དཔལ་གཤིན་རྗེའི་གཤེད་དགྲ་ནག་པོའི་སྒྲུབ་པའི་ཐབས་བསྡུས་པ།

༼ཕ༽

༄༅། །དཔལ་གཤིན་རྗེའི་གཤེད་དགྲ་ནག་པོའི་སྒྲུབ་པའི་ཐབས་བསྡུས་པ་བཞུགས་སོ།།

༄༅། །དཔལ་གཤིན་རྗེའི་གཤེད་དགྲ་ནག་པོའི་སྒྲུབ་པའི་ཐབས་བསྡུས་པ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འཇམ་དཔལ་ཐུགས་རྗེས་ཁྲོས་པ་གཤིན་རྗེ་གཤེད། །མི་བཟད་ཁྲོ་བོ་རྒྱ་ཆེར་རྣམ་རོལ་བ། །བདུད་དཔུང་འཇོམས་པའི་དཔལ་ལ་ཕྱག་འཚལ་ནས། །དེ་ཡི་སྒྲུབ་པའི་མན་ངག་ཅི་བཞིན་བཤད། །བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང༌། དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས། གཤིན་རྗེའི་གཤེད་དགྲ་ནག་པོ་ཞལ་གསུམ་པའི་གཙོ་བོ་འབའ་ཞིག་གི་སྒྲུབ་པའི་རིམ་པ་ནི། ཆོས་གཉིས་ཀྱིས་རྟོགས་པར་བྱ་སྟེ། བསྙེན་པ་དང༌། མཆོད་པའི་རིམ་པའོ། །དང་པོ་ལ་བཞི། ལྷའི་རྣལ་འབྱོར། སྔགས་ཀྱི་བཟླས་པ། གཏོར་མའི་ཆོ་ག ཡན་ལག་གི་བྱ་བའོ། །དང་པོ་ལ་གཉིས་ལས། སྔོན་འགྲོ་ཚོགས་གཉིས་བསག་པ་ནི། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས། བདག་དང་སེམས་ཅན་ཐམས་ཅད་ཀྱིས་གཤིན་རྗེ་གཤེད་ཀྱི་གོ་འཕང་ཐོབ་པར་བྱ། དེའི་དོན་དུ་དེ་ཉིད་བསྒོམ་སྙམ་པའི་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ། དེ་ནས་སྐད་ཅིག་གིས་རང་གཤིན་རྗེ་གཤེད་དུ་ལྷག་པར་མོས་པའི་སྙིང་གར། པྃ་ལས་པདྨ། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཡ་ཡིག་སྔོན་པོ་བལྟས་ཏེ། དེ་ལས་བྱུང་བའི་འོད་ཟེར་གྱི་སྣང་བས། རང་གི་སྡིག་པ་དང་སྒྲིབ་པ་སྦྱངས་ནས། ཕྱི་རོལ་དུ་འཕྲོས་པས་རང་བཞིན་གྱི་གནས་ནས་ལྷ་དང་བླ་མ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། ན་མོ་གུ་རུ་བྷྱཿ ཞེས་པས་བླ་མ་ལ་ཕྱག་འཚལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ད་བནྡ་ནཾ་ཀ་རོ་མི། ཞེས་བརྗོད་ནས། གཤིན་རྗེ་གཤེད་དང་སངས་རྒྱས་ཐམས་ཅད་ལ་ཕྱག་བྱའོ། །དེ་ནས་རང་གི་སྙིང་ག་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས། མཆོད་རྫས་རྣམས་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར། ཞེས་ཀུན་ལ་སྦྱར་ལ། པྲ་ཝ་ར་སཏྐ་ར་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་ཞབས་བསིལ་དང༌། པྲ་ཝ་ར་སཏྐཱ་ར་ནི་རི་ཨཱཿཧཱུྃ་སྭཱ་ཧཱས་ཞལ་བསིལ་དང༌། པྲ་ཝ་ར་སཏྐཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན་ནོ། །པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་དང༌། བཛྲ་དྷཱུ་པེ་ཧཱུྃ་གིས་སྤོས། བཛྲ་པུཥྤེ་ཏྲཱྃ་གིས་མེ་ཏོག བཛྲ་དཱི་པེ་ཧྲཱིཿས་མར་མེ། བཛྲ་གནྡྷེ་ཨཱཿས་དྲི། བཛྲ་ནཻ་ཝི་དྱེ་ཧཱུྃ་གིས་ཞལ་ཟས། བཛྲ་ཤཔྡ་ཨཱཿས་རོལ་མོ་རྣམས་ཕུལ་ལ། འཁོར་གསུམ་མི་དམིགས་པས་རྒྱས་གདབ་བོ། །དེ་ནས་བརྗོད་པར་འགྱུར་བ་རྣམས་ཀྱི་དོན་དྲན་པར་བྱ་ཞིང༌། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །གཤིན་རྗེ་གཤེད་པོའི་དམ་ཚིག་ཀུན། །མ་ལུས་ཡོངས་སུ་བསྐྱང་བར་བགྱི། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་གསོལ་བ་འདེབས། །དུས་གསུམ་སངས་རྒྱས་སྲས་བཅས་ཀུན། །གཤེགས་ཤིང་གཤེགས་དང་གཤེགས་འགྱུར་བའི། །སྦྱིན་སོགས་ལམ་གྱི་རང་བཞིན་གང༌། །ཅི་ཡོད་སྟོབས་ཀྱིས་བརྟེན་པར་བགྱི། །དགེ་བས་འགྲོ་ཀུན་བདེ་ཆེན་ཉིད། །ཐོབ་པའི་རྗེས་སུ་མཐུན་གྱུར་ཅིག །ཅེས་བྱ་བ་ལན་གསུམ་བརྗོད་དོ། །དེ་ནས་ལྷ་དང་བླ་མས་རིགས་ཀྱི་བུ་ཤིན་ཏུ་ལེགས་སོ་ཞེས་གནང་བ་བྱིན་པར་བསམས་ནས། ཨོཾ་བཛྲ་མུཿཞེས་བརྗོད་ལ་གཤེགས་སུ་གསོལ། དེ་ནས་ཚད་མེད་པ་བཞི་བསྒོམ་པའི་ཕྱིར། རང་གི་སྙིང་ག་ནས་འོད་ཟེར་དཀར་པོ་འཕྲོས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་གང་ནས། སེམས་ཅན་ཐམས་ཅད་བདེ་བ་ལ་བཀོད། ཡང་འོད་ཟེར་སྔོན་པོ་འཕྲོས་པས། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡུག་བསྔལ་དང་བྲལ་བར་བྱས། ཡང་འོད་ཟེར་དམར་པོ་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་བདེ་བ་དང་མི་འབྲལ་བའི་དགའ་བ་ལ་བཀོད། ཡང་འོད་ཟེར་ལྗང་གུ་འཕྲོས། སེམས་ཅན་རྣམས་ལ་ཕོག་པས་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་བཀོད་པར་བསམ་མོ། །བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་ཆོས་ཐམས་ཅད་སྒྱུ་མ་ལྟར་མོས་ལ། ཨོཾ་སྭ་བྷཱ་བ་ཤུདྡྷ་སྶརྦ་དྷརྨཱསྶྭ་བྷཱ་བ་ཤུདྡྷོ྅་ཧཾ། ཞེས་བརྗོད་དོ། །དེ་ནས་སྒྱུ་མ་ཙམ་དུ་ཡང་མི་དམིགས་པའི་སྟོང་པར་མོས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ལ་སྟོང་པར་བསྒོམ་མོ། །ཡེ་ཤེས་ཀྱི་ཚོགས་བསགས་པའོ། །གཉིས་པ་དངོས་གཞིའི་རྣལ་འབྱོར་ལ་གཉིས། རྟེན་བསྐྱེད་པ་དང༌། ལྷ་བསྐྱེད་པའོ། །དང་པོ་ནི། སྟོང་པའི་ངང་ལས། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྭ་ལྔ་ལྔ་དང་ལྡན་པ། ལྟེ་བ་མཐིང་ནག་ལ་ཧཱུྃ་གིས་མཚན་པ་བསམ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར། བླ་རེ། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་སྲུང་བའི་འཁོར་ལོ་བསྒོམ། དེའི་ནང་དུ་དྷཱི་ལས་བྱུང་བའི་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་ཕྱི་དཀར་ནང་དམར་བའི་ནང་དུ། པྃ་ལས་པདྨ། རྃ་ལས་ཉི་མའི་སྟེང་དུ། མྃ་ལས་མ་ཧེ་རབ་ཏུ་ཁྲོས་པ། མདོག་སྔོན་པོ། ཐལ་ཆེན་གྱིས་བྱུགས་པ། རུས་པའི་རྒྱན་གྱིས་བརྒྱན་པ། སྨ་ར་དང་སྨིན་མ་སེར་བ། རྭ་དང་རྨིག་པ་རབ་ཏུ་འབར་བ། མིག་མེ་མདག་གི་ཕུང་པོ་ལྟ་བུ། མགོ་གཡས་སུ་བསྟན་པའི་གདན་བསམ་མོ། །རྟེན་བསྐྱེད་པའོ། །གཉིས་པ་ལྷ་བསྐྱེད་པ་ལ་བདུན་ལས། དམ་ཚིག་པ་བསྐྱེད་པ་ནི། གདན་གྱི་སྟེང་དུ། ཡའི་ཡི་གེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་ལྟེ་བ་ལ་ཡས་མཚན་པ། དེ་ལས་འོད་ཟེར་ཕར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཚུར་འདུས་ནས་འདྲེས་ཏེ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་གཤིན་རྗེ་གཤེད། ཞལ་གསུམ་ཕྱག་དྲུག་པ། སྐུ་མདོག་མཐིང་ནག རྩ་བའི་ཞལ་གནག་པ། གཡས་དཀར་ལ་གཡོན་དམར་བ། ཞལ་རེ་རེ་ཞིང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་ཞིང༌། མཆེ་བ་གཙིགས་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ། སྨ་ར་དང་སྨིན་མ་སེར་བ། གཡས་ཀྱི་དང་པོ་ན་གྲི་གུག གཡོན་གྱི་དང་པོ་ན་ཐོད་པ་ཁྲག་གིས་བཀང་བ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་ན་རྡོ་རྗེ། གསུམ་པ་ན་རལ་གྲི་འབར་བ། གཡོན་གྱི་གཉིས་པ་ན་འཁོར་ལོ། གསུམ་པ་ན་པདྨ་འཛིན་པ། ཞབས་གཡས་བསྐུམ་པས་མ་ཧེའི་རྭ་བར་མནན་ཅིང༌། གཡོན་བརྐྱང་བས་མ་ཧེའི་ཚང་ར་བརྫིས་པ། སྐུ་སྦོམ་ཞིང་ཐུང་བ། གསུས་ཁྱིམ་རབ་ཏུ་ཆེ་བ། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་ལྡན་པ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ་སྟེ། མཐའ་ཡས་སྔོན་པོས་དབུ་སྐྲ་བཅིངས་པ། འཇོག་པོ་དམར་པོའི་རྣ་རྒྱན། རིགས་ལྡན་ཁྲ་བོའི་དཔུང་རྒྱན། དུང་སྐྱོང་སེར་པོའི་གདུབ་བུ། པདྨ་དཀར་པོའི་མགུལ་རྒྱན། ཀརྐོ་ཊ་ལྗང་གུའི་སེ་རལ་ཁ། ནོར་རྒྱས་དཀར་པོའི་སྐ་རགས། པདྨ་ཆེན་པོ་སྔོ་སྐྱས་རྐང་གདུབ་བྱས་པ། ཀླུའི་རྒྱལ་པོ་ཐམས་ཅད་ཀྱང་སྤྱི་བོར་ནོར་བུ་རིན་པོ་ཆེས་བརྒྱན་ཅིང༌། ལྕེ་གཉིས་བརྐྱང་ནས་ཕུད་ཀྱི་སྒྲ་དྲག་ཏུ་སྒྲོགས་པར་བསམ་མོ། །དེའི་པང་ན་རང་སྣང་གི་རིག་མ་རྡོ་རྗེ་ཕག་མོ་སྐུ་མདོག་དང་ཕྱག་མཚན། རྒྱན་དང་ཆ་ལུགས་ཡབ་དང་འདྲ་བས་འཁྱུད་པ། གཉིས་ཀའང་གར་གྱི་ཉམས་དགུ་དང་ལྡན་ཞིང༌། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པར་བསམ་མོ། །དེ་ནས་ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ལ་བྱིན་གྱིས་བརླབ་བོ། །དེའི་ཐུགས་ཀར་པདྨ་དང་ཉི་མའི་སྟེང་དུ། ཡ་ལས་བྱུང་བའི་ཡེ་ཤེས་སེམས་དཔའ་རང་ཅི་འདྲ་བ་མཚོན་གང་བ་ཅིག་བསམ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་སྔོན་པོ་ལྟེ་བ་ལ་ཡས་མཚན་པ་བསམ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་སྣོད་ཐམས་ཅད་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་དང༌། པདྨ་ཉི་མ་དང་མ་ཧེའི་གདན་དུ་གྱུར། ཡང་འོད་འཕྲོས་བཅུད་ཀྱི་སེམས་ཅན་ལ་ཕོག སེམས་ཅན་རྣམས་གཤིན་རྗེ་གཤེད་དུ་གྱུར་ནས་གདན་རྣམས་ཀྱི་སྟེང་དུ་བཞུགས་པར་བསམ་མོ། །འོད་ཟེར་ཚུར་འདུས་ནས་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ་པར་བསྒོམ་མོ། །དམ་ཚིག་པ་བསྐྱེད་པའོ། །དེ་ནས་རང་གི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ་བསམས་ནས། དེ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་རང་བཞིན་དུ་མོས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དོ། །མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རང་བཞིན་དུ་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དོ། །སྙིང་གར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། དེ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་རང་བཞིན་དུ་མོས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དོ། །དེ་ནས་སྐྱེ་མཆེད་བྱིན་གྱིས་བརླབ་པའི་ཕྱིར། མིག་ཏུ་ཀྵེ་གཏི་མུག་གཤིན་རྗེ་གཤེད། རྣ་བར་ཡ་ཞེ་སྡང་གཤིན་རྗེ་གཤེད། སྣར་མ་ཕྲ་མ་གཤིན་རྗེ་གཤེད། ལྕེར་མེ་འདོད་ཆགས་གཤིན་རྗེ་གཤེད། དཔྲལ་བར་འ་ཕྲག་དོག་གཤིན་རྗེ་གཤེད། སྙིང་གར་ཧཱུྃ་རྡོ་རྗེ་སེམས་དཔར་བསམ་སྟེ། ཡི་གེ་དེ་དག་གི་རྣམ་པ་ཉིད་ལྷ་དེ་དག་གི་ངོ་བོ་ཡིན་སྙམ་དུ་བསམ་མོ། །སྐུ་གསུང་ཐུགས་དང་སྐྱེ་མཆེད་བྱིན་གྱིས་བརླབ་པའོ། །དེ་ནས་ཡང་ཏིང་ངེ་འཛིན་སེམས་དཔའ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད། གཤིན་རྗེ་གཤེད་རིགས་ལྔ་དང༌། ཁྲོ་བོ་དང་སེམས་དཔའ་དང༌། རྡོ་རྗེ་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་རྣམ་པར་གྱུར་ནས། མདུན་གྱི་ནམ་མཁའི་གནས་སུ་སྤྱན་དྲངས་ལ། སྔ་མ་ལྟར་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང༌། ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པས་སྤྱི་བོ་ནས་དབང་བསྐུར། ཁྲོ་བོས་བགེགས་བསྐྲད། སེམས་དཔས་བཀྲ་ཤིས་བརྗོད། ལྷ་མོ་རྣམས་ཀྱིས་མཆོད་པར་བསམ། དབང་བསྐུར་བའི་ཆུ་རྒྱུན་དེས་རྐང་མཐིལ་ཡན་ཆད་གང༌། དྲི་མ་ཐམས་ཅད་དག དབང་བཞི་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། དབང་བསྐུར་བའོ། །དེ་ནས་ཡང་དབང་བསྐུར་གྱི་ལྷ་དེ་དག་ཉིད་ཡེ་ཤེས་པར་བལྟས་ལ། སྔ་མ་བཞིན་དུ་མཆོད་ནས། ཏིང་ངེ་འཛིན་སེམས་དཔའ་ལས་འོད་ཟེར་ཐོ་བ་དང༌། དབྱུག་ཏོ་དང༌། པདྨ་དང༌། རལ་གྲིའི་རྣམ་པ་སྤྲོས་ལ། ལྷ་རྣམས་ལ་རེག་པས། རྐྱེན་བྱས་ནས་རང་དང་གཉིས་སུ་མེད་པར་བསྟིམ་པར་བསམ་ཞིང༌། ཨོཾ་བཛྲ་མུཏྐ་ར་ཛཿ ཨོཾ་དཎྜ་ཧཱུྃ། ཨོཾ་པདྨ་བཾ། ཨོཾ་ཁཌྒ་ཧོཿ ཞེས་བརྗོད་དོ། །ཡེ་ཤེས་པ་བསྟིམ་པའོ། །དེ་ནས་བདུད་རྩི་མྱང་བའི་དོན་དུ། དངོས་སུ་ཆང་ལ་བདུད་རྩི་སྦྱར་བ་ཡོད་ན་དེ་ལ་དམིགས་ཤིང༌། མེད་ན་ཡང་བསམས་ལ། གཏོར་མ་བཞིན་བྱིན་གྱིས་བརླབས་ནས། རང་གི་ལྕེ་ལས་འོད་ཀྱི་སྦུ་གུ་བྱུང་བའི་ནང་ནས་དྲངས་ཏེ། མྱངས་པས་ལུས་ཐམས་ཅད་གང་ནས་བདེ་བ་རྒྱས་པར་བསམ་ཞིང༌། དངོས་སུ་ཡོད་ན་ཡང་མྱངས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ལ་བྱིན་གྱིས་བརླབ་བོ། །བདུད་རྩི་མྱང་བའོ། །དེ་ནས་མཆོད་པའི་དོན་དུ་ཡབ་ཡུམ་གཉིས་སྙོམས་པར་ཞུགས་པའི་བདེ་བའི་སྒྲས། སངས་རྒྱས་ཐམས་ཅད་བསྐུལ། ཞལ་དུ་ཞུགས། སྙིང་གར་ཞུ། ཡུམ་གྱི་མཁར་བབས་པས། མཆོད་པའི་ལྷ་མོ་རྣམས་སུ་གྱུར། དེ་རྣམས་སྤྲོས་ནས། དཔག་ཏུ་མེད་པར་གྱུར་པས་བདག་དང་རང་བཞིན་གྱི་ལྷ་དང༌། སྣོད་བཅུད་ཀྱི་ལྷ་རྣམས་མཆོད་པར་བསམ་ཞིང༌། གོང་དུ་བརྗོད་པའི་སྔགས་རྣམས་ཀྱིས་དབུལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་བྱིན་གྱིས་བརླབ་བོ། །མཆོད་པའོ། །དེ་ནས་ལྷ་མོ་དེ་དག་ཉིད་ཀྱིས་བསྟོད་པར་བསམ་ཞིང༌། འདི་སྐད་ཅེས་བརྗོད་དོ། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་རྣམས་ནི་ཀུན་སྡུད་ཅིང༌། །སངས་རྒྱས་ཀུན་གྱི་མཆོག་གི་མཆོག །དཀྱིལ་འཁོར་བདག་པོར་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་བྱིན་གྱིས་བརླབ་བོ། །བསྟོད་པའོ། །དེ་ནས་ལྷའི་རྣམ་པ་དེ་དག་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟར་དམིགས་ལ་ཡིད་མཉམ་པར་གཞག་གོ །ལྷའི་རྣལ་འབྱོར་རོ། །གཉིས་པ་སྔགས་ཀྱི་བཟླས་པ་ནི། རང་གི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའ་ཡི་གེ་ཧཱུྃ་གི་མཐའ་མར། སྔགས་ཀྱི་ཕྲེང་བས་བསྐོར་བ་ལ་དམིགས་ནས་བཟླས་པའི་ཚེ། སྔགས་ལས་སྔགས་ཀྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པས། དེ་བཞིན་གཤེགས་པ་རྣམས་ཀྱི་རྒྱུད་བསྐུལ་ནས། ཡེ་ཤེས་པ་བདག་ལ་བསྟིམ་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་ལས་གཉིས་བྱས། ཚུར་འདུས་ནས་སྔགས་རྣམས་ལ་ཐིམ། དེ་ལྟ་བུའི་སྤྲོ་བསྡུ་ལ་དམིགས་ལ་སྔགས་བཟླའོ། །སྔགས་ཀྱི་ཚིག་ནི་འདི་དག་ཡིན་ཏེ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བའོ། །བསྙེན་པའི་ཚད་ནི་འབུམ་ཕྲག་བཅུ་བཞི་ཡིན་ལ། བྱེ་བ་ཕྲག་ལྔ་བཟླས་ན་དངོས་གྲུབ་རྣམས་འབྱུང་ཞིང༌། ལས་རྣམས་སྒྲུབ་པ་ལ་ཐོགས་པ་མེད་དོ། །ཞེས་གསུངས་སོ། །སྔགས་ཀྱི་བཟླས་པའོ། །གསུམ་པ་གཏོར་མའི་ཆོ་ག་ནི། ཤ་དང་ཁྲག་གིས་བརྒྱན་པའི་གཏོར་མ་ཆང་དང་ཆུས་སྦྱངས་ལ། ཡི་གེ་བཅུ་བཞི་པའི་སྔགས་ཀྱིས་བསངས་ཤིང༌། སྭ་བྷཱ་བས་སྟོང་པར་བསྒོམས་པའི་ངང་ནས། ཀྃ་ལས་མི་མགོའི་སྒྱིད་པུ་གསུམ་གྱི་དབུས་སུ། ཡྃ་ལས་རླུང༌། རྃ་ལས་མེ། སྒྱེད་པུ་གསུམ་གྱི་སྟེང་དུ་ཨཱཿལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ། དེའི་དབུས་སུ་ཡ་ལས་བྱང་ཆུབ་ཀྱི་སེམས། ཤར་དུ་ཀྵེ་ལས་དྲི་ཆེན། ལྷོར་མ་ལས་དྲི་ཆུ། ནུབ་ཏུ་མེ་ལས་ཤ་ཆེན། བྱང་དུ་ད་ལས་རཀྟ། ཡང་དབུས་སུ་མ་ལས་མིའི་ཤ ཤར་ལྷོར་ཧ་ལས་གླང་པོ་ཆེའི་ཤ ལྷོ་ནུབ་ཏུ་ཨ་ལས་རྟའི་ཤ ནུབ་བྱང་དུ་གོ་ལས་བ་ལང་གི་ཤ བྱང་ཤར་དུ་ཀུ་ལས་ཁྱིའི་ཤ དེ་ཐམས་ཅད་ཀྱི་སྟེང་དུ། ཨོཾ་དཀར་པོ་མགོ་ཐུར་དུ་ལྟ་བ། དེའི་སྟེང་དུ་ཟླ་བ་ལ་གནས་པའི་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པ་བསམ། ཧཱུྃ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས། མེ་སྦར། ཤ་ལྔ་བདུད་རྩི་ལྔ་འོད་དུ་ཞུ། རླངས་པ། ཨོཾ་ལ་ཕོགས་པས་བདུད་རྩིའི་རྒྱུན་ཟགས། རྡོ་རྗེ་ལ་ཕོག་པས་ལྟེ་བའི་ཧཱུྃ་ལས་འོད་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་བདུད་རྩི་བཀུག རྡོ་རྗེ་ལ་ཐིམ། རྡོ་རྗེ་ཟླ་བ་ཨོཾ་དང་བཅས་པ་ཐུར་དུ་ལྷུང་བས་རྫས་ཐམས་ཅད་འདྲེས་ཏེ་ཞུ་ནས། ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར་པར་བསྒོམས་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱི་བྱིན་གྱིས་བརླབས་ནས། རང་གི་སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་གཤིན་རྗེ་གཤེད་སྟེང་གི་ཆ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་ཞིང༌། འོག་གི་ཆ་ལ་འཇིག་རྟེན་སྐྱོང་བ་བཅུ་བཞི། འཇིག་རྟེན་པའི་འཁོར་གྱིས་བསྐོར་བ་སྤྱན་དྲངས་པར་བསམ་ཞིང༌། ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་ནས། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱས་ལ། པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་སོ་སོ་ལ་གདན་དབུལ། དེ་ནས་དེ་རྣམས་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་ནས་གཏོར་མ་གསོལ་བ་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་བྷཀྵ་ཡ་བྷཀྵ་ཡ་ཧི་ཧི་ཧི་ཧཱུྃ་ཧཱུྃ་ཧཱུྃ་ཕཻཾ་ཕཻཾ་སྭཱ་ཧཱ། ཞེས་ལན་བདུན་གྱིས་དབུལ། གོང་དུ་བསྟན་པ་བཞིན་མཆོད་པས་མཆོད། གཤིན་རྗེ་གཤེད་པོ་རབ་འཇིགས་པ། །ལ་སོགས་པས་བསྟོད་ནས། གཤིན་རྗེ་གཤེད་པོ་འཁོར་བཅས་ཀུན། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དཀོན་མཆོག་གསུམ་ལ་སྨོད་པ་དང༌། །དམ་པའི་ཆོས་ནི་འཇིག་པ་དང༌། །དགེ་འདུན་འདུ་བའི་སྒོ་འཕྲོག་དང༌། །འགྲོ་ཡོངས་འཚེ་བའི་དགྲ་བགེགས་འདི། །ངན་སོང་གསུམ་དུ་མངོན་པར་འགྲོ། །ཐུགས་རྗེས་བསྒྲལ་བའི་དུས་ལ་བབ། །ནད་དང་གནོད་པ་སྡུག་བསྔལ་ལས། །ཚེ་འདི་ཉིད་ལ་བྲལ་བར་མཛོད། །ཅེས་ཕྲིན་ལས་བཅོལ་བས་ལྷ་རྣམས་ཀྱིས་ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཞེས་གསུང་ཞིང་མཉེས་ནས་དངོས་གྲུབ་སྩལ་བར་བསམ། དེ་ནས་བཟོད་པར་གསོལ་ཏེ། ཨོཾ་ཨཱཿཧཱུྃ་མུཿ ཞེས་བརྗོད་ལ་གཤེགས་སུ་གསོལ་ལོ། །གཏོར་མ་དབེན་པའི་སར་དོར་རོ། །གཏོར་མའི་ཆོ་གའོ། །བཞི་པ་ཡན་ལག་གི་བྱ་བ་ལ་བཞི་ལས། ཉལ་བའི་ཚེ་ཏིང་ངེ་འཛིན་སེམས་དཔའ་ལས་འོད་འཕྲོས་པས། སྣོད་བཅུད་དང་འཁོར་འདས་རྣམས་རང་ལ་བསྡུ། གདན་སྐུ་ལ་བསྡུ། སྐུ་ཡེ་ཤེས་སེམས་དཔའ་ལ་བསྡུ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་བསྡུ། རྡོ་རྗེ་ཡ་ལ་བསྡུ། ཡ་མི་དམིགས་ཏེ་སྟོང་པའི་ངང་ལ་ཉལ་ལོ། །ཉལ་བའི་རྣལ་འབྱོར་རོ། །ནང་པར་ལྡང་བའི་ཚེ། སྟོང་པའི་ངང་ལས་སྐད་ཅིག་གིས་རང་གི་སེམས་ཡའི་ཡི་གེར་གྱུར། དེ་ཞུ་བ་ལས་གཤིན་རྗེ་གཤེད་ཀྱི་སྐུར་གྱུར། དེའི་ཐུགས་ཀ་ནས་འོད་འཕྲོས་པས། འཁོར་འདས་དང་སྣོད་བཅུད་རྣམས་གསལ་བར་བཀོད་ལ་ལྷར་བལྟའོ། །ལྡང་བའི་རྣལ་འབྱོར་རོ། །ཁ་ཟས་ཟ་བའི་ཚེ་ཁ་ཟས་གཏོར་མ་ལྟར་བསངས་ཤིང་སྦྱངས་ལ། སྣོད་ཨཱཿལས་ཐོད་པར་བསྐྱེད་པའི་ནང་དུ། བཅུད་ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩིར་བསྐྱེད་ནས། རང་གི་ལུས་གཤིན་རྗེ་གཤེད་དང༌། སྙིང་གར་འདས་པའི་ལྷ་ཚོགས་དང༌། ལྟོ་བར་འཇིག་རྟེན་པའི་ལྷ་ཚོགས་རྣམས་བསམས་ལ། དེ་རྣམས་མཆོད་པའི་བསམ་པས་བཟའ་བར་བྱའོ། །ལྷག་མ་རྣམས་ལྷག་མ་ལ་དབང་བའི་འབྱུང་པོ་ལ་སྦྱིན་ནོ། །ཁ་ཟས་ཀྱི་རྣལ་འབྱོར་རོ། །དེ་ནས་སྤྱོད་ལམ་སྣ་ཚོགས་ལ་འཇུག་པའི་ཚེ། རང་ལྷའི་སྐུར་གསལ་བར་དམིགས་ལ། དག་པ་དྲན་པར་བྱ་སྟེ། འདི་སྐད་ཅེས། སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །བཅོམ་ལྡན་འཇམ་པའི་དབྱངས་ཉིད་ནི། །ཐུགས་རྗེས་འདུག་པ་འདུལ་བའི་ཕྱིར། །ཁྲོ་བོར་གྱུར་པ་གཤིན་རྗེ་གཤེད། །སྐུ་དང་རྣམ་ཐར་རྡོ་རྗེའི་ཞལ། །རིག་པ་གསུམ་གྱི་སྤྱན་མངའ་ཞིང༌། །དབྱིངས་དང་ཡེ་ཤེས་ཕ་རོལ་ཕྱིན། །མངོན་པར་ཤེས་པ་དྲུག་གི་ཕྱག །ཐབས་དང་ཤེས་རབ་རོལ་པ་ཡི། །ཞབས་གཉིས་བསྐུམ་དང་བརྐྱང་བ་ཡིས། །མ་ཧེ་གཤིན་རྗེ་སྲིད་པ་ཡི། །རྩ་བ་རྩད་ནས་འཇོམས་ཕྱིར་གནོན། །སྡུག་བསྔལ་གཅོད་ཕྱིར་གྲི་གུག་སྟེ། །བདེ་བ་སྐྱོང་བས་ཐོད་ཁྲག་རོལ། །དབྱིངས་དང་རོ་གཅིག་ཕྱག་རྒྱ་ཆེ། །སྟོང་ཉིད་རྡོ་རྗེ་ཕྱག་གིས་བསྣམས། །ཤེས་རབ་རལ་གྲི་འདེབས་པའི་ཚུལ། །འཁོར་ལོ་ཆོས་ཀྱི་འཁོར་ལོ་བསྐོར། །ཐུགས་རྗེ་རྣམ་རྒྱས་པདྨོ་འཛིན། །ཟུང་འཇུག་བདེ་དང་རྟག་རོལ་པས། །ཉིད་སྐུ་ཁྲོ་མོས་ཉེ་བར་བརྒྱན། །གཉིས་ཀའང་སྒེག་དང་རྒོད་པ་དང༌། །སྙིང་རྗེས་ཆགས་ཅན་སྡུད་ཕྱིར་བརྩེ། །གཡོན་པའི་ཞལ་ཡང་ཆེས་ཆེར་དམར། །རྩ་ཞལ་སྐུ་མདོག་མཐིང་ནག་དང༌། །དཔའ་དང་དྲག་ཤུལ་རྔམ་པ་ཡིས། །ཁྲོ་བའི་ཁྲོ་བ་འཇོམས་ཕྱིར་ཁྲོ། །མི་སྡུག་འཇིགས་རུང་ཞི་བ་དང༌། །གཡས་ཞལ་དཀར་ཞིང་གསལ་བ་ཡིས། །གཏི་མུག་ཅན་གྱི་རྨོངས་པ་སེལ། །ཡོན་ཏན་རྒྱས་པས་དབུ་སྐྱེས་སེར། །མཐུ་སྟོབས་འབར་བའི་དབུས་ན་བཞུགས། །ཞེས་བརྗོད་ཅིང༌། དོན་དྲན་པར་བྱས་ལ། ཇི་ལྟར་བདག་ཉིད་དེ་ལྟར་གཞན། །ཐམས་ཅད་དཔལ་ཆེན་གཤིན་རྗེ་གཤེད། །རང་བཞིན་མེད་པའི་རང་བཞིན་ཅན། །ཟུང་དུ་འཇུག་པའི་རོལ་པས་རོལ། །ཞེས་བརྗོད་ནས། སྣང་བ་ཐམས་ཅད་ཀྱང་ལྷར་དམིགས་ལ་ཀུན་ཏུ་སྤྱོད་པ་ཐམས་ཅད་ལྷའི་ང་རྒྱལ་དང༌། ལོངས་སྤྱོད་པ་ཐམས་ཅད་ལྷས་ལྷ་ལ་མཆོད་པར་བསམ་ཞིང་སྤྱད་དོ། །དེའི་ངང་ནས་ཁ་ཏོན་དང༌། ཀློག་པ་དང༌། རབ་གནས་དང༌། སྦྱིན་སྲེག་ལ་སོགས་པའི་ཆོ་ག་རྣམས་ཀྱང་བྱའོ། །སྤྱོད་ལམ་གྱི་རྣལ་འབྱོར་ཏེ་ཡན་ལག་གི་ཆོ་གའོ། །དེ་དག་གིས་ནི་བསྙེན་པའི་ཆོ་ག་བསྟན་ཟིན་ཏོ། །གང་གིས་གོ་འཕང་དམ་པ་ལ། །ཉེ་བར་བྱིན་ཅིང་རྒྱལ་བ་ཡི། །བྱིན་རླབས་ཉེ་བར་འགུགས་བྱེད་པས། །བསྙེན་པ་ཞེས་ནི་ཉེ་བར་བསྒྲགས། །སྤྱི་དོན་གཉིས་པ་མཆོད་པའི་ཆོ་ག་ལ་གཉིས། རྒྱུན་དུ་བྱ་བ་རྒྱུན་བཤགས་དང་འབྲེལ་པ་དང༌། ཁྱད་པར་དུ་བྱ་བ་ཚོགས་ཀྱི་འཁོར་ལོའི་ཆོ་གའོ། །ཕྱི་མ་ཤེས་ན་དང་པོ་རྟོགས་སླ་བའི་ཕྱིར་ཚོགས་ཀྱི་འཁོར་ལོ་བཤད་པར་བྱའོ། །དེའང་གནས་དབེན་པར་རྟེན་དང༌། ཆུ་གསུམ་སྔོན་དུ་འགྲོ་བའི་མཆོད་པ་རྣམ་པ་ལྔ་དང༌། ནང་གི་མཆོད་པ་དང༌། གཏོར་མ་གསུམ་དང༌། ཚོགས་ཀྱི་ཡོ་བྱད་རྣམས་བསོགས་ནས། ཞུ་བ་དབུལ་བ་དང༌། ཡི་གེ་བརྒྱ་པས་རྒྱུད་སྦྱང་བ་བྱས་ལ། གོང་དུ་བསྟན་པའི་ཚུལ་གྱིས་ལྷའི་རྣལ་འབྱོར་དང་སྔགས་བཟླས་པ་རྫོགས་པར་བྱའོ། །དེ་ནས་མཆོད་པ་རྣམས་བསངས་ཤིང་སྦྱངས་ནས། དེ་ཉིད་གསུམ་ལས་གྲུབ་པའི་ལྷ་རྫས་ཀྱི་མཆོད་རྫས་སོ་སོར་བསྐྱེད་དོ། །དེ་ནས་རང་ཉིད་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲས། དེ་བཞིན་གཤེགས་པ་རྣམས་ཞལ་དུ་ཞུགས། སྙིང་གར་ཞུ། ཡུམ་གྱི་མཁར་བབས་པས་མཆོད་པའི་ལྷ་མོ་རྣམས་སུ་གྱུར་ནས། ཕྱིར་སྤྲོས་པས་མཆོད་རྫས་རྣམས་ཐོགས་ནས་གནས་པར་བསམ་མོ། །དེ་ནས་མདུན་བསྐྱེད་ནི་བྲིས་སྐུ་ལ་སོགས་པ་ཡོད་ན་དེ་ལ་དམིགས་པའི་རྟེན་བྱ་ཞིང༌། མེད་ན་མདུན་གྱི་ནམ་མཁའ་ལ། སྒྲུབ་པའི་མཎྜལ་གྱི་མེ་ཏོག་ཚོམ་བུ་ལ་ཡེ་ཤེས་པ་གཞུག་པའི་བར་རང་གིས་བསྒོམས་པ་ལྟར་བྱས་ལ། དེའི་སྟེང་གི་ཆ་ལ་བླ་མ་བརྒྱུད་པ་དང་བཅས་པ་དང༌། འཁོར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། ཕྱོགས་སྐྱོང་བ་དང༌། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་བསྐོར་བར་བསམ། དེ་ནས་མཆོད་པར་བྱ་སྟེ། ཐོག་མར་ཕྱིའི་མཆོད་པ་ནི་ཏིང་ངེ་འཛིན་དང་ཕྱག་རྒྱ་བཅས་པས། དྲི་མེད་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་ཞབས་བསིལ་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །ཞབས་དག་ཉེ་བར་བཀྲུ་བར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་པྲ་ཝ་ར་སཏྐཱ་ར་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་ཞབས་བསིལ་དང༌། དེ་བཞིན་དུ་ཞལ་བསིལ་འདི་དང༌། ཞལ་རྣམས་ཉེ་བར་བསིལ་བར་མཛོད། །ནི་ཝི་ཏེ་ཨཱཿཧཱུྃ། ཞེས་པས་ཞལ་བསིལ་དང༌། མཆོད་ཡོན་འདི། ཅི་བདེ་བར་ནི་བཞེས་སུ་གསོལ། །ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད་ཡོན་དང༌། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །ལྷ་རྫས་དམ་པའི་བདུག་སྤོས་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །བཛྲ་དྷཱུ་པེ་ཧཱུྃ། ཞེས་པས་བདུག་སྤོས་དང༌། ཆུ་དང་ཐང་ལས་སྐྱེས་པ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །བཛྲ་པུཥྤེ་ཏྲཱྃ། ཞེས་པས་མེ་ཏོག་དང༌། དྲི་མེད་ཡིད་འོང་གསལ་བ་ཡི། །མར་མེ་འདི་ཞེས་པ་དང༌། བཛྲ་དཱི་པེ་ཧྲཱིཿ ཞེས་པས་མར་མེ་དང༌། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །དྲི་མཆོག་འདི་ཞེས་པ་དང༌། གནྡྷེ་ཨཱཿཞེས་པས་དྲི་ཆབ་དབུལ། །ཁ་དོག་རོ་དང་བཅུད་ལྡན་པའི། །ཞལ་ཟས་འདི་ཞེས་པ་དང༌། ནཻ་ཝི་དྱེ་ཨཱཿཧཱུྃ་གིས་ཞལ་ཟས་དབུལ། ཟིན་དང་མ་ཟིན་ཡིད་འོང་བའི། །སིལ་སྙན་འདི་ཞེས་པ་དང༌། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་གིས་སིལ་སྙན་དབུལ། དེ་དག་ནི་ཕྱིའི་མཆོད་པའོ། །དེ་ནས་ནང་གི་མཆོད་པ་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། མཐེ་བོང་དང་སྲིན་ལག་གི་ཐོར་མས་རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ་ལ་དབུལ། དེ་ནས་ཡི་གེ་བཅུ་བཞི་པའི་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་སྦྱར་བས་ཡི་དམ་གྱི་ལྷ་ལ་དབུལ། དེ་ནས་ལྕེ་རྩེ་དཔྲལ་བ་མགྲིན་པ་སྙིང་ག་རྣམས་སུ་རེག་ནས་རང་གི་ལུས་ཀྱི་ལྷ་མཆོད། དེ་ནས་ཆོས་སྐྱོང་དང་ཕྱོགས་སྐྱོང་ལ་སོགས་པ་རྣམས་ལའང་དབུལ་ལོ། །ནང་གི་མཆོད་པའོ། །དེ་ནས་ཡིད་ལས་བྱུང་བའི་མཆོད་པ་ནི་གོང་གི་མཆོད་པའི་ལྷ་མོ་དེ་དག་གིས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པའི་རྣམ་གྲངས་དུ་མས་མཆོད་ཅིང༌། འདི་སྐད་ཅེས་གསུང་བར་བསམ། ཀྱེ་ཀྱེ་གཤིན་རྗེ་དགྲ་ནག་པོ། །བླ་མ་སྲིན་པོའི་གཟུགས་རང་བཞིན། །ཁྱོད་མཐོང་བས་ནི་བདག་འཇིགས་ཏེ། །བླ་མ་ཁྲོ་བོའི་རང་བཞིན་སྤོངས། །བདག་པོ་ཡིས་ནི་གར་མཛད་པས། །སྟེང་རིས་མི་ཡུལ་ས་འོག་འདར། །ཁྲོ་ཡིད་མིག་སྨན་བཅག་འདྲ་བའི། །གར་བྱེད་ཁྱོད་ནི་རྣམ་མི་རྟོག །གཤིན་རྗེའི་དགྲ་ནག་མིའུ་ཐུང་སྟེ། །རྣམ་པ་སྣ་ཚོགས་གཟུགས་མངའ་བ། །རྡོ་རྗེ་དབྱངས་ཅན་མས་ཞུས་པ། །བདེ་བ་ཆེན་པོ་ཁྱོད་གར་མཛད། །ཧྲཱིཿཥྚྲཱིའི་གསང་སྔགས་དག་གིས་ཁྱོད། །གནས་གསུམ་ཐེ་ཚོམ་མེད་པར་གྱིས། །སྙིང་རྗེའི་ཁྲོ་བོ་རྗེ་བཙུན་ཁྱོད། །འགྲོ་བ་ཀུན་གྱིས་གང་མཛད་མཐོང༌། །ཞེས་བྱ་བ་དང༌། མེ་ཏོག་ཕྲེང་དང་སྤོས་དང་དྲི། །མར་མེ་ཞལ་ཟས་ལ་སོགས་དང༌། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་དག་སྟེ་འདོད་ཡོན་ལྔ། །གཞན་ཡང་མཆོད་པའི་རྣམ་པ་ནི། །རིན་ཆེན་རི་དང་དཔག་བསམ་ཤིང༌། །བླ་རེ་རྒྱལ་མཚན་འཕན་གདུགས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །བླ་མ་རྫོགས་སངས་རྒྱས་ལ་དབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཞེས་བརྗོད་དོ། །དེ་ནས་བླ་ན་མེད་པའི་མཆོད་པ་ནི། ལྷ་མོ་དེ་རྣམས་ཀྱིས་ཟག་པ་མེད་པའི་བདེ་བས་མཆོད་པར་བསམ་ཞིང༌། གཟུགས་སྒྲ་ལ་སོགས་དྲུག་པོ་འདི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ལོངས་སྤྱོད་ཡུལ་དུ་དུ་མར་སྣང༌། །ཤེལ་ལ་ཚོན་ནི་ཇི་བཞིན་ནོ། །འདོད་པ་ལྔ་དང་ཆོས་རྣམས་ལ། །རྣལ་འབྱོར་རྟག་ཏུ་སྤྱོད་པར་ཤོག །ཨ་ལ་ལ་ཧོ་རོལ་དུ་གསོལ། །གནས་པར་མཛོད། །མི་འཛིན་སྒྱུ་མ་ལྟ་བུ་ལ། །གར་གྱིས་དགྱེས་ཤིང་རོལ་པར་མཛོད། །རེག་བྱ་འགག་པ་མེད་པ་ལ། །མི་གཡོ་བཞིན་དུ་རོལ་པར་མཛོད། །ཧོ་ཆགས་པ་མེད་པས་ཆགས་པར་མཛོད། །ཅེས་བརྗོད་ནས། པཱུ་ཛ་བཛྲའི་སྔགས་ཀྱི་བྱིན་གྱིས་བརླབ་བོ། །དེ་ནས་ལྷ་མོ་དེ་དག་ཉིད་ཀྱིས་བསྟོད་པར་བསམ་ཞིང༌། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེའི་དགྲ་དགའ་འཇིགས་པ་པོ། །སྟོན་པ་སངས་རྒྱས་ཀུན་གྱི་བདག །མགོན་པོ་འཇིགས་མེད་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེའི་དགྲ་དགའ་འཇིགས་པ་པོ། །ཐུགས་ཀྱི་རྡོ་རྗེའི་རང་སྣང་བ། །རིན་ཆེན་རྡོ་རྗེར་ཕྱག་འཚལ་བསྟོད། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། །མངའ་བདག་འདོད་ཆགས་ཆོས་འབྱུང་བ། །དབྱངས་ཀུན་གྱི་ནི་མཆོག་གི་མཆོག །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེའི་དགྲ་སྟེ་ལས་ཀུན་མཛད། །སྐུ་ཡི་རྡོ་རྗེ་རབ་སྣང་བ། །རལ་གྲིའི་ཕྱག་ལ་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་རྣམས་ནི་ཀུན་སྡུད་པ། །སངས་རྒྱས་ཀུན་གྱི་མཆོག་གི་མཆོག །དཀྱིལ་འཁོར་བདག་པོར་ཕྱག་འཚལ་བསྟོད། །ཅེས་བརྗོད་ནས། སྟུ་ཏི་བཛྲའི་སྔགས་ཀྱི་བྱིན་གྱིས་བརླབ་བོ། །མདུན་བསྐྱེད་མཆོད་པའི་རིམ་པའོ། །རྒྱུན་བཤགས་བྱེད་པར་འདོད་ན། ཕྱག་འཚལ་ཞིང་ཙོག་པུར་འདུག་ནས། ཐོག་མར་རྒྱུན་བཤགས་དང༌། དེ་ནས་སྡོམ་པ་གཟུང་བར་བྱའོ། །དེ་ནས་གཏོར་མ་རྣམས་སྦྱངས་ནས། དང་པོ་གོང་དུ་བསྟན་པའི་ཆོ་གས་གཤིན་རྗེ་གཤེད་ལ་དབུལ། གཉིས་པ་རང་གི་ཆོས་སྐྱོང་ལ་དབུལ། གསུམ་པ་མཁའ་འགྲོ་སྤྱིའི་གཏོར་མས་འབྱུང་པོ་ཀུན་ལ་དབུལ་ལོ། །གཏོར་མའི་ཆོ་གའོ། །དེ་ནས་ཚོགས་ཀྱི་ཡོ་བྱད་རྣམས་མངོན་དུ་བྱས་ནས། གཏོར་མ་ལྟར་བྱིན་གྱིས་བརླབས་ལ། ཡོ་བྱད་རྣམས་མངོན་དུ་བཏེག་པའམ། ཡང་ན་བཏེག་པར་བསམས་ལ། བདག་བསྐྱེད་དང༌། མདུན་བསྐྱེད་ཀྱི་ལྷ་རྣམས་ལ་ཐུན་མོང་དུ་བསྟབས་པར་བསམ་ཞིང༌། གཟུགས་སྒྲ་ལ་སོགས་དྲུག་པོ་འདི། །ལ་སོགས་པའི་ཚིགས་སུ་བཅད་པ་ལན་གསུམ་བརྗོད་དོ། །དེ་ནས་ཕུད་ལྷ་དང་གཏོར་མ་ལ་དབུལ་ཞིང༌། དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་དམ་ཚིག་དྲང་པ་ནས་བཟུང་ནས། ལྷག་མའི་ཆོ་ག་དང༌། རྡོ་རྗེའི་གླུ་དང༌། བཀྲ་ཤིས་ཀྱི་བར་གཞན་དང་འདྲ་བར་བྱའོ། །མངོན་པར་འདོད་པའི་དོན་གསོལ་བ་གདབ་བོ། །དེ་ནས་ཡི་གེ་བརྒྱ་པས་ལྷག་ཆད་བསྐངས་ལ། རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ནས་སྨོན་ལམ་གདབ་པར་བྱའོ། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་འགྱུར་བ། །དེས་ནི་སངས་རྒྱས་ཉིད་ཐོབ་ཤོག །བགེགས་དང་ལོག་པར་འདྲེན་པ་རྣམས། །གདུལ་དཀའ་འདུལ་བྱེད་དཔའ་བོ་ནི། །ཤིན་ཏུ་གཏུམ་པའི་ཁྲོ་གཟུགས་ཀྱིས། །མ་ལུས་པ་རྣམས་ཚར་གཅོད་ཤོག །ཅེས་བྱ་བ་དང༌། གཞན་ཡང་ཅི་ཤེས་པའི་སྨོན་ལམ་གདབ་བོ། །དེ་ནས་མདུན་བསྐྱེད་ཀྱི་ལྷ་ལ་བཟོད་པར་གསོལ་བར་བསམ་ཞིང༌། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་པ་གང༌། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་དག་ཐམས་ཅད་བཟོད་པར་མཛོད། །ཅེས་བཟོད་པར་གསོལ་ནས། མགོན་དང་བྱང་ཆུབ་སེམས་དཔའ་དང༌། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་ཀྱིས། །ཐེག་པ་ཆེན་ལས་མི་ཉམས་ཤིང༌། །སླར་ཡང་བདག་ལ་ཕན་མཛད་པར། །ངེས་པར་ཡང་དག་གྱུར་ནས་ནི། །མགོན་པོ་རིགས་དང་སྲས་བཅས་རྣམས། །ཅི་བདེ་བར་ནི་གཤེགས་སུ་གསོལ། །ཞེས་བརྗོད་པའི་མཐར། ཨོཾ་ཨཱཿམུཿ ཞེས་བརྗོད་ལ། ཡེ་ཤེས་པ་གཤེགས་སུ་གསོལ་ལོ། །དམ་ཚིག་པ་བདག་ལ་བསྡུའོ། །རས་བྲིས་ལ་སོགས་པའི་རྟེན་ཡོད་ན་འདས་པའི་ལྷ་གཤེགས་སུ་མི་གསོལ་བར། འཇིག་རྟེན་པའི་ལྷ་དང་གཏོར་མའི་མགྲོན་གཤེགས་སུ་གསོལ་ལོ། །དེ་ནས་རང་གི་གནས་གསུམ་བསྲུངས་ལ། ལས་ཀྱི་རྗེས་མི་མངོན་པར་བསྡུས་ནས་ཅི་བདེ་བར་སྤྱད་དོ། །ཚོགས་གཉིས་ཡོངས་སུ་རྫོགས་ཤིང་བར་ཆད་ཞི་བ་དང༌། འདོད་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །མཆོད་པའི་རིམ་པའོ། །རྣལ་འབྱོར་པ་ལམ་གྱི་རིམ་པ་འདི་ལ་རྟག་ཏུ་གནས་ན་མྱུར་དུ་གཤིན་རྗེ་གཤེད་ཀྱི་གོ་འཕང་ཐོབ་ཅིང༌། གནས་སྐབས་སུ་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ལས་རྒྱལ་བར་འགྱུར་བ་དང༌། ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཚེགས་མེད་པར་འགྲུབ་པར་འགྱུར་རོ། །ཆོས་ཀྱི་ཚུལ་འདི་ནི། བླ་མ་བརྒྱུད་པའི་རིམ་པ་གཉིས་ལས་འོངས་པ་སྟེ། དེའང༌། འཇམ་དཔལ་སངས་རྒྱས་ཡེ་ཤེས་ཞབས་དང་ནི། །མར་མེ་མཛད་དཔལ་བཟང་པོ་བཟང་པོའི་ཞབས། །ཛཱ་མ་རི་པ་རྣལ་འབྱོར་ནཱ་རོ་པ། །མི་མཉམ་རྡོ་རྗེའི་ཁོ་ལ་དང་ཡེ་རང་བ། །བློ་གྲོས་གྲགས་དང་ས་སྦྱར་བཞུགས་པ་ཡི། །བླ་མ་རྣམས་ལས་རིམ་བཞིན་བརྒྱུད་པའོ། །བརྒྱུད་པ་གཉིས་པ་ནི། རྡོ་རྗེ་འཆང་ཆེན་ཡེ་ཤེས་མཁའ་འགྲོ་མ། །ཏི་ལོ་པ་དང་ནཱ་རོ་ཏ་པ་བ། །ཤེས་རབ་བསྲུངས་པ་མཉྫ་གླིང་པ་དང༌། །རྡོ་རྗེ་གྲགས་པ་རྗེ་བཙུན་ཆོས་རབ་དང༌། །ཡེ་ཤེས་སེང་གེ་བླ་མར་འབུམ་སེང་དང༌། །གློག་སྐྱ་དབང་ཕྱུག་གྲགས་པར་གྲགས་པ་དང༌། །མང་དུ་གསན་པའི་དབྱིག་གིས་ཕྱུག་གྱུར་ཅིང༌། །རྣམ་པར་དཔྱོད་པའི་བློ་གྲོས་མཚུངས་མེད་པ། །མཁྱེན་རབ་དམ་པའི་དཔལ་ཞེས་བྱ་བ་ཡི། །བླ་མ་མཆོག་ལས་བརྒྱུད་དེ་འོངས་པའོ། །མ་ལུས་རྒྱལ་བའི་མཁྱེན་རབ་གཅིག་བསྡུས་པ། །བཅོམ་ལྡན་མགོན་པོ་འཇམ་པའི་དབྱངས་ཉིད་ནི། །ཁྲོ་བོར་གྱུར་པ་གཤིན་རྗེ་གཤེད་མཆོག་གི །སྒྲུབ་པའི་ཐབས་ཀྱི་རིམ་པ་གསལ་བ་འདི། །དཀྱིལ་འཁོར་འདིར་ཞུགས་འདུན་པའི་ཡིད་ལྡན་པ། །དབང་ལྡན་དཔལ་ཞེས་བྱ་བས་གསོལ་བཏབ་ནས། །འཇམ་དཔལ་ཞི་ཁྲོའི་རྒྱུད་སྡེ་རབ་འཛིན་པ། །འཕགས་པ་ཞེས་བྱས་གསལ་བར་སྦྱར་བ་ཡིན། །དེ་ལས་དགེ་བའི་རྩ་བ་གང་བསྐྲུན་པ། །དེ་ཡིས་འགྲོ་ཀུན་གཤིན་རྗེ་གཤེད་མཆོག་གི །སྟོབས་ཀྱིས་མི་མཐུན་ཕྱོགས་ལས་ཉེར་རྒྱལ་ནས། །འཇམ་པའི་དཔལ་གྱི་དཔལ་གྱིས་འབྱོར་པར་ཤོག །གཤིན་རྗེའི་དགྲ་ནག་པོའི་སྒྲུབ་པའི་ཐབས་འདི་ནི། ལྕགས་མོ་བྱའི་ལོ་ཁྲོའི་ཟླ་བ་ཚེས་བརྒྱད་ཀྱི་ཉིན་པར་རྒྱལ་པོའི་ཕོ་བྲང་དུ་རྫོགས་པར་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*