རྟ་མགྲིན་ཁྱུང་ཤོག་ཅན་གྱི་སྒྲུབ་ཐབས།

༼ཕ༽

༄༅། །རྟ་མགྲིན་ཁྱུང་གཤོག་ཅན་གྱི་སྒྲུབ་ཐབས་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ཁྱུང་གཤོག་ཅན་བསྒོམ་པར་འདོད་པས། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་སོང་ནས། རྒྱས་པ་ལ་སྤྲོ་ན། ཚོགས་ཀྱི་ཞིང་སྤྱན་དྲང་བ་དང༌། ཡན་ལག་བདུན་པ་དང༌། ཚད་མེད་པ་བཞི་བསྒོམ། བསྡུས་པ་ལ་སྤྲོ་ན། སེམས་བསྐྱེད་པའི་རྗེས་ཐོགས་ཉིད་ལ། ཤཱུ་ནྱ་ཏཱའི་སྔགས་ཀྱིས་སྟོང་པར་བསྒོམ། སྟོང་པའི་ངང་ལས་པྃ་ལས་པདྨ་རྃ་ལས་ཉི་མའི་སྟེང་དུ། རང་གི་སེམས་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་ལས་འོད་འཕྲོས་པས་སེམས་ཅན་གྱི་དོན་བྱས། ཚུར་འདུས་ནས་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་རྟ་མཆོག་སྐུ་མདོག་དམར་པོ། ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དམར། གཡས་དཀར། གཡོན་སྔོ་བའི་དབུ་གསུམ་གྱི་སྟེང་ན་རྒྱ་ཆེར་བཞད་ཅིང་འཚེར་བའི་རྟ་མགོ་ལྗང་ཞུར། རྔོག་མ་དམར་པོ་དང་ལྡན་པ་གསུམ་ཡོད་པ། ཞལ་རེ་རེ་ལ་དམར་ཞིང་འཁྲུག་པའི་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་པ་གསུམ་ན་རྡོ་རྗེ་དང༌། བེ་ཅོན་དང༌། ཞགས་པ། གཡོན་གསུམ་ན་ཁྲག་གིས་གང་བའི་ཐོད་པ་དང༌། རལ་གྲི་དང༌། རབ་ཏུ་གདེངས་པའི་ཕྱག་གི་སོར་མོ་ལྔ་ལས་རིགས་ལྔའི་བྱ་ཁྱུང་འཕྲོ་བ། རྡོ་རྗེའི་གཤོག་པ་ཀུན་ཏུ་གདེངས་པས་ཕྱོགས་ཀྱི་ཁོངས་རྒྱས་པར་ཁྱབ་པ། ཞབས་གཡས་ཅུང་ཟད་བསྐུམ་པས་ཕོ་རྒྱུད་ཀྱི་གདོན་དང་འབྱུང་པོའི་ཚོགས་ཐམས་ཅད་དང༌། གཡོན་བརྐྱང་བས་མོ་རྒྱུད་ཀྱི་ཚོགས་མནན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། རྩ་ཞལ་གྱི་མཚོག་མའི་སྟེང་དུ་འོད་དཔག་ཏུ་མེད་པས་དབུར་བརྒྱན་ཞིང༌། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་དམིགས་པའི་གནས་གསུམ་བྱིན་གྱིས་བརླབས་ནས། རང་གི་སེམས་རྩེ་གཅིག་ཏུ་མཉམ་པར་གཞག་གོ །སྔགས་ཟློ་བར་འདོད་པས་སྙིང་གི་ནང་ཉི་མའི་སྟེང་དུ་ཧྲཱིཿབསམ་པའི་མཐའ་མ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ་དམིགས་ནས། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླས་སོ། །དེ་ནས་ཤས་བརྒྱན་པའི་གཏོར་མ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བདུད་རྩིའི་རྒྱ་མཚོ་ཆེན་པོར་བྱིན་གྱིས་བརླབས་ཏེ། མདུན་དུ་སྤྱན་དྲངས་པའི་བཅོམ་ལྡན་འདས་དཔལ་རྟ་མཆོག་ལ་དབུལ་བར་བསམ་ཞིང༌། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་ཝ་ཧུ་ལུ་ཧུ་ལུ་ཨི་དཾ་བ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ། ཅེས་པའི་སྔགས་ཀྱིས་དབུལ་ཞིང་མཆོད་ལ། འདོད་པའི་དོན་གསོལ་བ་བཏབ་སྟེ། གཤེགས་སུ་གསོལ་ལོ། །རྟ་མགྲིན་ཁྱུང་གཤོག་ཅན་གྱི་སྒྲུབ་པའི་ཐབས། བླ་མའི་གསུང་བཞིན་ཤིང་ཕག་ཁྲ་ཟླའི་ཚེས་ཉི་ཤུའི་ཉིན་པར་འཕགས་པས་ཏྲེའི་ས་ཆར་བཀོད་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*