མི་འཁྲུགས་པའི་སྦྱིན་སྲེག

༼ཕ༽

༄༅། །མི་འཁྲུགས་པའི་སྦྱིན་སྲེག་བཞུགས།། 

༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མཚུངས་མེད་བླ་མ་ཆོས་རྗེ་རིན་ཆེན་དང༌། །མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ནས། །དངོས་གྲུབ་དོན་དུ་སྦྱིན་སྲེག་ཆོ་ག་ཡི། །རིམ་པ་གཞན་གྱི་དོན་དུ་བྲི་བར་བྱ། །མགོན་པོ་མི་འཁྲུགས་པའི་བསྙེན་པ་སྔོན་དུ་སོང་བའི་རྣལ་འབྱོར་པས་སྔགས་ཀྱི་ནུས་པ་དབྱུང་བ་དང༌། སྡིག་པ་སྦྱང་བའི་དོན་དུ་ཞི་བའི་སྦྱིན་སྲེག་བྱེད་པར་འདོད་པས། སའི་ཆོ་ག་སྔོན་དུ་སོང་བའི་གནས་དབེན་པར་གཞན་ལས་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་ཐབ་ཁུང་ཁ་ཁྱེར་རྡོ་རྗེའི་ཕྲེང་བས་བསྐོར་བའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བར་རྡོ་རྗེ་རྩེ་མོ་ལྔ་པ་བྲིའོ། །ཐབ་དེའི་ནང་དུ་བུད་ཤིང་ལེགས་པར་བརྩིགས་ནས། དེའི་གཡས་སུ། ཡམ་ཤིང༌། མར། ཏིལ། ཟས་མཆོག འབྲས། འབྲས་སོ་བ། ནས། གྲོ། སྲན་མ། དཱུར་བ། ཀུ་ཤ་རྣམས་རིམ་པ་བཞིན་བཀོད་པ་ནི་བསྲེག་རྫས་སོ། །གཡོན་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། གཏོར་མ་བཤམས་པ་ནི་མཆོད་རྫས་སོ། །རང་ཉིད་ཤར་དུ་ཕྱོགས་ཏེ་འདུག་པའི་མདུན་དུ་རྡོ་རྗེ་དྲིལ་བུ། དགང་བླུགས། ཀུ་ཤའི་ཆུན་པོ་བརྒྱད། བདུད་རྩི་འཁྱིལ་པས་བསྔགས་པའི་དྲིའི་ཆུ་རྣམས་གཞག་གོ །སྔོན་དུ་བཤམས་པའི་རིམ་པའོ། །དེ་ནས་བདག་གི་རྣལ་འབྱོར་དང༌། བཟླས་པ་དང༌། བདག་བསྐྱེད་ལ་མཆོད་པ་བྱས་ནས། དྲིའི་ཆུས་ཐབ་དང་ཡོ་བྱད་ལ་གཏོར་ཞིང་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསངས། སྭ་བྷཱའི་སྔགས་ཀྱིས་སྟོང་པར་བསམ། སྟོང་པའི་ངང་ལས་ཧཱུྃ་ལས་ཐབ་དང་ཡོ་བྱད་ཇི་ལྟ་བ་བཞིན་བསྐྱེད་ནས། སོ་སོའི་སྔགས་དང་ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ། དེ་ནས་མེ་ཐབ་ལ་བསྐོར་ཞིང་ཤར་ལྷོ་ནས་མེ་སྦར་ལ། ཨོཾ་ཨགྣ་ཡེ་ཛྭ་ལ་རྃ། ཞེས་བརྗོད་དོ། །མེའི་དབུས་སུ། ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་མེ་ལྷ་བསྐྱེད་ལ་རང་བཞིན་དུ་གནས་པ་དགུག་པ་དང་དབང་བསྐུར་བའི་བར་དུ་བྱས་ནས་དེ་ཉིད་མཆོད་པ་དང་གནས་བསྲུང་བའི་དོན་དུ་ཕྱོགས་མཚམས་བརྒྱད་ནས་ཀུ་ཤ་ཕུལ་ལ། མེ་ལྷའི་ལྕེ་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་ཀྱི་སྦུ་གུ་བྱུང་བ་དགང་བླུགས་ཀྱི་རྃ་ལ་ཕོག་ནས་མར་ཁུ་གསོལ་བར་བསམ་ཞིང༌། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པ་དང༌། ཨ་དཱི་པྱའི་སྔགས་ཀྱིས་བྱོན་ཟན་བདུན་ནམ་ཉི་ཤུ་རྩ་གཅིག་དབུལ་ལོ། །དེ་ནས་མཆོད་པ་དང་བསྟོད་པ་བྱས་ནས། རྡོ་རྗེ་གུར་ལས་འབྱུང་བ་བཞིན་སོ་སོའི་སྔགས་སྤེལ་ཚིག་དང་བཅས་པས། བསྲེག་རྫས་རྣམས་ཉི་ཤུ་རྩ་གཅིག་ལ་སོགས་པ་ཕུལ་ནས། མཆོད་པ་དང་བསྟོད་པ་བྱས་ལ། ཨོཾ་ཨགྣ་ཡེ་ཛ་ལ་རྃ། ཞེས་བརྗོད་ལ། མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ། དེ་ནས་འབར་བའི་དབུས་སུ་པྃ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པར་གྱུར་པ་ལས་མི་འཁྲུགས་པ་ཇི་ལྟ་བ་བཞིན་དུ་བསྐྱེད་ལ། གནས་གསུམ་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ནས་ཧཱུྃ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་མགོན་པོ་མི་འཁྲུགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་པར་བསམ་ཞིང༌། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་པ་ལ་སོགས་པས་སྤྱན་དྲངས་ནས། མཆོད་བསྟོད་བྱས་ལ། ལྕགས་ཀྱུ་ལ་སོགས་པས་གཉིས་སུ་མེད་པར་བསྟིམ། སླར་ཡང་དབང་བསྐུར་གྱི་ལྷ་སྤྱན་དྲངས་ལ། མཆོད་ཅིང་གསོལ་བ་བཏབ་པས་དབང་བསྐུར་ནས་རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་བསམ་མོ། །དེ་ལྟར་མེའི་དབུས་ན་མགོན་པོ་མི་འཁྲུགས་པ་བླ་མའི་ཚོགས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་ཡོངས་སུ་གང་བ་བཞུགས་པ་ལ་བྱོན་ཟན་ཕུལ་ནས་མཆོད་པ་རྣམས་ཀྱིས་མཆོད་ལ། བསྟོད་པ་ནི་འདི་སྐད་ཅེས་བརྗོད་པར་བྱའོ། །ནམ་མཁའི་མདངས་ལྟར་ཀུན་ནས་གསལ་བའི་སྐུ། །མཚན་དཔེས་རབ་མཛེས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །རྡོ་རྗེ་དང་བཅས་བདུད་འདུལ་མཉམ་གཞག་མཛད། །མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ལྷ་ཡི་རྔ་བོ་ཆེ་ལྟར་རྣམ་ཀུན་དུ། །རྣམ་པར་རྟོག་མེད་ལེགས་བཤད་སེང་གེའི་སྒྲ། །ཡན་ལག་དྲུག་ཅུས་བརྒྱན་པ་ལེགས་སྒྲོགས་པ། །བཅོམ་ལྡན་མི་འཁྲུགས་གསུངས་ལ་ཕྱག་འཚལ་ལོ། །ཡེ་ཤེས་རྒྱ་མཚོ་ཡོན་ཏན་ནོར་བུས་གཏམས། །ཆོ་འཕྲུལ་རྣམ་པར་འཕྲུལ་པའི་རྦ་རླབས་ཅན། །སྲིད་ཞིའི་རླུང་གིས་རྣམ་པར་མི་གཡོ་བ། །མི་འཁྲུགས་རྒྱལ་པོའི་ཐུགས་ལ་ཕྱག་འཚལ་ལོ། །རྐང་གཉིས་གཙོ་བོ་དགོངས་པར་མཛད་དུ་གསོལ། །བདག་དང་ཁམས་གསུམ་གནས་པའི་སེམས་ཅན་ལ། །སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་ལེགས་གཟིགས་ནས། །བརྩེ་བ་ཆེན་པོའི་ཐུགས་ཀྱི་རྗེས་ཟུང་ལ། །སྔོན་ཆད་བསགས་པའི་སྒྲིབ་པ་གང་མཆིས་པ། །བག་ཆགས་དང་བཅས་རབ་ཏུ་སྦྱང་བ་དང༌། །སྲིད་དང་རྣམ་གྲོལ་བདེ་བ་གང་ལགས་པ། །དངོས་གྲུབ་དེ་དག་བདག་ལ་སྩལ་དུ་གསོལ། །ཞེས་པའོ། །དེ་ནས་གཟུངས་སྔགས་རེ་རེ་སྔོན་དུ་འགྲོ་བའི་སོ་སོའི་སྔགས་སྤེལ་ཚིག་དང་བཅས་པས་བསྲེག་རྫས་རྣམས་བརྒྱ་རྩ་གཅིག་ལ་སོགས་པ་རིམ་པ་བཞིན་ཕུལ་བའི་མཐར་སྡིག་པ་སྦྱང་བ་དང༌། སྔགས་ཀྱི་ནུས་པ་དབྱུང་བའི་དོན་དུ། ཏིལ་མདུན་དུ་བཞག་ནས། སྙིང་གར་ཀྃ་བསམ། དེ་ལ་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བསྡུ། དེ་ནས་ལྟེ་བར་ཧཱུྃ་བསམས་པ་ལས་འོད་འཕྲོས་པས་སྡིག་པ་རྣམས་དེད་པས་སྣ་སྒོ་ནས་ཀཾ་གི་རྣམ་པས་འཐོན་ནས་ཏིལ་ལ་ཐིམ། ནང་གི་སྡིག་པ་རྣམས་དྲུངས་ནས་ཕྱུང་ནས། ཕྱིའི་བསྲེག་རྫས་ལ་ཐིམ་པས་སྡིག་པ་རྣམས་ཀྱི་སྟེང་དུ་ཨའི་ཡི་གེ་ལས་འོད་བྱུང་ནས་བདུད་རྩིར་གྱུར་ནས་དེ་མི་འཁྲུགས་པ་ལ་དབུལ་བར་བསམ་ཞིང༌། ཐོག་མཐར་སྤེལ་ཚིག་དང་བཅས་པའི་གཟུངས་སྟོང་ལ་སོགས་པ་བརྗོད་ཅིང་བསྲེག་རྫས་དབུལ་བའོ། །མན་ངག་འགའ་ཞིག་ལས་ནི་མི་འཁྲུགས་པའི་ཐུགས་ཀར་རྡོ་རྗེ་གནོད་སྦྱིན་བསམས་པའི་ཞལ་དུ་སྡིག་པ་རྭ་ཅན་དང་མི་གཟུགས་རིད་པ་ལ་སོགས་པ་ཉིད་དབུལ་ཞེས་ཀྱང་འབྱུང་བས་ཇི་ལྟར་མོས་པ་བྱའོ། །དེའི་སྐབས་སུ་མེ་གསོ་བའི་དོན་དུ་ཡམ་ཤིང་དང་མར་དབུལ་ལོ། །ཞུ་བའི་རྫས་རྣམས་ཞལ་དུ་སྟེ། །གོང་བུའི་རྫས་རྣམས་ཕྱག་ཏུའོ། །ཡམ་ཤིང་འབར་བའི་འོད་ལ་དབུལ། །ཤིང་དང་མར་གཉིས་འབྲེལ་པ་ཅན། །དེ་ལྟར་བསྲེག་རྫས་རྣམས་ཕུལ་བའི་མཐར། གཟུངས་སྤེལ་ཚིག་དང་བཅས་པ་བརྗོད་ཅིང་མར་གྱིས་དགང་བླུགས་གསུམ་མམ་བདུན་དབུལ། མཆོད་པ་དང་བསྟོད་པ་བྱ། དངོས་གྲུབ་བླང་ངོ༌། །ཐབ་ཀྱི་ནང་ནས་ཐལ་བ་བླངས་ལ་དཔྲལ་བ་མགྲིན་པ་སྙིང་གར་ཐིག་ལེ་བྱས་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པར་བསམ་མོ། །དེ་ནས་བཟོད་པར་གསོལ་ཞིང་ཡི་གེ་བརྒྱ་པ་བརྗོད་ནས་ཡེ་ཤེས་པ་གཤེགས་སུ་གསོལ་ལ། དམ་ཚིག་པ་བདག་ལ་བསྡུའོ། །སླར་ཡང་མེའི་ནང་དུ་མེ་ལྷ་དམིགས་ལ་སྔ་མ་བཞིན་དུ་མཆོད་བསྟོད་བྱ་ཞིང་བསྲེག་རྫས་རྣམས་ཕུལ་ནས། མཆོད་ཅིང་བསྟོད་ལ་གཏོར་མ་ཕུལ་ནས། འདོད་པའི་དོན་གསོལ་བ་བཏབ་ལ། བཟོད་པར་གསོལ་ཏེ་གཤེགས་སུ་གསོལ་ལོ། །དེ་ནས་དགེ་བའི་རྩ་བ་བསྔོ་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱས་ལ་ཐལ་བ་ཆུ་བོ་ཆེན་པོར་དོར་བར་བྱའོ། །ཡང་ཡང་བྱས་ན་སྡིག་པ་དག་པའི་ལྟས་འབྱུང་ངོ༌། །ཞི་བའི་སྦྱིན་སྲེག་ཆོ་གའི་རྣམ་གཞག་གི །རིམ་པ་འདིར་ནི་གསལ་བར་བཀོད་པ་ཡིན། །རྒྱས་པ་ལ་སོགས་ཅི་ལྟར་བྱ་བའི་ཚུལ། །འདི་ལ་བརྟེན་ནས་དཔྱད་དེ་ཤེས་པར་བྱ། །མི་འཁྲུགས་རྒྱལ་པོའི་སྔགས་དང་རྣལ་འབྱོར་གྱིས། །རང་གཞན་སྡིག་པ་སྦྱོང་བྱེད་ཚུལ་འདི་ནི། །ཤེས་རབ་བརྩེགས་དང་བློ་གྲོས་གྲགས་པ་དང༌། །ས་སྐྱར་བཞུགས་པ་རྣམས་ལས་ལེགས་བརྒྱུད་ནས། །ས་གསུམ་གསལ་མཛད་དམིགས་མེད་ཐུགས་རྗེ་ཅན། །མཁྱེན་རབ་མཆོག་གི་ཞལ་སྔས་བདག་ལ་གནང༌། །དེ་ལ་ཡེ་ཤེས་བཟང་པོས་རབ་བསྐུལ་ནས། །ཡི་གེར་བསྡེབས་ལ་ཉེས་པ་གང་མཆིས་པ། །བརྩེ་ལྡན་བླ་མའི་ཚོགས་ལ་བཟོད་པར་གསོལ། །དགེས་དེས་འགྲོ་ཀུན་ཀུན་མཁྱེན་ཐོབ་པར་ཤོག །མི་འཁྲུགས་པའི་སྒྲུབ་པའི་ཐབས་ཀྱི་རིམ་པ་ནི་གཞན་དུ་གསལ་ལ། སྦྱིན་སྲེག་གི་ཆོ་ག་འདི་ནི་འཕགས་པའི་མིང་དང་ལྡན་པས་མེ་སྦྲུལ་ཁྲ་ཟླ་བའི་ཉི་ཤུ་ལྔ་ལ་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*