཀུན་ཏུ། །ཆར་སྤྲིན་རབ་ཏུ་སྒྲོགས་པའང་ཟིལ་གནོན་ན། །དད་པའི་ཆུ་ཀླུང་འཕེལ་བགྱིད་སྨོས་ཅི་འཚལ། །མཁའ་དང་ས་དང་བར་སྣང་ཐམས་ཅད་དུ། །གནས་མ་ངེས་པར་འོད་ཟེར་ཀུན་ཏུ་སྣང༌། །ཁ་དོག་སྣ་ཚོགས་མདངས་ཆགས་རབ་ཏུ་གསལ། །དབྱིབས་ནི་རྣམ་པ་དུ་མར་སྟོན་པར་བྱེད། །ན་བུན་འོད་ཟེར་ཕུང་པོར་གྱུར་པ་འགའ། །རླུང་གིས་བསྐྱོད་པའི་རྒྱ་མཚོའི་རྦ་རླབས་བཞིན། །ཟད་མི་ཤེས་པ་བར་སྣང་མཚམས་ན་རྒྱུ། །འོད་ཟེར་ལ་ལ་སྤེལ་ལེགས་མེ་ཏོག་གི །ཕྲེང་བ་ཇི་བཞིན་ཕན་ཚུན་བརྐྱང་བ་དང༌། །ལ་ལ་ནོར་བུ་སྤུངས་པ་ལྟ་བུ་དང༌། །ཟླ་ཚེས་འདྲ་དང་ཚེས་བརྒྱད་ཟླ་བའི་དབྱིབས། །ཀ་བའི་རྣམ་པ་ལྟ་བུར་སྣང་བ་དང༌། །འོད་ཟེར་ཆེན་པོ་འགའ་ཞིག་ནམ་མཁའ་དང༌། །ས་གཞི་བར་ཀུན་ཁྱབ་པར་སྣང་བས་ན། །དེ་མཐའ་ཚད་གཟུང་བདག་གི་རྔོ་མ་ཐོགས། །མརྒད་པདྨ་རཱ་ག་ལྟ་བུའི་མདངས། །འདྲེས་པའི་འོད་ཀྱི་གོང་བུ་རབ་ཟླུམ་པ། །སྤྲིན་མེད་ནམ་མཁའི་དཀྱིལ་ན་སྣང་བ་ནི། །ཁྱོད་ཀྱི་མཛོད་སྤུའི་འོད་ཅེས་རྒྱལ་རྣམས་སྒྲོགས། །ས་གཞིའི་གཏོས་ཀུན་རབ་དཀར་འོད་ཀྱིས་ནི། །སྙོམས་པར་ཁེབས་པ་འོ་མའི་རྒྱ་མཚོ་བཞིན། །བར་སྣང་གསེར་མདོག་འོད་ཀྱིས་གང་བ་དང༌། །རེས་འགའ་པདྨ་རཱ་གའི་མདངས་འདྲར་འགྱུར། །ན་བུན་ནང་ན་ཁ་དོག་ལྔས་བསྐོར་བའི། །འོད་འཁོར་འཁོར་ལོ་ལྟ་བུར་སྣང་བ་ནི། །ཆུ་སྐྱེས་ཆུ་གཏེར་དབུས་ན་རྒྱས་པ་བཞིན། །དེ་མཐའ་རྒྱང་ནས་འོད་ཟེར་དཀར་པོས་བསྐོར། །དེ་ཡི་དབུས་ན་གཟུགས་བརྙན་ཚུལ་གྱིས་ནི། །ཉིད་སྐུ་དང་ལྡན་དག་གིས་གསལ་བར་དམིགས། །གྲངས་ནི་ཉི་མ་གཅིག་ལའང་བརྒྱ་ཕྲག་སྙེད། །བདག་ཅག་རྣམས་ཀྱིས་ལེགས་མཐོང་རེས་འགའ་ནི། །སྣང་དང་མི་སྣང་གནས་སྐབས་དུ་མར་སྣང༌། །འོད་ཀྱི་སེར་བུ་དེ་འདྲ་གདུལ་བྱའི་ཡིད། །བག་ཆགས་ཆུ་གཏེར་འདུས་པས་བརྟན་པ་ཡང༌། །རབ་ཏུ་བསྐྱོད་པས་བསྔགས་པའི་སྒྲ་སྒྲོགས་ཤིང༌། །སྤྱི་བོས་འདུད་པའི་རྦ་རླབས་གཡོ་བར་འགྱུར། །དེ་ལྟར་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི། །འོད་ཀྱི་མཛད་པས་ཞིང་ཀུན་སྦྱོང་བ་དང༌། །སེམས་ཅན་སྨིན་པར་མཛད་ཅེས་ལེགས་གསུངས་པས། །འཇམ་དབྱངས་འོད་ལ་གུས་པས་ཕྱག་འཚལ་ལོ། །སྐྱ་རེངས་འོད་ཀྱིས་སྐར་མ་ཟིལ་གནོན་པ། །གང་གིས་མཐོང་དེས་ཉི་མའི་གཟི་བརྗིད་འཚལ། །དེ་བཞིན་འོད་ཟེར་རྨད་བྱུང་མཐོང་བ་དེས། །འོད་མཛད་ཡོན་ཏན་དཔག་ཡས་ལགས་པར་ཁུམས། །དེ་ལྟར་འཇམ་དབྱངས་ཡོན་ཏན་རྒྱ་མཚོ་མཆོག །དམ་ཆོས་རིན་ཆེན་མི་ཟད་འབྱུང་བའི་གནས། །འཕགས་པའི་ཀླུ་དབང་ཚོགས་ཀྱིས་བསྟེན་པ་ལ། །སྲིད་པ་ཀུན་ཏུ་ཉེ་བར་སྐྱབས་སུ་མཆི། །མགོན་པོའི་ཟླ་ཞར་དྲི་མེད་ལེགས་མཐོང་ཞིང༌། །སྲིད་པའི་ཟུག་རྔུ་རྣམ་པར་སེལ་བ་ཡི། །དམ་ཆོས་བདུད་རྩིའི་བསིལ་ཟེར་རབ་འཕྲོ་བ། །རྣ་བའི་སྣོད་དུ་འབབ་པར་མཛད་དུ་གསོལ། །ཀུན་བཟང་རྣམ་འཕྲུལ་མཆོད་རྫས་རྒྱ་མཚོའི་སྤྲིན། །ཀུན་ནས་བཀོད་ལེགས་ཡིད་འོང་བཀྲམ་པ་ཡིས། །ཀུན་དུ་ནམ་མཁའ་ཁྱབ་པར་བློས་སྤྲུལ་ཏེ། །ཀུན་མཁྱེན་འཇམ་དབྱངས་འཁོར་བཅས་རྟག་ཏུ་མཆོད། །ཚུལ་དང་ཚུལ་མིན་བདག་གིས་མ་འཚལ་ཞིང༌། །ལས་དང་ཉོན་མོངས་ཚང་ཚིང་གིས་གཟིངས་པས། །ལུས་དང་ངག་དང་ཡིད་ཀྱིས་བསགས་པའི་སྡིག །རྒྱལ་དང་རྒྱལ་སྲས་རྣམས་ཀྱི་སྤྱན་སྔར་བཤགས། །དུས་གསུམ་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན། །ཁམས་གསུམ་གཏོགས་པའི་སྐྱེ་བོ་མ་ལུས་དང༌། །ལམ་གསུམ་མཐར་ཕྱིན་འཕགས་པའི་ཚོགས་རྣམས་ཀྱི། །སྒོ་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང༌། །སྲིད་པའི་འཁོར་ལོ་རྣམ་པར་གཞིག་པའི་ཕྱིར། །ཐེག་མཆོག་ཆོས་ཀྱི་འཁོར་ལོ་བསྐོར་སླད་དུ། །འཇམ་དབྱངས་རྒྱལ་བའི་འཁོར་གྱིས་ཡོངས་བསྐོར་བའི། །དཀྱིལ་འཁོར་ཀུན་ཏུ་བཞུགས་ཏེ་བསྐུལ་བར་བགྱི། །ཉིད་ཀྱི་ངེས་པའི་སྐུ་ནི་རྟག་བཞུགས་ཀྱང༌། །མ་ངེས་གདུལ་བྱ་བསོད་ནམས་མི་ལྡན་པས། །ངེས་པའི་དབྱིངས་སུ་ཞི་བར་མཐོང་རྣམས་ལ། །ངེས་པར་རྟག་ཏུ་ཁྱོད་སྐུ་སྣང་བར་མཛོད། །འགྲོ་ཀུན་རྣམ་གྲོལ་མཆོག་ལ་དགོད་བྱའི་ཕྱིར། །བློ་མཆོག་འཇམ་མགོན་རྗེས་སུ་བདག་ཞུགས་ནས། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱི་ཞིང༌། །བྱང་ཆུབ་སྤྱོད་མཆོག་རྒྱ་ཆེན་སྤྱད་པར་བགྱི། །ཡོན་ཏན་རྒྱ་མཚོ་མགོན་པོ་འཇམ་དབྱངས་ལ། །བསྟོད་དབྱངས་རྒྱ་མཚོས་གུས་པས་མཆོད་པ་དང༌། །ཀུན་མཁྱེན་རྒྱ་མཚོའི་སྤྱོད་པ་ལེགས་སྤྱད་པས། །དགེ་བ་རྒྱ་མཚོ་བདག་གིས་གང་བསྐྲུན་དང༌། །དུས་རྣམས་རྒྱ་མཚོར་སྐྱེ་བོ་ཐམས་ཅད་དང༌། །འཕགས་པ་རྒྱ་མཚོའི་ཚོགས་ཀྱིས་ལེགས་བསགས་པའི། །བསོད་ནམས་རྒྱ་མཚོ་ཇི་སྙེད་ཡོད་པ་ཀུན། །ལྷག་བསམ་རྒྱ་མཚོས་གཅིག་ཏུ་བསྡོམས་བྱས་ནས། །སེམས་ཅན་རྒྱ་མཚོའི་ཚོགས་རྣམས་ཇི་སྙེད་ཀྱི། །སྡུག་བསྔལ་རྒྱ་མཚོ་རྣམ་པར་བྱང་གྱུར་ནས། །ཚོགས་གཉིས་རྒྱ་མཚོ་རྫོགས་ནས་རྒྱལ་བ་ཡི། །ཡེ་ཤེས་རྒྱ་མཚོར་མྱུར་དུ་འཇུག་གྱུར་ཅིག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །རིགས་གཟུགས་དཔལ་འབྱོར་དབང་ཕྱུག་ཕུན་ཚོགས་ཤིང༌། །ཚེ་རིང་ནད་མེད་བློ་གྲོས་མཆོག་གྱུར་ནས། །སངས་རྒྱས་ཀུན་གྱི་བསྟན་པ་འཛིན་གྱུར་ཅིག །བདུད་ཀྱི་སྟོབས་དང་མུ་སྟེགས་གཞུང་ལུགས་དང༌། །ཆོས་ལྟར་བཅོས་པའི་མུན་སྤྲུལ་ཐམས་ཅད་དང༌། །གཞན་ཡང་འགྲོ་བའི་ཉེ་བར་འཚེ་བ་ཀུན། །བདག་གི་སྟོབས་ཀྱིས་རྩད་ནས་འཇོམས་གྱུར་ཅིག །སྐྱེ་དགུ་རྣམས་ཀྱི་སྲིད་པའི་བདེ་ལེགས་དང༌། །རྣམ་པར་གྲོལ་བའི་དཔལ་འབྱོར་གང་ཡིན་པ། །དེ་ཀུན་འབད་པ་མེད་པར་བདག་ལས་ནི། །རང་དབང་ཉིད་དུ་ཅི་བདེར་འབྱུང་གྱུར་ཅིག །འཇམ་པའི་དཔལ་གྱི་རྣམ་འཕྲུལ་ཇི་སྙེད་པ། །དེ་སྙེད་སྐད་ཅིག་རེ་ལའང་བདག་གིས་ནི། །བ་སྤུའི་བུ་ག་རེ་རེར་སྤྲུལ་ནས་ཀྱང༌། །ནམ་མཁའི་མཐས་གཏུགས་འགྲོ་བའི་དོན་བྱེད་ཤོག །གནས་སྐབས་སུ་ཡང་བསྟན་ལ་གང་དགའ་ཞིང༌། །སེམས་ཅན་རྣམས་ལ་བྱམས་པའི་བློ་དང་ལྡན། །དེ་འདྲའི་མི་དབང་རྟག་ཏུ་ཞབས་བརྟན་ཞིང༌། །དེ་ཡི་བསམ་པ་ཆོས་བཞིན་འགྲུབ་པར་ཤོག །འགྲོ་ཀུན་ཕན་ཚུན་བརྩེ་བའི་ཡིད་ལྡན་ཞིང༌། །ཆོས་དང་ཟང་ཟིང་དཔལ་འབྱོར་ཕུན་སུམ་ཚོགས། །ཨེ་མ་ངོ་མཚར་ཞེས་བརྗོད་གད་མོའི་སྒྲས། །རྒྱལ་སྲས་རྣམས་ཀྱི་བསམ་པ་ཚིམ་གྱུར་ཅིག །དེ་ལྟར་བརྗོད་འདི་གང་གི་མཐུས་བྱུང་བ། །ཤེས་བྱ་ཀུན་མཁྱེན་དམིགས་མེད་ཐུགས་རྗེ་ཅན། །ཆོས་ཀྱི་རྒྱལ་པོ་དཔལ་ལྡན་བཟང་པོའི་ཞབས། །འདྲེན་མཆོག་དེ་ལ་སླར་ཡང་ཕྱག་འཚལ་ལོ། །བློ་གྲོས་རྒྱ་མཚོའི་གླིང་ལས་ལེགས་འཁྲུངས་པའི། །སྙན་པའི་འོད་འཕྲོ་ཚིག་གི་ནོར་བུའི་ཚོགས། །ངག་གི་སྲད་བུས་ཚར་དུ་དངར་བྱས་ནས། །འཇམ་དབྱངས་ཆོས་ཀྱི་རྒྱལ་པོ་ལེགས་མཆོད་དོ། །བསྟོད་ཚིག་འདི་ནི་ནོར་བུའི་ཕྲེང་བ་ཡིན། །འདི་ཡིས་གང་གི་མགྲིན་པར་བརྒྱན་པ་དེའི། །སེམས་ལ་འཇམ་པའི་རྡོ་རྗེ་རྗེས་ཞུགས་ནས། །བསྙེངས་བྲལ་བློ་གྲོས་མཆོག་དང་ལྡན་པར་འགྱུར། །ཚུལ་འདི་ནི་ཤེས་བྱའི་དཀྱིལ་འཁོར་མ་ལུས་པའི་དེ་ཁོ་ན་ཉིད་སྟོན་པ་ལ། བསྙེངས་པ་མི་མངའ་བའི་མཁྱེན་རབ་ཅན། འགྲོ་བ་ཐམས་ཅད་ལ་བུ་གཅིག་པ་ལྟར་རབ་ཏུ་བརྩེ་བའི་ཐུགས་རྗེ་མངའ་བ་སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་བདག་ཉིད་ཆེན་པོ། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་ཞབས་ཀྱི་རྡུལ་གྱིས་སྤྱི་གཙུག་བརྒྱན་ཅིང་ལེགས་པར་བཤད་པ་རིན་པོ་ཆེའི་ཚོགས་ཀྱིས་བློ་གྲོས་ཀྱི་ལུས་རྣམ་པར་བརྒྱན་པ། འཕགས་པའི་མིང་དང་ལྡན་པས་རི་བོ་རྩེ་ལྔ་དེ་ཉིད་དུ་མེ་མོ་སྦྲུལ་གྱི་ལོ་ཟླ་བ་བདུན་པའི་ཚེས་ཉི་ཤུ་གཅིག་ལ་རྫོགས་པར་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*