བསྲུང་བ་ལྔའི་དབང་ཆོག་གི་སྡོམ་རིང་ཐུང༌།

༼བ༽

༄༅། །བསྲུང་བ་ལྔའི་དབང་ཆོག་གི་སྡོམ་རིང་ཐུང་བཞུགས།།

༄༅། །རིགས་ཀྱི་ཁྲོ་བོའི་ང་རྒྱལ་གྱིས། །སྔོན་འགྲོ་སྦྱངས་ནས་མཚམས་གཅོད་བྱ། །གནས་དང་མཆོད་པ་བྱིན་ཕབ་ནས། །བདག་བསྐྱེད་མཆོད་ནས་བཟླས་པ་བྱ། །བུམ་པ་གསལ་གདབ་མཆོད་ནས་བཟླ། །དཀྱིལ་འཁོར་བསྒྲུབས་ནས་བྱིན་གྱིས་བརླབ། །མཆོད་བསྟོད་གཏོར་མ་རྣམ་བདུན་གཏང༌། །གཙོ་མོའི་བུམ་སྟེང་མཆོད་རྟེན་ནི། །མིང་བྱང་བཅས་ལ་ཀུནྡ་དང༌། །དཱུར་བ་སྔགས་དང་བཅས་པས་མཆོད། །ཕྱོགས་བཞིའི་གཏོར་མ་ཕྱོགས་ནས་གཏང༌། །སོ་སོའི་གཏོར་བཅས་ལྷ་གཞན་ལ། །གསོལ་བ་བཏབ་ནས་སླར་ཡང་མཆོད། །བྱུར་བསལ་དུག་དབྱུང་རྣམ་གཉིས་བྱ། །རྒྱལ་བར་བྱེད་པས་བསླངས་ནས་ནི། །གོས་གསར་རྒྱན་གྱིས་བརྒྱན་བྱས་ནས། །དབང་བསྐུར་དོན་དུ་གསོལ་བ་གདབ། །སྤྱི་བོར་བུམ་བཞག་སོར་འབྲང་གི །གཟུངས་རིང་གཉིས་དང་སྔགས་གཞན་གྱིས། །དབང་བསྐུར་ནས་ནི་སྔགས་ཀྱིས་བསྲུང༌། །སྲུང་འཁོར་བཏགས་ཤིང་རྡོ་རྗེས་བསྲུང༌། །བདེན་པའི་སྟོབས་ཀྱིས་བསྲུང་བྱས་ནས། །སྨན་ནམ་ཟས་ལ་བདེན་པའི་སྟོབས། །བརྗོད་ནས་མངའ་དབུལ་ཤིས་པ་བརྗོད། །ཡོན་བླང་མཆོད་བསྟོད་གཤེགས་སུ་གསོལ། །དམ་པས་བསྐུལ་ནས་འཕགས་པས་སྦྱར།།  ༄༅། །རྗེ་བཙུན་མ་རིག་པའི་རྒྱལ་མོ་ལྔ་ལ་ཕྱག་འཚལ་ལོ། །དེ་ནས་རིག་སྔགས་འཆང་བ་རྣམས་ལ་ཕན་གདགས་པའི་ཕྱིར། འདིའི་ཆོ་གའི་རིམ་པ་བརྗོད་པར་བྱ་སྟེ། དཀྱིལ་འཁོར་དང་བུམ་པ་དང༌། ཡོ་བྱད་ཐམས་ཅད་ཉེ་བར་བཤམས་ནས། རང་ཉིད་འཇིག་རྟེན་གསུམ་རྒྱལ་གྱི་རྣལ་འབྱོར་དང་ལྡན་པས། རོལ་མོའི་སྒྲ་དང་བཅས་པས། གནས་དང་ཡོ་བྱད་བྱིན་ཕབ་ལ། འབྱུང་པོའི་ཚོགས་ཐམས་ཅད་ལ་སྔོན་དུ་འགྲོ་བའི་གཏོར་མ་བྱིན་ལ། མཚམས་གཅད་པར་བྱའོ། །དེ་ནས་དཀྱིལ་འཁོར་ཡོངས་སུ་རྫོགས་པའམ། གཙོ་མོ་འབའ་ཞིག་གི་བདག་བསྐྱེད་བསྒོམས་ནས་མཆོད་ལ་དེའི་སྔགས་བཟླའོ། །དེ་ནས་བུམ་པ་ལྔ་ཡོད་ན། དབུས་ཀྱི་ནི་ཤར་དུ་བཞག་ལ། གཞན་རྣམས་ནི་ཕྱོགས་ཕྱོགས་ན་བཀོད་ནས། ཡངས་ཤིང་རྒྱ་ཆེ་བའི་རིན་པོ་ཆེའི་བུམ་པ་བསྐྱེད་པའི་ནང་དུ་སྒྲུབ་པའི་ཐབས་ལས་འབྱུང་བ་བཞིན་ལྷ་མོ་ལྔ་བསྐྱེད་པར་བྱ་སྟེ། གཙོ་མོའི་འཁོར་དུ་འཇིག་རྟེན་སྐྱོང་བ་དང༌། གཟའ་དང་རྒྱུ་སྐར་དང༌། རྒྱལ་པོ་བཞི་བསྒོམ་པར་བྱའོ། །དེ་དག་ལ་སོ་སོའི་ཡེ་ཤེས་པ་བསྟིམས་ནས། དབང་བསྐུར་ལ་ལྷ་མོ་ལྔའི་རིགས་བདག་ནི་སྒྲུབ་ཐབས་བཞིན་ནོ། །འཇིག་རྟེན་པ་རྣམས་ལ་ནི་གཙོ་མོ་ཉིད་ཀྱིས་དབུར་བརྒྱན་པར་བསྒོམ་མོ། །དེ་དག་ལ་མཆོད་ཅིང་བསྟོད་ནས། སོ་སོའི་བཟླས་པ་ཅི་ནུས་བྱས་པའི་མཐར་མཆོད་ཅིང་བསྟོད་ལ། ཡེ་ཤེས་པ་གཤེགས་སུ་གསོལ་ནས། དུང་ཆོས་ཀྱི་ཆུ་བླུགས་པའི་རྐྱེན་གྱིས། དམ་ཚིག་པ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུར་བལྟའོ། །དེ་ནས་སྟ་གོན་གྱི་སྐབས་སུ་མེ་ཏོག་ཚོམ་བུའི་དཀྱིལ་འཁོར་དང༌། དངོས་གཞིའི་ཚེ་རྡུལ་ཚོན་གྱི་དཀྱིལ་འཁོར་བསང་ཞིང་སྦྱངས་པས་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ་སོ་སོའི་སྔགས་བདུན་བདུན་བརྗོད་ལ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་མཆོད་ཡོན་ནས་གོས་ཟུང་གི་བར་དུ་ཕྱིའི་མཆོད་པ་དང༌། སྒེག་མོ་ལ་སོགས་པ་དང༌། རིན་ཆེན་སྣ་བདུན་དང༌། འདོད་ཡོན་ལྔ་སྟེ་ཡིད་ལས་བྱུང་བས་མཆོད་ནས་བསྟོད་ལ། སྟ་གོན་གྱི་ཚེ། ཆེ་གེ་ཞེས་བྱ་བའི་བཅོམ་ལྡན་འདས་ནས། རིག་པའི་རྒྱལ་མོར་ཕྱག་འཚལ་བསྟོད། །ཅེས་པ་ལ་སོགས་པས་མཁྱེན་པར་གསོལ་ནས་གནང་བ་བྱིན་པར་བསམ་མོ། །དེ་ནས་གཏོར་མ་རྣམས་ཕུལ་ནས། བཀྲ་ཤིས་དང་བདེན་པའི་སྟོབས་རྣམས་བརྗོད་ནས། སླར་ཡང་མཆོད་ཅིང་བསྟོད་ནས། ཡེ་ཤེས་པ་ནམ་མཁའ་ལ་བཏེག་ནས་དམ་ཚིག་པ་རང་ལ་བསྡུའོ། །དངོས་གཞིའི་དུས་ལ་བབ་པའི་ཚེ། མཆོད་བསྟོད་ཀྱི་བར་སྔ་མ་ལྟར་བྱས་ལ། གཏོར་མ་དང་པོ་ནི་རང་རང་གི་སྔགས་སྔོན་དུ་འགྲོ་བའི་ཨ་ཀཱ་རོས་ལྷ་མོ་ལྔ་ལ་དབུལ་ལོ། །གཉིས་པ་ཆོས་སྐྱོང་དང༌། གསུམ་པ་ཆ་གསུམ་ནས་འབྱུང་བ་ལྟར་ཕྱོགས་སྐྱོང་རྣམས་ལ་དབུལ་ལོ། །དེ་ནས་གཙོ་མོའི་བུམ་པའི་སྟེང་དུ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་བཞུགས་པ་ལ། བསྒྲུབ་བྱའི་མིང་བྱང་བཏགས་ནས། མཆོད་རྟེན་བཅོམ་ལྡན་འདས་མའི་དབུ་ཐོག་གི་མཆོད་རྟེན་དུ་དམིགས་ཤིང༌། བུམ་པའི་ནང་དུ་ལྷ་མོ་གཞན་དང༌། འཁོར་ཐམས་ཅད་ཚང་བར་དམིགས་ལ། མེ་ཏོག་དཀར་པོའམ། ལེགས་པར་བཀྲུས་པའི་འབྲས་དཀར་པོ་བསངས་ཤིང་སྦྱངས་བ། ཀུྃ་ལས་བྱུང་བའི་ཀུནྡའི་ཕུང་པོ་ནད་དང་བར་ཆད་མ་ལུས་པར་སེལ་བའི་ནུས་པ་དང་ལྡན་པར་བསྐྱེད་པ། ལྷ་རྣམས་ཀྱི་གཙུག་ཏོར་ལ་ཕུལ་བས། ཡོན་གྱི་བདག་པོའི་སྡིག་པ་དང་བར་དུ་གཅོད་པ་ཐམས་ཅད་བསལ་བར་བསམ་ཞིང༌། སོ་སོའི་སྔགས་ཀྱི་མཐར། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་དང་ནད་དང༌། བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་རེ་རེ་ལའང་བརྒྱ་རྩ་བརྒྱད་ལ་སོགས་པ་དབུལ་ལོ། །དེ་ནས་དཱུར་བའི་མྱུ་གུ་མ་ཉམས་པ་བསངས་ཤིང་སྦྱངས་པ། དཱུྃ་ལས་བྱུང་བའི་དཱུར་བ་གཞོན་ནུ་ཚེ་དང་བསོད་ནམས་འཕེལ་བའི་ནུས་པ་དང་ལྡན་པར་བསྐྱེད་དེ། སྔ་མ་ལྟར་ཕུལ་བས། ཡོན་གྱི་བདག་པོའི་ཚེ་དང་བསོད་ནམས་སྤེལ་བར་བསམ་ཞིང༌། སོ་སོའི་སྔགས་ཀྱི་མཐར། ཆེ་གེ་མོའི་ཚེ་དང་བསོད་ནམས་དང་དཔལ་དང་འབྱོར་པ་ཐམས་ཅད་པུཥྚཱིཾ་ཀུ་རུ་ཨོཾ་ཞེས་རེ་རེ་ལའང་བརྒྱ་རྩ་བརྒྱད་ལ་སོགས་པས་དབུལ་ལོ། །དེ་ནས་ཤར་ནས་བརྩམས་ཏེ། ཕྱོགས་བཞིར་གཏོར་མ་ཕྱོགས་བཞི་དང༌། དབུས་ཀྱི་གཏོར་མ་ཤར་ནས་བཏང་ཞིང༌། དེ་དག་གི་ཚེ་ཡོན་གྱི་བདག་པོས་སྤོས་དང་བཅས་པས་གསོལ་བ་གདབ་བོ། །དེ་དག་གི་མཐར་རོལ་མོའི་སྒྲ་བྱའོ། །དེ་ནས་གཟའ་དང་སྐར་མ་རྣམས་ལ་གཏོར་མ་ཕུལ་ལ། གསོལ་བ་གདབ་བོ། །གསང་སྔགས་རྗེས་སུ་འཛིན་པའི་གཏོར་མ་བདུན་རིམ་གྱིས་ཕུལ་ནས། གྲལ་ལ་བཤམས་པའི་གཏོར་མ་བཞི་པ་ཆ་གསུམ་གྱི་ཆོ་གས། འབྱུང་པོའི་ཚོགས་དང༌། ལྔ་པ་ཀླུ་རྣམས་དང༌། དྲུག་པ་གཞིའི་བདག་པོ་དང༌། བདུན་པ་ཆ་གསུམ་གྱི་ཆོ་གས་བགེགས་རྣམས་ལ་བསྔོས་ལ་དེ་ཉིད་དུ་གཏང་ངོ༌། །དེ་ནས་ཡང་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མཆོད་བསྟོད་བསྡུས་པ་བྱས་ལ། དཀྱིལ་འཁོར་གྱི་ཤར་དུ་ཡོན་གྱི་བདག་པོ་བཞག་ལ། བྱུར་བསལ་བ་དང་དུག་བསལ་བ་རིགས་གཉིས་བྱས་ནས། སློབ་དཔོན་གྱིས་རྡོ་རྗེ་བཟུང་བའི་རྩེ་མོ་བསྒྲུབ་བྱའི་ལག་པ་གཉིས་ཀྱིས་བཟུང་ལ་རྒྱལ་བར་བྱེད་པའི་ཚིག་བརྗོད་ཅིང༌། ཛ་ཡ་ཛ་ཡ་ཞེས་བརྗོད་པའི་ཚེ། རོལ་མོའི་སྒྲ་དང་བཅས་པས་བསླངས་ལ་ཁྲི་སྟན་གསར་པའི་སྟེང་དུ་བཞག་གོ །དེ་ནས་ཡོན་གྱི་བདག་པོས་མཎྜལ་དང་མེ་ཏོག་ཕུལ་ལ། སློབ་དཔོན་དང་དཀྱིལ་འཁོར་ལ་དབང་བསྐུར་བའི་དོན་དུ་གསོལ་བ་བཏབ་ནས། གཙོ་མོའི་བུམ་པར་ཆུ་རྣམས་བསྡུས་ལ་སྤྱི་བོར་བཞག་པའི་ནང་དུ་གསལ་བར་དམིགས་ནས། དེ་དག་གི་སྐུའི་ཆ་ནས་བདུད་རྩིའི་རྒྱུན་བབས་ནས། བུམ་པ་གང་བར་བསམ་ཞིང༌། སྒྲུབ་པའི་གྲོགས་དང་བཅས་པས་བསྲུང་བའི་གཟུངས་སྔ་མ་དང་ཕྱི་མ་གཉིས་སྐད་གདངས་མཐོན་པོས་ལན་གསུམ་བཀླག་པར་བྱའོ། །དེ་དག་གི་ཚེ་ཡོན་གྱི་བདག་པོའི་མིང་སྤེལ་བ་ནི་ཤིན་ཏུ་གལ་ཆེ་བ་ཉིད་དོ། །དེ་ནས་སྤྱི་བོར་རྡོ་རྗེ་བཞག་ལ་སོ་སོའི་སྔགས་ཀྱི་མཐར་ཆེ་གེ་མོ་ལ་རཀྵ་རཀྵ་རཀྵྃ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས་བསྲུང༌། དེ་ནས་གྲོགས་དང་བཅས་པས་མགྲིན་གཅིག་ཏུ་བདེན་པ་དང་བདེན་པའི་ཚིག་གང་གིས་ཞེས་པ་ལ་སོགས་པ་བདེན་པའི་ཚིག་ལན་གསུམ་དང༌། འཇིག་རྟེན་འདིའམ་ཡང་དག་འདས་པ་དང་ཞེས་བྱ་བ་ལ་སོགས་པའི་བཀྲ་ཤིས་ཀྱི་ཚིག་རྣམས་བརྗོད་ནས། སླར་ཡང་མཆོད་ཅིང་བསྟོད་ལ། ཡེ་ཤེས་པ་གཤེགས་སུ་གསོལ་ནས། དམ་ཚིག་པ་དེ་ཉིད་དུ་བཞུགས་པར་བསམ་མོ། །དེ་ལྟ་བུ་ཉི་མ་གསུམ་མམ་ལྔའམ་བདུན་ལ་སོགས་པ་བྱས་པའི་མཐར་རྒྱ་ཆེར་མཆོད་ཅིང་བསྟོད་ནས། འདོད་པའི་དོན་གསོལ་བ་བཏབ་ལ། སྨོན་ལམ་རྣམ་པར་དག་པ་བཏབ་ནས་བཟོད་པར་གསོལ་ཏེ། ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུའོ། །དེ་ནས་ལས་ཀྱི་རྗེས་བསྡུས་ལ། ཡོན་གྱི་བདག་པོས་སློབ་དཔོན་ལ་ཡོན་རྒྱ་ཆེར་དབུལ་ཞིང་དགའ་སྟོན་རྒྱ་ཆེར་བྱའོ། །འདི་མ་གཏོགས་པ་ཁམས་གསུམ་ན། །བསྲུང་བའི་རིག་སྔགས་གཞན་མེད་ཅེས། །དེ་བཞིན་གཤེགས་པ་ཉིད་ཀྱིས་ནི། །ངེས་པར་གསུངས་པ་དེ་བཞིན་དུ། །འདི་མ་གཏོགས་པ་འཛམ་གླིང་ན། །ཆོ་ག་རྣམ་པར་སྦྱར་བ་མེད། །དེ་འདྲ་གཞུང་གི་དགོངས་དོན་དང༌། །དཔལ་ལྡན་ས་སྐྱར་རིམ་བྱོན་པའི། །བླ་མའི་མན་ངག་ལས་རྟོགས་ནས། །རྟོགས་པ་ཇི་བཞིན་རྣམ་པར་བཀོད། །འདི་ལས་རྣམ་པར་ཕྱེ་བ་ཡི། །ཆོ་ག་ཞིབ་མོ་གཞན་ཡོད་མོད། །ཆོ་གའི་གཙོ་བོར་གྱུར་པའི་ཕྱིར། །འདི་ཙམ་ཞིག་ནི་བྲིས་པ་ཡིན། །དེ་ལས་དགེ་བ་གང་བསྐྲུན་པ། །དེ་ཡིས་བདག་དང་འགྲོ་ཀུན་གྱིས། །དེ་བཞིན་གཤེགས་པའི་དཔལ་ཡོན་ཀུན། །དེ་བཞིན་གཤེགས་བཞིན་ཐོབ་པར་ཤོག །མདོ་སྡེ་རིན་པོ་ཆེ་ལྔ་དང༌། །དཔལ་ས་སྐྱའི་བླ་མ་དམ་པ་རྣམས་ཀྱི་མན་ངག་ལ་བརྟེན་ནས། རིག་སྔགས་འཆང་བ་དགེ་སློང་འཕགས་པ་ཞེས་བྱ་བས། དོན་དུ་གཉེར་བའི་རང་གི་སློབ་མ་མང་པོ་གསོལ་བ་བཏབ་པའི་ངོར། ཤིང་མོ་ཕག་གི་ལོ་གདུ་བུའི་ཟླ་བའི་ཚེས་ཉི་ཤུའི་ཉིན་པར། ལྡན་ཀློང་ཐང་འཇིག་རྟེན་སྒྲོན་མའི་གཙུག་ལག་ཁང་དུ་སྦྱར་བའོ། །ཡི་གེ་པ་ནི་ཨ་ཙ་རའོ།།  །།ཆོ་ག་འདི་རྣམས་ཀྱི་ཡི་གེ་གང་རུང་རུང་ལ་མ་སྦྱིན་ཞེས་བཀའ་རྒྱ་མཛད་ཅིང༌། ཞུ་བ་ཡང་ལན་མང་དུ་མ་བྱས་པར་མི་གནང་བར་སྣང་ངོ༌། །དེ་ནས་དོན་དུ་གཉེར་བའི་རང་གི་གྲུབ་མཐའ་འཛིན་པ་ལ་སྦྱིན་པར་བྱའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*