དཔལ་གཤིན་རྗེ་གཤེད་དམར་པོ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས།

༼ཕ༽

༄༅། །དཔལ་གཤིན་རྗེ་གཤེད་དམར་པོ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་བཞུགས།།

༄༅། །དཔལ་གཤིན་རྗེ་གཤེད་དམར་པོ་ལྷན་ཅིག་སྐྱེས་པའི་སྒྲུབ་པའི་ཐབས། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔལ་གཤིན་རྗེའི་གཤེད་དམར་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང༌། དེ་བསྒོམ་པར་འདོད་པའི་གང་ཟག་གིས་སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་དཔལ་གཤིན་རྗེ་གཤེད་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་བདག་དང་སྣང་བ་ཐམས་ཅད་སྟོང་པར་བསམ། སྟོང་པའི་ངང་ལས་པྃ་ལས་པདྨ། རྃ་ལས་ཉི་མའི་སྟེང་དུ། རང་གི་ཤེས་པ་ཧཱུྃ་དམར་པོ་ལས། རྡོ་རྗེ་སྔོན་པོ་དང༌། མི་མགོ་སེར་པོས་མཚན་པའི་དབྱུག་པ་དཀར་པོ་ཧཱུྃ་གིས་མཚན་པར་གྱུར་པ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག་པས། སེམས་ཅན་ཐམས་ཅད་གཤིན་རྗེ་གཤེད་དམར་པོར་གྱུར། ཚུར་འདུས་ནས་ཡོངས་སུ་གྱུར་པ་ལས། པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། མ་ཧེ་དམར་པོ་དང་ལས་ཀྱི་གཤིན་རྗེ་ཁས་ཕུབ་ཏུ་བསྒྱེལ་བའི་སྟེང་དུ། རང་ཉིད་བཅོམ་ལྡན་འདས་གཤིན་རྗེ་གཤེད་སྐུ་མདོག་དམར་པོ། ཞབས་གཡས་བསྐུམ་པས་མ་ཧེའི་རྭ་བར་དང༌། གཡོན་བརྐྱང་བས་ཚང་རའི་སྟེང་དུ་བརྫིས་པ། ཕྱག་གཡས་པས་རྡོ་རྗེ་དང༌། མི་མགོ་དང་བཅས་པའི་དབྱུག་པ་འཕྱར་ཞིང༌། གཡོན་པས་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང༌། ཀླུ་ཆེན་པོ་བརྒྱད་ཀྱི་རྒྱན་གྱིས་བརྒྱན་པ། དབུ་སྐྲ་སར་པོ་གྱེན་དུ་འབར་ཞིང༌། སྤྱན་གསུམ་དང་ལྡན་པ། མཆེ་བ་གཙིགས་ཤིང་སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། དེའི་པང་ན་ཡུམ་རྡོ་རྗེ་རོ་ལངས་མ་སྐུ་མདོག་དམར་མོ། ཕྱག་གཡས་པས་གྲི་གུག་དང༌། གཡོན་པས་ཁྲག་གིས་གང་བའི་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔ་དང་ལྡན་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་པའི་དབུས་ན་བཞུགས་པར་བསམ་མོ། །གཉིས་ཀའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བསྒོམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དོ། །དེ་ནས་རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། གཤིན་རྗེ་གཤེད་རིགས་ལྔ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོ་དང་ཁྲོ་མོའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། དེ་རྣམས་ལ། ཨོཾ་ཨརྒྷཾ། པཱ་དྱཾ། བཛྲ་པུཥྤེ། བཛྲ་དྷཱུ་པེ། བཛྲ་ཨཱ་ལོ་ཀེ བཛྲ་གནྡྷེ། བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ། ཞེས་པས་མཆོད་ནས། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་དེ་རྣམས་ཀྱིས། ཡེ་ཤེས་ཀྱི་ཆུས་བདག་གི་སྤྱི་བོ་ནས་དབང་བསྐུར་ཞིང༌། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་པས་དབང་གི་ཆུ་རྒྱུན་སྤྱི་བོ་ནས་ཞུགས། རྐང་མཐིལ་ཡན་ཆད་གང༌། དྲི་མ་ཐམས་ཅད་དག དབང་བཞི་ཐོབ། ཆུ་ལྷག་མ་ཡར་ལུད་པས་གཉིས་ཀའི་སྤྱི་བོར་རྡོ་རྗེ་སེམས་དཔས་དབུར་བརྒྱན་ནས། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས། དབང་གི་ལྷ་ཐམས་ཅད་ཡེ་ཤེས་པའི་ཚུལ་གྱིས་རང་ལ་གཉིས་སུ་མེད་པར་བསྟིམ་པ་དང༌། རང་གི་སྙིང་གར་པདྨ་དང་ཉི་མའི་སྟེང་དུ། རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་མཚོན་གང་བ་དང༌། དེའི་ཐུགས་ཀར་ཧཱུྃ་དམར་པོ་ནས་འབྲས་ཙམ་གྱིས་ཏིང་ངེ་འཛིན་སེམས་དཔའ་དམིགས་ནས། ཡུམ་གྱི་བྷ་ག་པདྨ་འདབ་མ་བརྒྱད་པ་དང༌། ཡབ་ཀྱི་གསང་གནས་རྡོ་རྗེ་རྩེ་ལྔ་པར་བསྐྱེད་ནས། སྙོམས་པར་ཞུགས་པས་བྱང་ཆུབ་སེམས་ཀྱི་ཐིག་ལེས་ཡབ་ཡུམ་གཉིས་ཀར་གྱི་སྐུ་ཡོངས་སུ་གང་ནས། རྗེས་སུ་ཆགས་པ་ལས་བྱུང་བའི་ཟག་པ་མེད་པའི་བདེ་བས་གཉིས་ཀ་མཉེས་པར་བྱས། དེའི་སྟོབས་ཀྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གཉིས་སུ་མེད་པའི་བདེ་བས་མཉེས། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི། ཟག་པ་མེད་པའི་བདེ་བ་དང་ལྡན་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དོ། །དེ་ནས་ཐིག་ལེ་རྣམས་བ་སྤུའི་བུ་ག་ནས་འོད་ཟེར་འཕྲོས་པས་རྩེར་མཆོད་པའི་ལྷ་མོ་དཔག་ཏུ་མེད་པར་གནས་པས་བདག་ཉིད་ལ་མཆོད་པར་བསམ་ཞིང༌། ཨོཾ་རཀྟ་ཡ་མཱ་རི་ཨརྒྷཾ་པཱ་དྱཾ། ཞེས་པ་ལ་སོགས་པ་བརྗོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ལ་མཆོད་པའི་ལྷ་མོ་དེ་དག་རང་གི་ཐུགས་ཀར་ཐིམ་པར་བསམ་མོ། །དེ་ནས་ལྷའི་སྐུ་སེམས་དཔའ་སུམ་བརྩེགས་དེ་ཉིད་ལ་དམིགས་ལ་ཡིད་མཉམ་པར་གཞག་གོ །སྔགས་ཟློ་བའི་ཚེ་སྙིང་གའི་ཧཱུྃ་གི་མཐའ་མ་སྔགས་ཀྱི་ཕྲེང་བས་གཡས་སྐོར་དུ་འཁོར་བའི་འོད་ཀྱིས་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས། ཕྱིར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ནས། བདག་གི་རྒྱུད་བྱིན་གྱིས་རློབ་པར་བསམ་ཞིང༌། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་པ་བཟླ་བར་བྱའོ། །སྤྱོད་ལམ་ལ་འཇུག་པའི་ཚེ། བདག་དང་སྣང་བ་ཐམས་ཅད་གཤིན་རྗེ་གཤེད་དུ་བསྒོམས་ནས། ཨོཾ་ཞེས་པ་དང༌། བརྗོད་པ་དང་གྲག་པ་ཐམས་ཅད་སྔགས་སུ་བསྒོམས་ནས། ཨཱཿཞེས་པ་དང༌། སེམས་ཀྱི་རྟོག་པ་ཐམས་ཅད་ཏིང་ངེ་འཛིན་དུ་བསྒོམས་ལ། ཧཱུྃ་ཞེས་པས་དངོས་པོ་ཐམས་ཅད་ལྷའི་ངོ་བོ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟར་དམིགས་ལ། ཕྱིའི་ལྷས་ནང་གི་ལྷ་ལ་མཆོད་པར་བསམ་ཞིང་ཅི་བདེ་བར་ལོངས་སྤྱད་དོ། །གཏོར་མ་གཏོང་བའི་ཚེ། གཏོར་མ་བཤམས་པ་ཨ་མྲི་ཏས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས། ཨཱཿལས་ཐོད་པའི་ནང་དུ། ཨོཾ་ཨཱཿཧཱུྃ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསྐྱེད་ལ། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་རང་གི་བསྒོམས་པ་ལྟ་བུའི་ཡ་མཱནྟ་ཀ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཆོས་སྐྱོང་བ་དང༌། འཇིག་རྟེན་པ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་ལ། དེ་རྣམས་ཀྱིས་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་རཀྟ་ཡ་མཱ་རི་ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ་མ་མ་བིགྷྣཱན། ཧ་ར་ཧ་ར་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་གྱིས་དབུལ། ཨརྒྷཾ་ལ་སོགས་པས་མཆོད་ནས། བདག་གི་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། བསམ་པ་ཐམས་ཅད་ཆོས་བཞིན་དུ་འགྲུབ་པར་མཛད་དུ་གསོལ། །ཞེས་གསོལ་བ་གདབ་བོ། །དེ་ནས། ཨོཾ་བཛྲ་མུཿ ཞེས་བརྗོད་ལ་གཏོར་མའི་མགྲོན་གཤེགས་སུ་གསོལ་ལོ། །ཟས་ཟ་བའི་ཚེ། ཁ་ཟས་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། རང་གཤིན་རྗེ་གཤེད་དུ་གསལ་བར་དམིགས་པའི་ཐུགས་ཀར་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚོགས་དང༌། ལྟོ་བར་ཕྱོགས་སྐྱོང་བ་དང༌། འཇིག་རྟེན་སྐྱོང་བ་དང༌། འབྱུང་པོའི་ཚོགས་ཐམས་ཅད་པ་དམིགས་ལ། དེ་རྣམས་ལ་མཆོད་པའི་བསམ་པས་བཟའོ། །རྗེས་སུ་ཆགས་པའི་རྣལ་འབྱོར་ནི། བསྐྱེད་རིམ་གྱི་བདེ་བ་བསྒོམས་པའི་སྐབས་དང་འདྲའོ། །ཉལ་བའི་ཚེ་སྟོང་པའི་ངང་ལ་ཉལ་ཞིང་ལྡང་བའི་ཚེ། སྐད་ཅིག་གིས་ལྷའི་སྐུར་ལྡང་ངོ༌། །དེ་ལྟར་རྟག་ཏུ་རྣལ་འབྱོར་དུ་བྱེད་པ་ནི་གནས་སྐབས་སུ་བར་དུ་གཅོད་པ་ཐམས་ཅད་ཞི་ཞིང༌། བསམ་པ་ཐམས་ཅད་ཆོས་བཞིན་དུ་གྲུབ་ནས། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་བ་ཉིད་དོ། །རྒྱལ་བུ་ཨ་རོག་ཆེས་བསྐུལ་ནས། །འཕགས་པས་སྒྲུབ་ཐབས་སྦྱར་བ་ཡི། །དགེ་བས་བདག་དང་སེམས་ཅན་ཀུན། །གཤིན་རྗེ་གཤེད་དཔལ་ཉིད་གྱུར་ཅིག །དཔལ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། ཆུ་ཕོ་སྤྲེའུའི་ལོ་ཟླ་བ་དྲུག་པའི་ཚེས་ལྔའི་ཉིན་པར་ཤིང་ཀུན་གྱི་ས་ཆར་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་ར་ཞེས་བྱའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*