འཇིགས་བྱེད་ཕྱག་དྲུག་པའི་སྒྲུབ་ཐབས།

༼ཕ༽

༄༅། །འཇིགས་བྱེད་ཕྱག་དྲུག་པའི་སྒྲུབ་ཐབས་བཞུགས།།

༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ཕྱག་དྲུག་པའི་སྒྲུབ་པའི་ཐབས་ཞེས་བྱ་བ། བླ་མ་དང་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །འདི་བསྒོམ་པར་འདོད་པས་སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་ལན་གསུམ་དུ་སྐྱབས་འགྲོ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་གཤིན་རྗེ་གཤེད་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ། དེ་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷསྶརྦ་དྷརྨཱ་སྶྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་བརྗོད་པས་བདག་དང་སྣང་བ་ཐམས་ཅད་སྟོང་པར་བསམ། སྟོང་པའི་ངང་ལས་པྃ་ལས་པདྨ་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་པས། རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར། བླ་རེ། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་རི་འབར་བར་གྲུབ་པར་བསམས་ལ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་པས་བྱིན་གྱིས་བརླབ། དེའི་ནང་དུ། ཨེ་ལས་ཆོས་ཀྱི་འབྱུང་གནས་མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ཡངས་པའི་ནང་དུ། ཡྃ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ། རྃ་ལས་ཁྲག་ཞག་འཁྲུགས་པའི་རྒྱ་མཚོའི་དབུས་སུ། པྃ་ལས་པདྨ་རྃ་ལས་ཉི་མའི་གདན་ལ་དྷཱིཿལས་འཕགས་པ་འཇམ་དཔལ་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་གཡོན་པུསྟི་འཛིན་པར་བསམ། དེའི་ཐུགས་ཀའི་དྷཱིཿལས་འོད་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་གཤིན་རྗེ་གཤེད་ཀྱི་ཁྲོ་བོ་དཔག་ཏུ་མེད་པ་སྤྱན་དྲངས་པ། འཇམ་དཔལ་ལ་ཐིམ་ཞིང་ཡོངས་སུ་གྱུར་པ་ལས། རྭ་དང་རྨིག་པ་སྔོ་ཞིང༌། མིག་མེ་མདག་གི་ཕུང་པོ་ལྟར་དམར་བའི་མ་ཧེའི་སྟེང་དུ་རང་ཉིད་རྡོ་རྗེ་འཇིགས་བྱེད་ཞབས་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པ་སྐུ་མདོག་མཐིང་ནག ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་མ་ཧེའི་གདོང་པ་ཅན་གཡས་དཀར་གཡོན་དམར་བ། ཞལ་རེ་རེ་ཞིང་སྤྱན་གསུམ་གསུམ་དང་ལྡན་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་འཛིན་ཞིང༌། བར་པ་གཉིས་ཀྱིས་ཌཱ་མ་རུ་དང༌། ཁ་ཊྭཱཾ་ག་དང༌། འོག་མ་གཉིས་ཀྱིས་གླང་པོ་ཆེའི་ཀོ་རློན་བརྒྱངས་ནས་གོས་སུ་གོན་པ། མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་དང༌། རུས་པ་དང༌། རིན་པོ་ཆེ་དང་དུག་སྦྲུལ་གྱིས་བརྒྱན་ཞིང༌། ལིངྒ་དམར་པོ་གྱེན་དུ་རྒྱས་པ། གཅེར་བུ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམ་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་བསམས་ནས། སྙིང་གི་ནང་གི་ཧཱུྃ་ལས་འོད་འཕྲོས་པས་གཤིན་རྗེ་གཤེད་རིགས་ལྔ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཞེས་ཀུན་ལ་སྦྱར་ལ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱས་ཞབས་བསིལ། བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག བཛྲ་དྷཱུ་པེ་ཨཱཿཧཱུྃ་གིས་བདུག་སྤོས། བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ། བཛྲ་གནྡྷེ་ཨཱཿཧཱུྃ་གིས་དྲི། བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ་གིས་ཞལ་ཟས། བཛྲ་ཤཔྟ་ཨཱཿཧཱུྃ་གིས་རོལ་མོ་རྣམས་ཕུལ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱིས། ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང༌། བུམ་པའི་ཆུས་དབང་བསྐུར་བས་ལུས་ཐམས་ཅད་གང༌། སྡིག་པ་དང༌། དྲི་མ་ཐམས་ཅད་དག དབང་བཞི་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན་པར་བསམ། དེ་ནས་ཛཿཧཱུྃ་བཾ་ཧོཿཞེས་བརྗོད་པས། དབང་གི་ལྷ་རྣམས་ཡེ་ཤེས་པའི་ཚུལ་གྱིས་བདག་ལ་བསྟིམ་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་བདག་ཡིན་སྙམ་དུ་བསྒོམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད། ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་ཡིད་གཏད་ལ་སེམས་མཉམ་པར་གཞག་གོ །དེ་ནས་སྙིང་གི་ནང་གི་ཧཱུྃ་གི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཀྱིས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྒྱུད་བསྐུལ་བས་བདག་བྱིན་གྱིས་བརླབས་ནས། སྡིག་པ་དང་སྒྲིབ་པ་ཐམས་ཅད་དག ཚེ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྤེལ་བར་བསམ་ཞིང༌། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། ཅེས་ཅི་ནུས་པས་བཟླའོ། །དེ་ནས་གཏོར་མ་བཤམས་པ་ཧྲཱིཿཥྚྲཱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨཱཿལས་ཐོད་པའི་ནང་དུ། ཨོཾ་ཨཱཿཧཱུྃ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་བསམས་ལ། སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། རང་འདྲ་བའི་གཤིན་རྗེ་གཤེད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། ལས་ཀྱི་གཤིན་རྗེ་ལ་སོགས་པ་ཕྱོགས་སྐྱོང་བ་རྣམས་ཀྱིས་བསྐོར་བ་སྤྱན་དྲངས་པ་ལ་གཏོར་མ་ཕུལ་བས་གསོལ་བར་བསམ་ཞིང༌། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་སརྦ་བིགྷྣཱན་ཤ་ཏྲཱུཾ་མཱ་ར་ཡ། ཨི་དཾ་བ་ལིཾ་གྲིཧྣཱ་པ་ཡ་གྲིཧྣཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་ལན་གསུམ་མམ་བདུན་གྱིས་དབུལ། ཨརྒྷཾ་ལ་སོགས་པས་མཆོད། གཤིན་རྗེ་གཤེད་པོ་འཁོར་བཅས་ཀུན། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཚེ་རིང་ནད་མེད་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་གདབ། མཐར་གཏོར་མའི་མགྲོན་གཤེགས་སུ་གསོལ། ཟས་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་ནས་རང་ཡ་མཱནྟ་ཀར་དམིགས་པའི་སྙིང་གར། བླ་མ་དཀོན་མཆོག་དང༌། ལྟེ་བར་འབྱུང་པོའི་ཚོགས་དམིགས་ལ་མཆོད་པའི་བསམ་པས་བཟའ། སྤྱོད་ལམ་གྱི་ཚེ། བདག་དང་སྣང་བ་ཐམས་ཅད་ལྷ། བརྗོད་པ་དང་གྲག་པ་ཐམས་ཅད་སྔགས། སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་ཡེ་ཤེས་ཀྱི་ཆོ་འཕྲུལ་དང༌། ཐམས་ཅད་ཀྱང་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པས་ཀུན་ཏུ་སྤྱོད་དོ། །ནུབ་མོ་ཉལ་བའི་ཚེ། ཆོས་ཐམས་ཅད་སྟོང་པའི་ངང་ལ་ཉལ་ཞིང༌། ལྡང་བའི་ཚེ་བདག་ཉིད་ཡ་མཱནྟ་ཀ་དང༌། སྣང་བ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོར་ཤེས་པས་ལྡང་ངོ༌། །ཚུལ་འདི་ལྟར་རྟག་ཏུ་བསྒོམས་ན། གནས་སྐབས་སུ་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཞི་ཞིང༌། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་རོ། །དེ་ལྟར་ཡ་མཱནྟ་ཀའི་སྒྲུབ་པའི་ཐབས། །འཕགས་པས་ལུང་དང་མན་ངག་བཞིན་བསྡེབས་ནས། །ཨ་རོག་ཆེ་ལ་ཕུལ་འདི་ཉམས་སུ་བཞེས། །ལྷ་འདི་ཁྱོད་ཀྱི་སྐྱོབ་པ་ཆེན་པོར་འགྱུར། །ལྕགས་མོ་ལུག་གི་ལོ་ཟླ་བ་ལྔ་པའི་ཚེས་ཉི་ཤུ་ལྔ་ལ་ཤིན་ཀུན་གྱི་ས་ཆར་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*