དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ།

༼བ༽

༄༅། །དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ་བཞུགས།།

༄༅། །བསྲུང་བ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་བསྟོད་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རང་བཞིན་དག་པ་ཉིད་ལས་བྱུང༌། །རྡོ་རྗེ་སེམས་དཔའི་བདག་ཉིད་མཆོག །དུང་དང་ཀུནྡའི་མདོག་དང་མཚུངས། །སོ་སོར་འབྲང་མར་ཕྱག་འཚལ་བསྟོད། །ཁ་དོག་ནག་མོ་མི་བཟད་འཇིགས། །རྔམ་ཞིང་ཞལ་འགྱུར་ཁྲོ་བག་ཅན། །གདུལ་དཀའི་འབྱུང་པོ་ཡང་དག་འདུལ། །རྡོ་རྗེ་ཁྲོ་མོར་ཕྱག་འཚལ་བསྟོད། །ལྷ་མོ་ཡེ་ཤེས་ལས་བྱུང་ཆེ། །གསེར་གྱི་འོད་ལྟར་རབ་འབར་བའི། །རྨ་བྱ་ཆེ་ལ་རབ་དད་པས། །རིག་པའི་རྒྱལ་མོར་ཕྱག་འཚལ་བསྟོད། །པདྨ་ཁ་བྱེའི་ཞལ་མངའ་མ། །ཞལ་མཛེས་མ་ལ་སྤྱན་ཡངས་ཤིང༌། །པདྨ་རཱ་ག་ལྟར་དམར་བའི། །འགོ་བའི་མར་གྱུར་ཕྱག་འཚལ་བསྟོད། །མཐིང་ཁ་མཛེས་པའི་འོད་དང་མཚུངས། །འདོད་པའི་འདོད་ཆགས་ཀྱིས་སྒེག་མ། །དུག་རྣམས་འཇོམས་པར་བྱེད་པ་མོ། །སྐུ་མཛེས་མ་ལ་ཕྱག་འཚལ་བསྟོད། །ཕྱོགས་སྐྱོང་རྣམས་ལ་བསྟོད་པ་ནི། །གཟི་བརྗིད་ལྡན་ཞིང་དཔལ་དང་ལྡན། །སྡེ་ཆེན་སྟོབས་ཀྱང་ཆེ་བ་སྟེ། །ཀུན་ནས་རང་ཕྱོགས་ལེགས་སྐྱོང་བའི། །ཕྱོགས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །གླང་ཆེན་ས་སྲུང་བུ་ལ་ནི། །རོལ་པས་བཞུགས་པའི་གསེར་མདོག་ཅན། །རྡོ་རྗེ་འཆང་བ་ལྷ་ཡི་རྗེ། །བརྒྱ་བྱིན་ལ་ཡང་ཕྱག་འཚལ་ལོ། །རྣམ་པར་བསྒྱིངས་པའི་མ་ཧེ་ལ། །མཉམ་པར་གནས་པ་ཨཉྫའི་མདོག །བེ་ཅོན་འཆང་བ་མ་མོའི་རྗེ། །གཤིན་རྗེ་ལ་ཡང་ཕྱག་འཚལ་ལོ། །ཆུ་སྲིན་ལ་གནས་ཆུ་ཤེལ་མདོག །ནོར་བུ་དང་བཅས་གདེངས་ཀས་བརྒྱན། །སྦྲུལ་ཞགས་འཛིན་པ་ཀླུ་ཡི་རྗེ། །ཆུ་ཡི་ལྷ་ལ་ཕྱག་འཚལ་ལོ། །རྟ་མཆོག་ཞོན་པ་གསེར་མདོག་ཅན། །ནོར་བུས་མཚན་པའི་དབྱུག་ཏོ་དང༌། །ནེའུ་ལེ་འཛིན་པ་གནོད་སྦྱིན་རྗེ། །ལུས་ངན་པོ་ལ་ཕྱག་འཚལ་ལོ། །ཁྱུ་མཆོག་ལ་གནས་འཇིགས་ཆེན་པོ། །ཕྱུགས་བདག་ཆེན་པོ་ཀུནྡའི་མདོག །རྩེ་གསུམ་འཆང་བ་འབྱུང་པོའི་རྗེ། །དབང་ལྡན་ལ་ཡང་ཕྱག་འཚལ་ལོ། །ར་སྐྱེས་ཞོན་ཅིང་ཆེས་དམར་བ། །མཆོག་སྦྱིན་དབྱུ་གུ་བགྲང་ཕྲེང་དང༌། །གུནྡེ་འཛིན་པ་དྲང་སྲོང་རྗེ། །མེ་ཡི་ལྷ་ལ་ཕྱག་འཚལ་ལོ། །གད་རྒྱངས་སྒྲོགས་པའི་རོ་ལངས་ལ། །བརྟན་པར་གནས་པ་ཆར་སྤྲིན་མདོག །རལ་གྲི་འཆང་བ་སྲིན་པོའི་རྗེ། །བདེན་བྲལ་ལ་ཡང་ཕྱག་འཚལ་ལོ། །ཤིན་ཏུ་རྩེན་པའི་རི་དྭགས་ཀྱི། །བཞོན་པ་ལ་གནས་མརྒད་མདོག །བ་དན་འཛིན་པ་རིག་འཛིན་རྗེ། །རླུང་གི་ལྷ་ལ་ཕྱག་འཚལ་ལོ། །ངང་པའི་རྒྱལ་པོ་ལ་གནས་པ། །གསེར་མདོག་གདོང་བཞི་པདྨ་དང༌། །བགྲང་ཕྲེང་གུནྡེ་གླེགས་བམ་འཛིན། །སྐྱེ་དགུའི་མེས་པོ་ལ་ཕྱག་འཚལ། །ཕག་ལ་ཞོན་ཅིང་བརྟན་པར་གནས། །ཤིན་ཏུ་འབར་བའི་གསེར་མདོག་ཅན། །བདུད་རྩིས་གང་བའི་བུམ་པ་འཛིན། །སྐྱེ་དགུའི་མ་ལ་ཕྱག་འཚལ་ལོ། །དེ་ནས་གཟའ་དང་རྒྱུ་སྐར་རྣམས་ལ་བསྟོད་པ་ནི། རྒྱུ་སྐར་ཁྲོད་ན་ལེགས་རྒྱུ་ཞིང༌། །སྐྱེ་དགུ་འགྲིབ་དང་འཕེལ་བ་དང༌། །བདེ་སྡུག་ལེགས་ཉེས་སྟོན་མཛད་པའི། །གཟའ་ཆེན་རྣམས་ལ་ཕྱག་འཚལ་ལོ། །ལི་ཁྲིའི་མདོག་མཚུངས་རབ་མཛེས་ཤིང༌། །ཤིང་རྟའི་དཀྱིལ་ན་ཉི་དཀྱིལ་བཞུགས། །པདྨ་དམར་པོའི་སྡོང་བུ་འཛིན། །གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ། །ཀུནྡ་ལྟར་དཀར་ཟླ་བ་ནི། །བསིལ་ཟེར་བྱེད་པའི་དབུས་ན་བཞུགས། །ཀུ་མུ་ཏ་ཡི་སྡོང་བུ་འཛིན། །ཞི་མཛད་དེ་ལ་ཕྱག་འཚལ་ལོ། །མིག་དམར་པདྨ་རཱ་གའི་མདོག །ར་སྐྱེས་ཞོན་ཞིང་ཁྲོ་ཚུལ་ཅན། །གྲི་གུག་དང་ནི་མི་མགོ་འཛིན། །མཐུ་ཆེན་དེ་ལ་ཕྱག་འཚལ་ལོ། །གཟའ་ལྷག་མརྒད་ལྟར་ལྗང་ཞིང༌། །པདྨ་ལ་གནས་ཞི་བའི་སྐུ། །མཛེས་ཤིང་རབ་སྒེག་མདའ་གཞུ་འཛིན། །བདེ་མཛད་དེ་ལ་ཕྱག་འཚལ་ལོ། །དྲང་སྲོང་ཕུར་བུ་གསེར་མདོག་ཅན། །གླང་ཆེན་སྟེང་ན་རོལ་པས་བཞུགས། །བགྲང་ཕྲེང་རིལ་བ་སྤྱི་བླུགས་འཛིན། །ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །པ་སངས་གངས་རིའི་མདོག་མཚུངས་པ། །པདྨ་ལ་གནས་བཞད་པའི་ཞལ། །ཤེལ་ཕྲེང་དང་ནི་རིལ་བ་འཛིན། །ཕན་མཛད་དེ་ལ་ཕྱག་འཚལ་ལོ། །སྤན་པ་མིག་སྨན་ལྟར་གནག་ཅིང༌། །ལྟོ་འཕྱེ་ལ་ཞོན་འཇིགས་པའི་གཟུགས། །ཕྲེང་བ་དང་ནི་དབྱུ་གུ་འཛིན། །མཐུ་ཆེན་དེ་ལ་ཕྱག་འཚལ་ལོ། །ལྷ་མིན་དབང་པོ་སྒྲ་གཅན་ནི། །སྐུ་མདོག་དམར་ནག་འཇིགས་ཆེན་པོ། །ཕྱག་གཉིས་ཉི་མ་ཟླ་བ་འཛིན། །སྟོབས་ཆེན་དེ་ལ་ཕྱག་འཚལ་ལོ། །ཏོག་ནི་བྲག་རིའི་གདན་ལ་བཞུགས། །ཁ་དོག་སྐྱ་བསངས་དྲག་པོའི་གཟུགས། །སྦྲུལ་ཞགས་དང་ནི་རལ་གྲི་འཛིན། །གཏུམ་ཆེན་དེ་ལ་ཕྱག་འཚལ་ལོ། །སྔོན་གྱི་ལེགས་སྤྱད་ལས་གྲུབ་ཅིང༌། །མཐུ་དང་རྫུ་འཕྲུལ་མཐའ་ཡས་པ། །རང་རང་ཕྱོགས་དང་དུས་སྐྱོང་བའི། །རྒྱུ་སྐར་རྣམས་ལ་ཕྱག་འཚལ་ལོ། །གང་དག་ཤར་གྱི་ཕྱོགས་གནས་པའི། །སྨིན་དྲུག་དང་ནི་སྣར་མ་དང༌། །མགོ་ལག་ནམ་སོ་རྒྱལ་སྐག་ལ། །མཆོད་ཅིང་བསྟོད་དེ་ཕྱག་འཚལ་ལོ། །ལྷོ་ཡི་ཕྱོགས་ན་འཁོད་པ་ཡི། །མཆུ་དང་གྲེ་དབོ་མེ་བཞི་དང༌། །ནག་པ་ས་རི་ས་ག་ལ། །མཆོད་ཅིང་བསྟོད་དེ་ཕྱག་འཚལ་ལོ། །གང་དག་ནུབ་ཀྱི་ཕྱོགས་གནས་པའི། །ལྷ་མཚམས་སྣྲོན་སྣྲུབས་ཆུ་སྟོད་དང༌། །ཆུ་སྨད་བྱི་བཞིན་གྲོ་བཞིན་ལ། །མཆོད་ཅིང་བསྟོད་དེ་ཕྱག་འཚལ་ལོ། །བྱང་ཕྱོགས་གནས་པའི་མོན་གྲེ་དང༌། །མོན་གྲུ་ཁྲུམས་སྟོད་ཁྲུམས་སྨད་དང༌། །ནམ་གྲུ་ཐ་སྐར་བྲ་ཉེ་ལ། །མཆོད་ཅིང་བསྟོད་དེ་ཕྱག་འཚལ་ལོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་ལ་བསྟོད་པ་ནི། རྒྱལ་པོ་ཆེན་པོ་གྲགས་དང་ལྡན། །ཕྱོགས་བཞི་སྐྱོང་ཞིང་དགྲ་རྣམས་འཇོམས། །སྡེ་དང་རྫུ་འཕྲུལ་སྟོབས་ཆེ་བའི། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ། །རྒྱལ་པོ་ཆེན་པོ་དཔལ་ལྡན་པ། །མརྒད་མདོག་མཚུངས་པི་ཝང་འཛིན། །དྲི་ཟ་རྣམས་ལ་དབང་མཛད་པ། །ཡུལ་འཁོར་སྲུང་ལ་ཕྱག་འཚལ་ལོ། །དཔའ་བོ་ཆེན་པོ་སྟོབས་པོ་ཆེ། །ཁ་དོག་སྔོན་པོ་རལ་གྲི་འཛིན། །གྲུལ་བུམ་རྣམས་ལ་དབང་སྒྱུར་བ། །འཕགས་སྐྱེས་པོ་ལ་ཕྱག་འཚལ་ལོ། །མངའ་བདག་ཆེན་པོ་མཐུ་བོ་ཆེ། །ཁ་དོག་དམར་སེར་སྦྲུལ་ཞགས་འཛིན། །ཀླུ་ཡི་ཚོགས་ལ་མངའ་མཛད་པ། །མིག་མི་བཟང་ལ་ཕྱག་འཚལ་ལོ། །སྡེ་དཔོན་ཆེན་པོ་གསེར་མདོག་ཅན། །བེ་ཅོན་དང་ནི་ནེའུ་ལེ་འཛིན། །གནོད་སྦྱིན་རྣམས་ལ་དབང་སྒྱུར་བ། །རྣམ་ཐོས་སྲས་ལ་ཕྱག་འཚལ་ལོ།།  །།ལྷ་མོ་ལྔའི་བསྟོད་པ་ནི། སློབ་དཔོན་ཤཱནྟི་པས་མཛད་པའི་བསྲུང་བའི་ཆོ་ག་ན་བཞུགས་ལ། ལྷག་མ་ནི་འཕགས་པས་སྦྱར་བའོ། །འཇིག་རྟེན་པའི་བསྟོད་པ་དང་བཅས་པ་སྟེ་བཞི་པའོ།།  །།ཨོཾ་ཀཱརྟི་ཀཱ། རོ་ཧི་ཎི། མྲྀ་ག་ཤི་རཿ ཨརྡར། པུ་ནརྦ་སུ། པུ་ཥྱ། ཨཤླེ་ཥཱ། མགྷཱ། པཱུརྦ་ཕལྒུ་ཎི། ཨུཏྟ་ར་ཕལྒུ་ཎི། ཧསྟཱ། ཙི་ཏྲཱ། སྭ་སྟི། བི་ཤཱ་ཁཱ། ཨ་ནུ་རཱ་དྷ། ཛྱེ་ཥྛ་མཱུ་ལ་པཱུརྦ་ཥ་ཌྷ། ཨུཏྟ་ར་ཥ་ཌྷ། ཤྲ་བ་ཎཱ། ཨ་བྷི་ཛི་ཏ། དྷ་ནིཥྛཿ ཤ་ཏཱ་བྷཱི་ཥ། པཱུརྦ་བྷ་དྲ་པ་དཱ། ཨུརྟ་ར་བྷ་དྲ་བ་དཱ། རེ་ཝ་ཏཱི། ཨ་སྭི་ནི། བྷ་ར་ཎཱི། མིང་གི་ཚིག་འདི་དག་གི་ཐོག་མར་ཨོཾ་དང༌། མཐར་སྭཱ་ཧཱ་སྦྱར་བས། སྔགས་ཀྱི་ཚིག་ཏུ་འགྱུར་རོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*