འོད་ཟེར་ཅན་གྱི་སྒྲུབ་ཐབས་བསྟོད་པ་དང་བཅས་པ།

༼བ༽

༄༅། །འོད་ཟེར་ཅན་གྱི་སྒྲུབ་ཐབས་བསྟོད་པ་དང་བཅས་པ་བཞུགས།།

༄༅། །ལྷ་མོ་འོད་ཟེར་ཅན་སྒྲུབ་པའི་ཐབས། རྗེ་བཙུན་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཕྲིན་ལས་འོད་ཀྱིས་གདུལ་བྱ་ཡི། །དཔལ་ཡོན་མེ་ཏོག་རྒྱས་མཛད་པ། །འོད་ཟེར་ཅན་ལ་ཕྱག་འཚལ་ནས། །དེ་ཡི་སྒྲུབ་ཐབས་བཤད་པར་བྱ། །དེ་ལ་ལྷ་མོ་འོད་ཟེར་ཅན་བསྒྲུབ་པར་འདོད་པའི་གང་ཟག་གིས་ཁྲུས་དང་གཙང་སྦྲ་སྔོན་དུ་འགྲོ་བས། སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་འདུག་ལ། བླ་མ་དང་དཀོན་མཆོག་གསུམ་ལ་ལན་གསུམ་དུ་སྐྱབས་སུ་སོང་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་པའི་བྱམས་པ་དང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་པའི་སྙིང་རྗེ་དང༌། བདེ་བ་དང་མི་འབྲལ་བར་གྱུར་ཅིག་སྙམ་པའི་དགའ་བ་དང༌། ཆགས་པ་དང་སྡང་བ་མེད་ཅིང་འཇིག་རྟེན་གྱི་ཆོས་བརྒྱད་མགོ་སྙོམས་པའི་བཏང་སྙོམས་ཏེ་ཚད་མེད་པ་བཞི་བསྒོམ་མོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེ་ཡི་ཆེད་དུ་རྗེ་བཙུན་མ་འོད་ཟེར་ཅན་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷ་སྶརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ྅་ཧྃ། ཞེས་བརྗོད་པས། བདག་དང་སྣང་བ་ཐམས་ཅད་མི་དམིགས་པའི་སྟོང་པར་བསམ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཆེན་པོའི་བུམ་པའི་ནང་དུ། པྃ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་དཀར་པོ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཚུར་འདུས་ནས་ཡོངས་སུ་གྱུར་པ་ལས། རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། རལ་པའི་ཐོར་ཚུགས་ཅན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་ཤིང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་པའི་ན་བཟས་ཀླུབས་པར་བསམས་པའི་ཐུགས་ཀར་རང་གི་ཤེས་པ་མྃ་ལས་མྱ་ངན་མེད་པའི་ཤིང་མྃ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་སླར་འདུས་ནས་ཡོངས་སུ་གྱུར་པ་ལས་རང་ཉིད་འོད་ཟེར་ཅན་མ་ཕག་བདུན་གྱིས་དྲངས་པའི་གསེར་གྱི་ཤིང་རྟའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་ཞབས་གཡས་ཅུང་ཟད་བརྐྱང་བའི་ཚུལ་གྱིས་བཞུགས་པ། སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་པས་མཆོག་སྦྱིན་དང༌། གཡོན་པས་མྱ་ངན་མེད་པའི་ཤིང་ཐུགས་ཀར་འཛིན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང༌། དར་སྣ་ཚོགས་པའི་ན་བཟའ་ཅན། ཤིན་ཏུ་མཛེས་པ། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བར་བསམས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། སྙིང་གི་ནང་དུ་མྃ་སེར་པོ་བསམ། དེ་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་འོད་ཟེར་ཅན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། ཨོཾ་མཱ་རཱི་ཙྱཻ་སརྦ་བུདྡྷ་བོ་དྷི་ས་ཏྭཱ་ཡ། ཨརྒྷྃ་པྲ་ཏཱིཙྪ་སྭཱ་ཧཱ་ལ་སོགས་པས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་མཱ་རཱི་ཙྱེ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿཞེས་རང་ལ་གཉིས་སུ་མེད་པར་བསྟིམ། ཡང་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་རིགས་ལྔ་སྤྱན་དྲངས་སྔ་མ་བཞིན་མཆོད་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥཻ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར་བས་དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ། དེ་ལ་སེམས་གཏད་དེ་ཡིད་མཉམ་པར་གཞག སྔགས་བཟླ་བར་འདོད་ན་སྙིང་གི་ནང་གི་མྃ་གྱི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་རྒྱུད་བསྐུལ་ནས་བྱིན་གྱིས་རློབ་པར་བསམ་ཞིང༌། ཨོཾ་མཱ་རཱི་ཙྱཻ་མྃ་སྭཱ་ཧཱ། ཞེས་ཡང་སྙིང་ཅི་ནུས་པ་བཟླའོ། །གྲངས་ཀྱི་བསྙེན་པ་ནི་འབུམ་ཕྲག་བདུན་ཅུ་སྟེ། དེ་སྙེད་བཟླས་ན་ལས་རྣམས་འགྲུབ་པར་འགྱུར་བ་ཉིད་དོ། །གཞན་ཡང་ཏདྱ་ཐཱ། ཨོཾ་པ་ར་པྲ་མ་སི་ལ་སོགས་པ་རྩ་བའི་སྔགས་དང༌། ཏདྱ་ཐཱ། ཨོཾ་བ་ཏ་ལི་ལ་སོགས་པའི་སྙིང་པོའི་སྔགས་དང༌། ཏདྱ་ཐཱ། ཨོཾ་ཨཱ་ལོ་ཏཱ་ལོ་ལ་སོགས་པའི་ལས་ཀྱི་སྔགས་རྣམས་གང་མོས་པ་ལ་ཅི་ནུས་པ་བཟླ་པར་བྱའོ། །བཟླས་པ་ཚར་བ་དང་རང་ལ་བསྟིམ་པའི་ཡེ་ཤེས་པ་ཕྱུང་ནས་མདུན་གྱི་ནམ་མཁར་དམིགས་པ་ལ་མཆོད་པས་མཆོད་ནས་བཟོད་པར་གསོལ་ཏེ། ཨོཾ་བཛྲ་མུཿས་གཤེགས་སུ་གསོལ་ལ། རང་དམ་ཚིག་པའི་ང་རྒྱལ་གྱིས་སྤྱད་དོ། །འདིའི་མདོ་འདོན་པར་འདོད་ན། ཐོག་མར་ཉི་མ་དང་ཟླ་བ་གང་ཤར་བའི་ཕྱོགས་སུ་ཕྱོགས་ཏེ། དེར་འོད་ཟེར་ཅན་མ་མངོན་སུམ་ལྟར་དམིགས་པ་ལ་མཆོད་ཅིང་བསྟོད་ནས་གསོལ་གདབ་པའི་ཕྱིར་གཟུངས་བཏོན་པས་བཅོམ་ལྡན་འདས་མའི་ཕྱག་གཡས་པ་བརྐྱང་པ། བདག་གི་སྤྱི་བོར་བཞག་སྟེ་བར་དུ་གཅོད་པ་ཐམས་ཅད་བསལ་ནས་བྱིན་གྱིས་རློབ་པར་བསམ་ཞིང༌། འདིའི་མདོ་ཇི་ཙམ་ནུས་པ་གདོན་པར་བྱའོ། །མཐར་ཡང་མཆོད་ཅིང་བསྟོད་ནས། དགེ་བའི་རྩ་བ་རྫོགས་པའི་སངས་རྒྱས་སུ་བསྔོའོ། །གཏོར་མ་གཏོང་བར་འདོད་པས། དཀར་གཏོར་བཤམས་པ་སྦྱངས་ལ། ཨོཾ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ལས་ཁ་དོག་དང་དྲི་དང་རོ་དང་ནུས་པ་ཕུན་སུམ་ཚོགས་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསྐྱེད་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ཕྱག་རྒྱས། གཏོར་མ་ཕུལ་བ་གསོལ་ནས་བྱིན་གྱིས་བརླབ་པར་བསམ་ཞིང༌། ཏདྱ་ཐཱ། ཨོཾ་བ་ཏ་ལི་བ་ད་ལི་བ་ར་ལི་བ་ར་ཧ་མུ་ཁི་སརྦ་དུཥྚཱཾ་པྲ་དུཥྚཱ་ནཱཾ་ཙཀྵུ་རྨུ་ཁཾ་བནྡྷ་བནྡྷ་ཛམྦྷ་ཡ། སྟམྦྷ་ཡ། མོ་ཧ་ཡ། ཨི་དཾ་བ་ལིངྒྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་སྭཱ་ཧཱ། ཞེས་ལན་བདུན་གྱིས་ཕུལ་ནས། ཨརྒྷཾ་ལ་སོགས་པས་མཆོད་ལ། གང་གིས་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང༌། །འཇིགས་པ་ཀུན་ལས་རབ་ཏུ་སྐྱོབ་བྱེད་ཅིང༌། །དྲི་མེད་བདེ་ཅན་ཉེ་བར་སྩོལ་མཛད་པ། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཕག་བདུན་གྱིས་དྲངས་རིན་ཆེན་ཤིང་རྟའི་ཁྲིར། །པདྨ་ཟླ་བའི་གདན་ལ་བདེར་བཞུགས་ཤིང༌། །ཞལ་གཅིག་ཕྱག་གཉིས་གསེར་བཟང་མདོག་མཚུངས་པ། །བཅོམ་ལྡན་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཕྱག་གཡས་གདུལ་བྱ་རྣམས་ལ་མཆོག་སྩོལ་ཞིང༌། །གཡོན་པས་མྱ་ངན་མེད་པའི་ཤིང་འཛིན་པ། །སྣ་ཚོགས་རྒྱན་གྱིས་བརྒྱན་ཞིང་དགྱེས་དགུར་སྤྱོད། །བཅོམ་ལྡན་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུ་ཡིས། །རྣམ་པར་བརྒྱན་པས་ཆོས་ཚུལ་ཀུན་སྒྲོགས་ཤིང༌། །སྔགས་ཚུལ་དུ་མས་དངོས་གྲུབ་ཀུན་སྩོལ་བ། །ཆོས་སྔགས་ཡི་གེར་འཕྲུལ་ལ་ཕྱག་འཚལ་ལོ། །གདོད་ནས་རྣམ་དག་སྤྲོས་པ་ཉེར་ཞི་ཡང༌། །མཁྱེན་དང་བརྩེ་བས་ཀུན་ནས་རབ་རྩེན་ཞིང༌། །གདུལ་བྱའི་ཡིད་ལ་སྣ་ཚོགས་ཀུན་འཇུག་པའི། །ཡེ་ཤེས་ལྔ་ཡི་ཐུགས་ལ་ཕྱག་འཚལ་ལོ། །བདག་གིས་ཁྱོད་སྐུ་དྲན་ཞིང་སྔགས་བཟླས་ཏེ། །རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་འདེབས་ཀྱིས། །བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། །སྲིད་ཞིའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཞེས་བསྟོད་ཅིང་གསོལ་བ་གདབ་བོ། །དེ་ནས་ཨོཾ་བཛྲ་མུཿཞེས་བརྗོད་པས། བདག་ལ་འདོད་པའི་དོན་ཐམས་ཅད་གནང་ནས་གཤེགས་པར་བསམ་མོ། །ཚུལ་འདི་ལ་རྟག་ཏུ་རྣལ་འབྱོར་དུ་བྱས་ན། གནས་སྐབས་སུ་བར་དུ་གཅོད་པ་ཐམས་ཅད་ཞི་ཞིང་བསམ་པ་ཐམས་ཅད་ཆོས་བཞིན་འགྲུབ་པར་འགྱུར་རོ། །འོད་ཟེར་ཅན་མའི་སྒྲུབ་ཐབས་འདི། །བྱས་པའི་བསོད་ནམས་འོད་ཟེར་གྱིས། །འོད་ཟེར་ཅན་དུ་བདག་གྱུར་ནས། །འགྲོ་བའི་སྣང་བ་བྱེད་པར་ཤོག །འདིའི་བརྒྱུད་པའི་རིམ་པ་ནི། སངས་རྒྱས་ཛེ་ཏཱ་རི་པ། མྱ་ངན་མེད་པའི་དཔལ་རྡོ་རྗེ་གདན་པ། དྷརྨ་ཤྲཱི། བ་རི་ལོ་ཙཱ་བ། ཆོས་རྗེ་ས་སྐྱ་པ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་ཆེན་པོ། ཆོས་ཀྱི་རྗེ་པཎྜི་ཏ། འཕགས་པ་རྣམས་སོ། །མྱ་ངན་མེད་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་འདི་ནི་རང་གི་སློབ་མ་ལོ་ཙཱ་བ་སྃ་གྷ་ཞེས་བྱ་བས་བསྐུལ་བའི་དོན་དུ། འཕགས་པས་ས་མོ་ཡོས་བུའི་ལོ། དབྱར་ཟླ་འབྲིང་པོའི་ཚེས་ཉི་ཤུ་གཅིག་ལ། ཆུ་མིག་དཔལ་གྱི་སྡེ་ཆེན་དུ་སྦྱར་བའི་ཡི་གེ་པ་ནི་ཨ་མ་ལ་ཤྲཱིའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*