སྒྲོལ་མ་ལྷ་བཅུ་བདུན་མའི་དབང་ཆོག

༼ཕ༽

༄༅། །སྒྲོལ་མ་ལྷ་བཅུ་བདུན་མའི་དབང་ཆོག་བཞུགས།།

༄༅། །རྗེ་བཙུན་མ་སྒྲོལ་མའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཞེས་བྱ་བ། བླ་མ་དང་རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཐུགས་རྗེས་འགྲོ་བ་སྡུག་བསྔལ་ལས། །སྒྲོལ་མཛད་སྒྲོལ་མ་ལ་བཏུད་དེ། །དེ་ཡི་དབང་བསྐུར་ཆོ་གའི་རིམ། །གཞན་གྱིས་བསྐུལ་ཕྱིར་བདག་གིས་བཤད། །དེ་ལ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པ། སྙིང་རྗེས་སེམས་ཅན་རྗེས་སུ་འཛིན་པར་འདོད་པས། བསྙེན་པ་སྔོན་དུ་སོང་ཞིང་ཆོ་གའི་ལས་ལ་མཁས་པའི་མཚན་ཉིད་ལྔ་དང་ལྡན་པའི་བླ་མ་ལ་དད་པ་དང༌། སྙིང་རྗེ་དང༌། བྱང་ཆུབ་ཀྱི་སེམས་དང་ལྡན་ཞིང༌། ཆོ་གའི་སྤྱོད་ཡུལ་དུ་གྱུར་པའི་ཡན་ལག་བཞི་དང་ལྡན་པའི་སློབ་མས། བླ་མར་གསོལ་བ་གདབ་པའི་ཕྱིར་མཎྜལ་ཕུལ་ནས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་ནས། །སྙིང་པོ་བྱང་ཆུབ་མ་ཐོབ་བར། །བླ་མ་དམ་པར་གསོལ་འདེབས་ཀྱིས། །བདག་གི་བླ་མ་མཛད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་པ་དང༌། བླ་མས། མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་བ་རྣམས་དགྲོལ་བ་དང༌། །དབུགས་མ་ཕྱིན་པ་དབུགས་དབྱུང་དང༌། །མྱ་ངན་མ་འདས་བཟླ་བའི་ཕྱིར། །བླ་མར་ཞུ་བ་ཁྱོད་སྤྲོ་འམ། །ཞེས་དྲིའོ། །སློབ་མས་ཀྱང༌། མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་བ་རྣམས་དགྲོལ་བ་དང༌། །དབུགས་མ་ཕྱིན་པ་དབུགས་དབྱུང་དང༌། །མྱ་ངན་མ་འདས་བཟླ་བའི་ཕྱིར། །བླ་མར་ཞུ་བ་བདག་སྤྲོའོ། །ཞེས་ལན་གདབ་བོ། །དེ་ནས་དཀོན་མཆོག་གི་སྤྱན་སྔར་བླ་མའི་ཚིག་གི་རྗེས་སུ་བཟླས་ཏེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ལ་སོགས་པའི་ཡན་ལག་བདུན་པ་ལན་གསུམ་བྱས་ནས། བླ་མ་དང་སློབ་མ་གཉིས་ཀས་སློབ་མ་མི་དམིགས་ཏེ་སྟོང་པའི་ངང་ལས། ཧཱུྃ་ལས་བགེགས་མཐར་བྱེད་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ། སྟག་གི་པགས་པའི་ཤམ་ཐབས་ཅན། སྦྲུལ་དང་རིན་པོ་ཆེས་བརྒྱན་པ། མི་བསྐྱོད་པས་དབུར་བརྒྱན་པར་བསྐྱེད་ནས། ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཅེས་ལན་གསུམ་གྱིས་ལུང་བྱིན་ལ་ཟློར་གཞུག་གོ །སློབ་མ་རྗེས་སུ་གཟུང་བའོ། །དེ་ནས་སློབ་མས་ཡོ་བྱད་སྦྱར་ནས་བསྙེན་པ་ལ་གནས་པར་གསོལ་བ་བཏབ་སྟེ། སློབ་དཔོན་གྱིས་བུམ་པ་ལ་བརྟེན་པ་ནི་བུམ་པ་སྟ་གོན་གྱི་སྐབས་ལྟར་རམ་མ་བརྟེན་པ་སྒྲུབ་ཐབས་ལྟར་གཙོ་མོ་ལ་འབུམ་ཕྲག་བརྒྱད་ཅུ། འཁོར་རྣམས་ལ་ཁྲི་ཕྲག་བརྒྱད་ཅུའི་བར་དུ་བཟླས་པ་བྱའོ། །བསྙེན་པའོ། །དེ་ནས་སའི་ཆོ་ག་ལ་ཕྱོགས་དང༌། དབྱིབས་དང༌། ཁ་དོག་དང༌། མཚན་མ་རྣམས་ཡིད་དུ་འོང་ཞིང་འཚེ་བ་མེད་ལ། ཡོ་བྱད་ཕུན་སུམ་ཚོགས་པ་ཏིང་ངེ་འཛིན་ངང་གིས་འཕེལ་བའི་ས་ཕྱོགས་དཀྱིལ་འཁོར་གྱི་གནས་སུ་རིགས་ནས། ས་དེའི་བདག་པོ་ཁྱིམ་བདག་ལ་སོགས་པ་ལ་ཅི་འབྱོར་པའི་བསྙེན་བཀུར་བྱས་ནས། སའི་ཕྱོགས་འདིར་དཀྱིལ་འཁོར་གྱི་ལས་རྩོམ་པར་འཚལ་བས་གནང་བར་མཛོད་ཅིག ཅེས་བརྗོད་ནས། དེས་ཀྱང་གནང་བ་བྱིན་པར་བསམ་པ་ནི་མངོན་པ་ལས་བསླང་བའོ། །དེ་ནས་སའི་ཕྱོགས་དེར་ཁྲུ་གང་བའི་མཎྜལ་གྱི་དབུས་སུ་དྲིའི་ཐིག་ལེ་བྱས་ལ། དེའི་སྟེང་དུ་མེ་ཏོག་གི་ཚོམ་བུ་བཀོད་པའི་ཁོར་ཡུག་ཏུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། དཀར་གཏོར་དང༌། དམར་གཏོར་གཉིས་བཤམ་མོ། །དེ་ནས་རང་ཉིད་སྒྲོལ་མའི་རྣལ་འབྱོར་དང་ལྡན་པས་མེ་ཏོག་གི་ཚོམ་བུ་སྟོང་པའི་ངང་ལས་པྃ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་བྃ་ལས་སའི་ལྷ་མོ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་པས་དབང་པོ་ཁས་ལེན་པའི་ཕྱག་རྒྱ་དང༌། གཡོན་པས་བུམ་པ་བདུད་རྩིས་གང་བ་འཛིན་པ་བསྐྱེད་པའི་གནས་གསུམ་དུ། ཨོཾ་ཨཱཿཧཱུྃ་བཀོད་ལ། ལག་པ་གཡས་པ་ས་ལ་བསྣུན་པས་སའི་ལྷ་མོ་སྤྱན་དྲངས་ལ་མདུན་བསྐྱེད་ལ་བསྟིམ། དབང་གི་ལྷ་སྤྱན་དྲངས་པ་ལ་མཆོད་ནས་འདི་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར། ཆུ་ལྷག་མ་ཡར་ལུད་པས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་བསམ། དེ་ལ་ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་སྔོན་དུ་སྦྱར་བའི། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ལ་སོགས་པས་མཆོད་ནས། གཏོར་མ་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབས་ནས། ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་ཨ་ཀཱ་རོ་ལ་སོགས་པ་ལན་གསུམ་གྱིས་ཕུལ་ནས། རྡོ་རྗེ་དྲིལ་བུ་འཛིན་པས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། སའི་ལྷ་མོས་ཀྱང་རིག་པ་འཛིན་པ་ཁྱོད་ཅི་དགའ་བར་བྱོས་ཤིག་ཅེས་གནང་བ་བྱིན་པར་བསམ་མོ། །དེ་ནས་དམར་གཏོར་སྔ་མ་ལྟར་བྱིན་གྱིས་བརླབས་ནས་ནག་པོའི་ཕྱོགས་ལ་དགའ་བའི་སའི་བདག་པོ་ཐམས་ཅད་ལ་བྱིན་པར་བསམ་ཞིང༌། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། གྲིཧྣེ་དཾ་བ་ལིཾ་ཏེ་སྭཱ་ཧཱ། ཞེས་གསུམ་མམ་བདུན་གྱིས་བྱིན་ནས། སའི་ཕྱོགས་འདི་ན་གནས་པའི་གཞིའི་བདག་པོ་དཀྱིལ་འཁོར་ཆེན་པོ་བལྟ་བར་མི་དབང་བ་དེ་དག་གཏོར་མ་འདིས་ཚིམ་པར་གྱིས་ལ། དཀྱིལ་འཁོར་གྱི་ལས་མ་ཚར་གྱི་བར་དུ་སའི་ཕྱོགས་འདིར་མ་གནས་པར་སོང་ཤིག གང་དག་དཀྱིལ་འཁོར་བལྟ་བར་དབང་བ་དེ་དག་ནི་མ་སྐྲག་པར་འཁོད་ལ། དཀྱིལ་འཁོར་གྱི་ལས་བསྒྲུབ་པའི་སྟོང་གྲོགས་གྱིས་ཤིག དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་བྲི། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་ཚིག་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང༌། །བགེགས་རྣམས་བརླག་པར་འགྱུར་བར་གདོན་མི་ཟ། །ཞེས་བརྗོད་ནས་དྲག་པོའི་སྔགས་བརྗོད་ཅིང༌། །རོལ་མོའི་སྒྲ་དྲག་ཏུ་བྱས་ལ་བགེགས་རྣམས་བསྐྲད་པར་བསམ་མོ། །དེ་ནས་སའི་ལྷ་མོ་ལ་མཆོད་ནས། ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་བཛྲ་མུཿས་གཤེགས་སུ་གསོལ་ནས་དམ་ཚིག་པ་མི་དམིགས་པར་བསམས་ལ་ལས་ཀྱི་རྗེས་བསྡུའོ། །མི་མངོན་པ་ལས་བསླང་བ་སྟེ་ས་བསླང་བའོ། །དེ་ནས་ལྟོ་འཕྱེའི་ལྟོ་བའི་ཕྱོགས་ནས་པུས་མོའམ་ལྟེ་བ་ནུབ་ཙམ་དུ་ས་བརྐོས་ནས། སོལ་བ་དང༌། རུས་པ་དང༌། གྱོ་མོ་དང༌། སྤུ་ལ་སོགས་པའི་ཟུག་རྔུ་རྣམས་ཕྱུང་ནས་དྲི་བཟང་དང༌། རིན་པོ་ཆེའི་ཕྱེ་མ་དང་བཅས་པའི་ས་བཟང་པོས་བཀང་ལ། འཐས་པར་བརྡུངས་ནས་དཀྱིལ་འཁོར་དང་འཚམ་པའི་ས་སྟེགས་གྲུ་བཞི་ཤར་དང་བྱང་ཅུང་ཟད་གཞོལ་ཞིང་ཤིན་ཏུ་འཇམ་པ་བྱའོ། །དེ་ལྟར་བྱར་མི་རུང་བའི་ས་ཕྱོགས་སུ་ལག་མཐིལ་གྱི་ཧཱུྃ་ལས་འོད་འཕྲོས་པས་ཟུག་རྔུ་ཐམས་ཅད་སྦྱངས་པར་བསམ་ཞིང་ས་ཕྱོགས་ཀུན་དུ་ལག་པས་ཆག་ཆག་བྱས་ལ། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ་ཅེས་པ་དང༌། ཨོཾ་བྷུ་ཁཾ་ཞེས་བརྗོད་པས་སྟོང་པར་བསམ་མོ། །དེའི་དབུས་སུ་སློབ་དཔོན་རང་ཉིད་སྒྲོལ་མའི་ང་རྒྱལ་དང༌། ཕྱོགས་བཞིར་རིགས་བཞིའི་ང་རྒྱལ་འཛིན་པའི་སློབ་མ་བཞིས་རང་རང་གི་ལྷ་ཡན་ལག་བཞི་རྫོགས་སུ་བསྐྱེད་ནས་རྡོ་རྗེ་སློབ་དཔོན་བསྐུལ་བའི་ཕྱིར། ཤར་ནས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་པ་དང༌། ལྷོ་ནས། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་པ་དང༌། ནུབ་ནས། ཞི་བའི་ཆོས་མཆོག་ལས་བྱུང་བ། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་མཛད། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་པ་དང༌། བྱང་ནས། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པའི་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །ཞེས་གསོལ་བ་བཏབ་ནས། སློབ་དཔོན་གྱིས། ཨོཾ་བཛྲ་ཨུ་ཏིཥྛའི་སྔགས་དང༌། རྡོ་རྗེ་འདེགས་པའི་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་ནམ་མཁའ་ལ་བཏེག་ནས། མིག་གཡས་པ་མ་ལས་ཉི་མ་དང༌། གཡོན་པ་ཊ་ལས་ཟླ་བར་དམིགས་ལ། གཡས་ནས་གཡོན་དུ་བལྟ་བས་བགེགས་ཐམས་ཅད་ཚར་གཅད་ཅིང༌། གཡོན་ནས་གཡས་སུ་བལྟ་བས་རྗེས་སུ་བཟུང་ལ། རྐང་མཐིལ་གཉིས་སུ་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་རེ་བསམས་ནས་རྡོ་རྗེའི་གོམ་པས་བྱང་ཤར་དུ་སོང་ལ། ཧཱུྃ་ལུས་ངག་སེམས་ལ་གནས་པའི་བགེགས། །འདིར་ཉོན་ང་ནི་དཔལ་དང་ལྡན། །བཀའ་ཡི་འཁོར་ལོ་རབ་བསྐོར་བ། །ང་ཡི་བཀའ་ཡི་དམ་ཚིག་ལས། །སུ་འདས་བརླག་འགྱུར་ཐེ་ཚོམ་མེད། །མི་དང་མི་མིན་འབྱུང་པོའི་ཚོགས། །གདོན་གྱི་རིགས་སུ་གཏོགས་པ་རྣམས། །འདི་རུ་མ་གནས་གཞན་དུ་དེངས། །ཞེས་པ་དང༌། སུམྦྷ་ལ་སོགས་པའི་དྲག་པོའི་སྔགས་བརྗོད་ཅིང་རོལ་མོའི་སྒྲ་དྲག་ཏུ་བྱའོ། །དེ་ནས་རྡོ་རྗེའི་འགྲོས་ཀྱིས་གཡས་སྐོར་དུ་སོང་ལ། ཤར་དུ་གཡས་བརྐྱང༌། ལྷོར་གཡོན་བརྐྱང༌། ནུབ་ཏུ་ས་ག བྱང་དུ་ཟླུམ་པོའི་རྐང་སྟབས་རྣམས་བྱས་པས་རྐང་པའི་རྗེས་རྣམས་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམས་ལ་ས་གཟུང་བའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། སྭ་བྷཱ་ཝས་ས་ཕྱོགས་སྟོང་པར་སྦྱངས་པའི་ངང་ལས་པྃ་ལས་པདྨ། རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འཕྲོས་པའི་འོད་ཟེར་གྱི་སྣང་བ་ལས་གྲུབ་པའི་རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར། བླ་བྲེ། ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོ་བསྒོམས་ནས། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱས་བྱིན་གྱིས་བརླབ་བོ། །སའི་ཆོ་གའོ།།  །།དེ་ནས་སྟ་གོན་དུ་གནས་པར་བྱ་བའི་ཕྱིར། དཀྱིལ་འཁོར་གྱི་ས་གཞི་བ་བྱུང་དང༌། དྲི་བཟང་པོས་བྱུགས་པའི་མཎྜལ་གྱི་ཕྱིའི་ཁོར་ཡུག་ཏུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་ལ་སོགས་པ་གང་འབྱོར་བས་བསྐོར་ཞིང༌། གོས་ཟུང༌། ནང་མཆོད། ཀུ་ཤ སོ་ཤིང་ལ་སོགས་པའི་ཉེ་བར་མཁོ་བ་རྣམས་དང༌། གཏོར་མ་ལྔ་བཤམས་ནས་ཕྱི་མ་རེད་ཀྱི་ཚེ་སྒྲུབ་པའི་གྲོགས་དང་བཅས་པ་འཁོད་ལ། སྔོན་དུ་འགྲོ་བའི་གཏོར་མ་མཁའ་འགྲོ་སྤྱི་གཏོར་གྱིས་དེར་འདུས་པའི་འབྱུང་པོ་རྣམས་ལ་བསྔོས་ནས་སྣོད་མ་ཡིན་པ་བསྐྲད། སྣོད་དང་ལྡན་པ་རྣམས་ལ་གྲོགས་གཞོལ། གནས་དང་ཡོ་བྱད་རྣམས་དྭངས་ཤིང་ཐོགས་པ་མེད་པ་རྒྱ་ཆེ་བར་བྱིན་གྱིས་བརླབས་ནས། རོལ་མོའི་སྒྲ་དྲག་ཏུ་བརྡུངས་ལ། ཨོཾ་བཛྲ་དྷརྨ་ར་ཎིའི་སྔགས་བརྗོད་དོ། །དེ་ནས་ལས་ཀྱི་སློབ་མས་རྣལ་འབྱོར་ལ་གནས་པར་གསོལ་བ་བཏབ་ལ། ཡི་གེ་བརྒྱ་པས་རྒྱུད་སྦྱངས་ཏེ། བཅོམ་ལྡན་འདས་མའི་དཀྱིལ་འཁོར་བསྒོམས་ནས། བཟླས་པའི་བར་སྒྲུབ་ཐབས་བཞིན་བྱའོ། །དེ་ནས་འཁོར་རྣམས་དང་ཡབ་རང་ལ་བསྡུ། རང་ཉིད་རྗེ་བཙུན་མའི་ང་རྒྱལ་གྱིས་མཆོད་རྫས་རྣམས་བིགྷྣནྟ་ཀྲྀ་ཏ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་ལས་གྲུབ་པའི་ལྷ་རྫས་ཀྱི་མཆོད་པ་རྣམས་སུ་བསྐྱེད་ལ་སོ་སོའི་སྔགས་ཀྱི་བྱིན་གྱིས་བརླབ་བོ། །དེ་ནས་སའི་ལྷ་མོ་སྟ་གོན་དུ་གནས་པ་ས་བསླང་བའི་སྐབས་བཞིན་དུ་བྱའོ། །དེ་ནས་བ་བྱུང་དང༌། དྲི་བཟང་སྦྱར་བའི་ཆུ་དཀྱིལ་འཁོར་གྱི་དབུས་སུ་བླུགས་པ་དབང་ལྡན་ནས་གཡས་སྐོར་དུ་བྱུག་ཅིང༌། ཨོཾ་མེ་དི་ནཱི་བཛྲཱི་བྷ་བ་ཧཱུྃ། ཞེས་བརྗོད་པས། རྡོ་རྗེའི་ས་གཞིར་བསམ། ཡང་ཁོར་ཡུག་ཀུན་དུ་བྱུག་ཅིང༌། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་པས་སྲུང་བའི་འཁོར་ལོ་རྫོགས་པར་བསྐྱེད། དབུས་སུ་གྲུ་བཞིར་བྱུག་ཅིང༌། ཨོཾ་བྷྲཱུྃ་བི་མཱ་ན་གཱ་ར་ཀཱུ་ཊཱ་ཧཱུྃ། ཞེས་བརྗོད་པས་རིན་པོ་ཆེའི་གཞལ་ཡས་ཁང་གྲུབ་ཞི་པ། སྒོ་བཞི་པ། མཚན་ཉིད་ཡོངས་སུ་རྫོགས་པར་བསྐྱེད་ནས། ལྷའི་གནས་སུ་དྲིའི་ཐིག་ལེ་མེ་ཏོག་གི་ཚོམ་བུ་ཅུང་ཟད་རེ་བཀོད་པ་དང་བཅས་པ་སོ་སོའི་གདན་དུ་བསྐྱེད་ལ། ཨོཾ་ཏཱྃ་བཛྲ་ཏཱ་རཱ་ན་མཿས་དབུས་སུ་མེ་ཏོག་ཚོམ་བུ་བཀོད་པ་སྒྲོལ་མ་དང༌། ཨོཾ་ཨཱཿཨ་མོ་གྷ་སིདྡྷི་ན་མཿས་དེ་ཉིད་དུ་ཚོམ་བུ་གཅིག་བསྣན་པ་དོན་ཡོད་གྲུབ་པར་བསྐྱེད། དེ་ནས་ཤར་ནས་གཡས་སྐོར་གྱི་རིམ་པས། ཨོཾ་ཨོཾ་བཻ་རོ་ཙ་ན་ན་མཿས་རྣམ་པར་སྣང་མཛད་དང༌། ཨོཾ་ཏྲཱྃ་རཏྣ་སཾ་བྷ་ཝ་ན་མཿས་རིན་ཆེན་འབྱུང་ལྡན་དང༌། ཨོཾ་ཧྲཱིཿཨ་མི་ཏཱ་བྷ་ན་མཿས་འོད་དཔག་མེད། ཨོཾ་ཧཱུྃ་ཨཀྵོ་བྷྱ་ན་མཿས་མི་བསྐྱོད་པ་དང༌། ཡང་ཤར་ལྷོ་ནས་རིམ་པས། ཨོཾ་ལྃ་ལོ་ཙ་ནི་ན་མཿས་སྤྱན་མ་དང༌། ཨོཾ་ཏཱཾ་རཏྣ་ཏཱ་ར་ན་མཿས་རིན་ཆེན་སྒྲོལ་མ་དང༌། ཨོཾ་པྃ་པཎྜ་ར་བ་སི་ནཱི་ན་མཿས་གོས་དཀར་མོ་དང༌། ཨོཾ་མྃ་མཱ་མ་ཀཱི་ན་མཿས་མཱ་མ་ཀཱི་དང༌། ཡང་ཕྱིའི་ཤར་ལྷོ་ནས་རིམ་པས། ཨོཾ་ཧཱུྃ་བཛྲ་དྷཱུ་པེ་ན་མཿས་བདུག་སྤོས་མ་དང༌། ཨོཾ་ཏྲཱྃ་བཛྲ་པུཥྤེ་ན་མཿས་མེ་ཏོག་མ་དང༌། ཨོཾ་ཧྲཱིཿབཛྲ་དཱི་པེ་ན་མཿས་མར་མེ་མ་དང༌། ཨོཾ་ཨཱཿབཛྲ་གནྡྷེ་ན་མཿས་དྲི་མ་དང༌། ཤར་ནས་རིམ་པས། ཨོཾ་ཛཿབཛྲ་ཨཾ་གུ་ཤ་ན་མཿས་ལྕགས་ཀྱུ་མ་དང༌། ཨོཾ་ཧཱུྃ་བཛྲ་པཱ་ཤྱ་ན་མཿས་ཞགས་པ་མ་དང༌། ཨོཾ་བཾ་བཛྲ་སྥོ་ཊ་ན་མཿས་ལྕགས་སྒྲོག་མ་དང༌། ཨོཾ་ཧོཿབཛྲ་གྷནྜེ་ན་མཿས་དྲིལ་བུ་མ་རྣམས་བསྐྱེད་ལ། རིགས་བདག་གི་རྒྱས་གདབ་པའི་བར་སྒྲུབ་ཐབས་བཞིན་བྱས་ནས། ཕྱིའི་མཆོད་པ་རྣམས་ཀྱིས་རིམ་པ་བཞིན་མཆོད་པར་བསམ་ཞིང༌། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །སྒྲོལ་མ་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཏཱ་རཱ་བྷ་ག་ཝ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ལ་སོགས་པ་རོལ་མོའི་བར་གྱིས་མཆོད་ནས། གོས་ཟུང་དུ་སྦྱར་བ་བཟུང་ལ། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་ལ་གསོལ། །མི་ཕྱེད་མོས་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་ཏཱ་རཱ་བྷ་ག་ཝ་ཏི་ས་པ་རི་ཝཱ་ར་བཛྲ་ཝསྟྲཱ་ཡ་ཨཿས་ན་བཟའ་འབུལ་ལོ། །ཕྱིའི་མཆོད་པའོ།།  །།དེ་ནས་ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། མཐེབ་སྲིན་གྱི་འཐོར་མས་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང༌། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕུལ་ནས། ལྕེ་ལ་མྱངས་པས་ལུས་ཀྱི་ལྷ་མཆོད་ལ། ཆོས་སྐྱོང་དང༌། འཇིག་རྟེན་སྐྱོང་བ་རྣམས་ལ་སོ་སོའི་སྔགས་ཀྱིས་མཆོད་པ་ནི། ནང་བདུད་རྩིའི་མཆོད་པའོ། །དེ་ནས་བྲིས་པ་ལ་སོགས་པའི་འདོད་ཡོན་ལྔ་ཐོགས་པའམ། སོ་སོའི་ཕྱག་རྒྱ་བཅས་ལ། ཡིད་ཀྱིས་སྤྲུལ་པའི་འདོད་ཡོན་རྣམས་ཀྱིས་རིམ་པ་བཞིན་དུ་མཆོད་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཏཱ་རཱ་བྷ་ག་ཝ་ཏི་ས་པ་རི་ཝཱ་ར། ཞེས་ཀུན་ལ་སྦྱར་ལ། རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏི་ཨཱཿཧཱུྃ་གིས་གཟུགས་དང༌། ཤབྡ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་སྒྲ་དང༌། གནྡྷ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་དྲི་དང༌། ར་ས་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་རོ་དང༌། སྤརྵེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་རེག་བྱས་མཆོད་པ་སྟེ། མཆོད་པའོ། །དེ་ནས་ཕྱག་འཚལ་བ་ཉི་ཤུ་རྩ་གཅིག་བརྗོད་པས་བསྟོད་ནས། སྒྲུབ་ཐབས་ནས་འབྱུང་བ་བཞིན་གཏོར་མ་དང་པོ་བཅོམ་ལྡན་འདས་མ་དང༌། གཉིས་པ་ཆོས་སྐྱོང་དང༌། གསུམ་པ་ཕྱོགས་སྐྱོང་དང༌། བཞི་པ་རྒྱལ་པོ་ཆེན་པོ་བཞི་དང༌། ལྔ་པ་མཁའ་འགྲོ་སྤྱིའི་གཏོར་མས་བསྔོས་ནས་མཁྱེན་པར་གསོལ་བའི་ཕྱིར། པུས་མོ་གཡས་པ་ས་ལ་བཙུགས་ནས་སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། མ་ལུས་ཕྱོགས་བཅུ་ན་བཞུགས་པའི། །དཔའ་བོ་རྣལ་འབྱོར་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །བཅོམ་ལྡན་འདས་མའི་དཀྱིལ་འཁོར་བྲི། །འདིར་ནི་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་པས། བཅོམ་ལྡན་འདས་མའི་ཞལ་ནས། རྡོ་རྗེ་འཛིན་པ་ཁྱོད་ཅི་དགའ་བར་བྱོས་ཤིག ཅེས་གནང་བ་བྱིན་པར་བསམ་མོ། །ལྷ་སྟ་གོན་ནོ། །དེ་ནས་བུམ་པ་ལྷའི་གྲངས་དང་མཉམ་པའམ། དབང་གི་བུམ་པ་ལྔ་ལས་ཐམས་ཅད་པ་སྟེ་དྲུག་གམ། བསྡུ་ན་གཉིས་ཏེ། གང་གྲུབ་པ་མཚན་ཉིད་དང་ལྡན་པ། བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་ཞིང་མགུལ་ཆིངས་དང༌། ཁ་རྒྱན་དང་བཅས་པ་རྣམ་རྒྱལ་གྱི་བུམ་པའི་སྟེང་དུ་དུང་ཆོས་བཅུད་ཀྱིས་གང་བའི་སྟེང་དུ་རྡོ་རྗེ་གཟུངས་ཐག་དང་བཅས་པ་བཤམས་ལ། བིགྷྣཱནྟ་ཀྲྀ་ཏ་ཀྱིས་བསང༌། སྭ་བྷ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པ་ཇི་ལྟར་བཤམས་པ་ལྟར་བསྐྱེད་པའི་ནང་དུ་སོ་སོའི་གདན་གྱི་སྟེང་དུ་ཨཱ་ལི་ཕྲག་གཉིས་ལས་ཟླ་བ། ཀཱ་ལི་ཕྲག་གཉིས་ལས་ཉི་མ། བར་དུ་ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་པ། དེ་དག་གཅིག་ཏུ་འདྲེས་པ་ལས་བུམ་པ་རེ་རེར་ལྷ་རེ་རེ་འམ། གཙོ་མོ་ལ་འཁོར་གཞན་གྱིས་བསྐོར་བ་དང༌། ཕྱོགས་བཞིའི་བུམ་པར་རིགས་བཞི་དང༌། ལས་ཐམས་ཅད་པར་བགེགས་མཐར་བྱེད་དམ། དབང་གི་བུམ་པར་དཀྱིལ་འཁོར་གྱི་ལྷ་བཅུ་བདུན་དང༌། ལས་ཐམས་ཅད་པར་བགེགས་མཐར་བྱེད་བསྐྱེད་དེ། དཀྱིལ་འཁོར་གྱི་ལྷ་རྣམས་ནི་སྒྲུབ་ཐབས་དང་མཐུན་ལ། བགེགས་མཐར་བྱེད་ནི་སློབ་མ་ཡོངས་གཟུང་གི་སྐབས་ལྟར་རོ། །དེ་རྣམས་ཡན་ལག་བཞི་རྫོགས་སུ་བྱས་པའི་རྗེས་ལ་མཆོད་ཅིང་བསྟོད་ནས། རང་གི་སྙིང་ག་ནས་འཕྲོས་པའི་སྔགས་ཀྱི་ཕྲེང་བས་ལྷ་རྣམས་ཀྱི་རྒྱུད་བསྐུལ་བས་སོ་སོའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ཞིང༌། སྒྲུབ་ཐབས་དང༌། སློབ་མ་ཡོངས་སུ་གཟུང་བའི་སྐབས་ལྟར་སྔགས་རྣམས་ཇི་ལྟར་ནུས་པ་བཟླའོ། །སླར་ཡང་མཆོད་ཅིང་བསྟོད་ལ། དུང་ཆོས་ཀྱི་ཆུ་བུམ་པ་རྣམས་སུ་བླུགས་པས་ལྷ་རྣམས་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་ཆུར་བལྟའོ། །བུམ་པ་སྟ་གོན་ནོ། །དེ་ནས་ཚོགས་ཀྱི་ཡོ་བྱད་བྱིན་གྱིས་བརླབས་པས་ཕྱི་ནང་གི་ལྷ་རྣམས་མཆོད་ནས། ལྷག་གཏོར་གྱི་བར་བྱས་ལ། འདས་པའི་གཏོར་མ་བསྲུང་བའི་ཕྱིར་བཞག་ཅིང༌། གཞན་རྣམས་གཏང་ངོ༌། །དེ་ནས་གསང་བའི་རྫས་རྣམས་བསྒྲིགས་ནས་སློབ་མ་རྣམས་ཁྲུས་བྱས་ཏེ། བླ་མ་དང་དཀྱིལ་འཁོར་ལ་ཕྱག་འཚལ་ནས་འཁོད་པ་ལ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བདག་ཉིད་བརྒལ་ཞིང་གཞན་ཡང་བསྒྲལ་ནས་བླ་ན་མེད་པའི་བྱང་ཆུབ་ལ་གནས་པར་བྱ་བའི་ཕྱིར། དབང་བསྐུར་བ་ཞུའོ་སྙམ་པའི་འདུན་པ་བསྐྱེད་ཅིང༌། མཎྜལ་འབུལ་དུ་བཅུག་ལ། མེ་ཏོག་དང༌། བཅས་པའི་ཐལ་མོ་སྦྱར་ཏེ། དགའ་ཆེན་ཁྱོད་ལ་བདག་དགའ་འོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པའི། །མགོན་པོ་ཆེན་པོ་བདག་ལ་སྩོལ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ནི་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་འདེབས་སུ་གཞུག་གོ །དེ་ནས་རང་གི་སྙིང་ག་ནས་སྤྲོས་པའི་འོད་ཀྱིས་སློབ་མ་རྣམས་རང་གི་ཞལ་གྱི་སྒོར་བཅུག སྙིང་གའི་ཏཱྃ་གིས་སྡིག་པ་སྦྱངས་ནས་མཁར་བབ་པ་སྒྲོལ་མར་བསྐྱེད་ལ། ཡེ་ཤེས་པ་བསྟིམ་ཞིང༌། དབང་བསྐུར་ནས་དོན་ཡོད་གྲུབ་པས་དབུར་བརྒྱན་པ་སྤྲོས་ནས་རང་གི་གནས་སུ་འཁོད་པ་ལ། བླ་མས་གསོལ་བ་བཏབ་པའི་ལན་གདབ་པའི་ཕྱིར། བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་ཚུལ་བཞིན་སྤྱོད་པ་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་གསང་སྔགས་འདི་བསྒོམས་པས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་དུ་མི་བཟད་པ། །དཔུང་དང་བཅས་པ་རབ་བཅོམ་ནས། །འཇིག་རྟེན་རྗེས་འཇུག་རྟོགས་པ་ཡིས། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་པས་གསང་སྔགས་ཀྱི་ཆེ་བ་བརྗོད་ཅིང༌། དེས་བསྒྲུབ་པར་ཁས་བླང་ངོ༌། །དེ་ནས་སློབ་མ་ལ་རྒྱུན་བཤགས་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་དུ་བརྗོད་དུ་གཞུག་གོ །དེ་ནས་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པའི་སྲིན་ལག་གིས་ལས་ཐམས་ཅད་པའི་བུམ་པའི་ཆུ་བླངས་ཏེ། སློབ་མའི་དཔྲལ་བ། མགྲིན་པ། སྙིང་གར་རེག་ཅིང༌། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས། ཡི་གེ་དེ་དག་ཏུ་གྱུར་ལ། མས་ཡར་རེག་ཅིང་འབྲུ་གསུམ་བརྗོད་པས། རྡོ་རྗེ་དང༌། པདྨ་དང༌། འཁོར་ལོར་གྱུར་པར་བསམ་མོ། །ཡང་ཡས་མར་རིམ་པ་བཞིན་རེག་ཅིང་འབྲུ་གསུམ་བརྗོད་པས། ཕྱག་མཚན་དེ་དག་ལ། ཡིག་འབྲུ་དེ་དག་གིས་མཚན་པར་བསམ་པ་ལ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་ནས། བྱིན་གྱིས་བརླབས་པར་བསམ་མོ། །དེ་དག་ལ་མེ་ཏོག་ལ་སོགས་པ་མཆོད་པ་ལྔས་མཆོད་ནས། དེང་ནས་བཟུང་ནས་བུ་ཁྱོད་ཀྱིས། །འཁོར་བའི་ཉེས་པས་མི་གོས་པར། །མཆོད་པ་ཀུན་དང་ལྡན་པར་ནི། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་དོ། །དེ་ནས་ཚོམ་བུ་གཅིག་པའི་མཎྜལ་གྱི་སྟེང་དུ་སོར་བརྒྱད་དམ་བཅུ་གཉིས་ཀྱི་ཚད་དང་ལྡན་པའི་སོ་ཤིང་གསེར་ལས་གྲུབ་པར་བསམས་ལ། ཨོཾ་ཛི་ཧྭ་བཛྲ་སཾ་ཝརྡྷ་ནི་ཞེས་པའི་སྔགས་ཀྱིས་བྱིན་པ། སློབ་མའི་སོས་བལྡད་དེ་སྡིག་པ་ཐམས་ཅད་སྐྱུགས་པར་བསམས་ལ། མཎྜལ་གྱི་དབུས་སུ་དོར་བའི་རྩེ་མོ་ཤར་དུ་ཕྱོགས་པས་ཞི་བ་དང༌། བྱང་དུ་རྒྱས་པ་དང༌། ནུབ་ཏུ་དབང་དང༌། ལྷོར་དྲག་པོ་དང༌། སྟེང་དུ་མཁའ་ལ་སྤྱོད་པ་དང༌། འོག་ཏུ་རིན་པོ་ཆེའི་གཏེར་དང༌། མཚམས་རྣམས་སུ་ཕྱོགས་པས་དངོས་གྲུབ་ཕྲ་མོ་རྣམས་འགྲུབ་པར་ལུང་བསྟན་ནོ། །དེ་ནས་ཨོཾ་ཧྲཱིཿབི་ཤུདྡྷ་སྶརྦ་དྷརྨཱཿསརྦ་པཱ་པཾ་ནི་ཙ་སཾ་ཤོ་དྷ་ཡ་སརྦ་བི་ཀལྤ་ཨ་པ་ན་ཡ་ཧཱུྃ་ཕཊ་ཀྱི་སྔགས་ཀྱིས་ལས་ཐམས་ཅད་པའི་ཆུ་བླུད་པས་སྡིག་པ་དང༌། དྲི་མ་ཐམས་ཅད་སྦྱང་ངོ༌། །དེ་ནས་སྐུད་པ་དམར་པོའམ་སེར་པོ་ལུས་ཚད་དང་མཉམ་པ་སུམ་བལྟབ་ཏུ་བཀལ་ཞིང་རྡོ་རྗེའི་མདུད་པ་གསུམ་བྱས་པ་ཧཱུྃ་ལས་རྡོ་རྗེའི་སྲད་བུར་བྱིན་གྱིས་བརླབས་པ་ལ་ཡེ་ཤེས་ཀྱི་སྐུད་པ་སྤྱན་དྲངས་པ་བསྟིམ་ལ། ཡི་གེ་བཅུ་པས་བསྔགས་པ་སློབ་མ་སྐྱེས་པ་རྣམས་ཀྱི་དཔུང་པ་གཡོན་པ་དང༌། བུད་མེད་ཀྱི་གཡས་པར་ཡི་གེ་བརྒྱ་པ་བརྗོད་ཅིང་བཅིངས་པས་བསྲུངས་ནས། ལག་པ་གཡས་པར་ཀུ་ཤའི་ཆུན་པོ་ཆུང་བ་དྷཱིཿདང༌། གཡོན་པར་ཆེ་བ་ཧཿཞེས་བརྗོད་ནས་བྱིན་ལ། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་དུ་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ན་མི་འབྱུང་སྲིད། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །འགྲོ་དོན་མཉམ་མེད་བྱེད་པར་འགྱུར། །གཞན་ཡང་ཐེག་པ་ཆེན་པོ་ཡི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །ཐམས་ཅད་མཁྱེན་པའི་འབྲས་ཐོབ་པར། །རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར། །དེས་ན་བུ་ཡིས་བརྩོན་པར་གྱིས། །ཞེས་བརྗོད་ཅིང་དོན་བཤད་དེ། སྤྲོ་བ་བརྟན་པོར་བྱའོ། །དེ་ནས་ཀུ་ཤ་ཆུང་བ་སྔས་དང༌། ཆེ་བ་སྟན་དུ་བཅུག་ལ། མགོ་བྱང་ངམ་ཤར་དུ་བསྟན་ནས་གཞོགས་གཡས་པ་འོག་ཏུ་བཅུག་སྟེ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཅེས་ཟློས་བཞིན་པས་ལྷ་དང་བླ་མ་ཡིད་ལ་བྱེད་ཅིང་ཉོལ་ལ། རྨི་ལམ་དུ་མཐོང་བ་རྣམས་ནང་པར་ང་ལ་སྨྲོས་ཤིག ཅེས་བསྒོས་ནས་སོ་སོའི་གནས་སུ་གཏོང་ངོ༌། །ནང་པར་རྨི་ལམ་བཤད་པའི་ཚེ་མི་དགེ་བ་མཐོང་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཡིད་ལ་བྱེད་པ་དང༌། སངས་རྒྱས་སྤྱན་གྱི་བསྒོམ་པ་དང༌། བཟླས་པས་ཞི་བར་བྱའོ། །དགེ་བར་མཐོང་ན་སྤྲོ་བ་བསྐྱེད་དོ། །དེ་ནས་བླ་མས་མེ་ཏོག་ཚོམ་བུའི་དཀྱིལ་འཁོར་ལ་མཆོད་ཅིང་བསྟོད་ནས། ཨོཾ་བཛྲོ་ཏིཥྛའི་སྔགས་དང༌། ཕྱག་རྒྱས་ནམ་མཁའ་ལ་བཏེག་ལ། མཆོད་ཅིང་བསྟོད་ནས། སློབ་མའི་བྱ་བ་མ་རྫོགས་ཀྱི་བར་དུ་བཞུགས་སུ་གསོལ་ལོ། །མེ་ཏོག་ཚོམ་བུ་ལ་སོགས་པ་ལས་ཀྱི་རྗེས་རྣམས་བསྡུས་ནས། གཏོར་མའི་མགྲོན་རྣམས་གཤེགས་སུ་གསོལ་ལ། གཏོར་མའང་གཏང་ངོ༌། །ནམ་མཁའ་ལ་བཏེག་པའི་ལྷ་མཆོད་པའི་ཕྱིར། མཆོད་པ་གསར་པ་བཤམས་ལ། རང་ཉིད་ཉལ་བའི་རྣལ་འབྱོར་དང་ལྡན་པས་ཉལ་བར་བྱའོ། །སྟ་གོན་གྱི་ཆོ་གའོ།།  །།དེ་ནས་ནང་པར་ལྡང་བའི་རྣལ་འབྱོར་གྱིས་ལངས་ལ། དག་པ་གསུམ་དྲན་པར་བྱས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨ་བཛྲ་ཤུདྡྷོ྅་ཧཾ། ཨོཾ་ཡོ་ག་ཤུདྡྷ་སྶརྦ་དྷརྨ་ཡོ་ག་ཤུདྡྷོ྅་ཧཾ། ཞེས་བརྗོད་དོ། །དེ་ནས་དཀྱིལ་འཁོར་གྱི་གཞི་བ་བྱུང་དང༌། དྲི་བཟང་གིས་ལེགས་པར་བྱུགས་ལ། ཆ་ཆེན་བཅུ་དྲུག་སྒོ་རྐྱང་པ། པདྨ་འདབ་བརྒྱད་དང༌། ལྷ་སྣམ་སྟེ། འཕར་མ་གཉིས་དང་ལྡན་པའི་རྐྱང་པ་དང༌། བསྐོར་བའི་ལས་ཀྱི་ཐིག་གདབ་པར་བྱ་སྟེ། མཐོང་བ་བརྒྱུད་པ་ལས་ཤེས་པར་བྱའོ། །དེའི་སྟེང་དུ་དྲང་བར་བདེ་ཞིང་མདོག་ཕུན་སུམ་ཚོགས་པའི་རྡུལ་ཚོན་བདུད་རྩིའི་རི་ལུས་སྦགས་པ། ལྗང་གུ་ལ་ཨཿབྲིས་པ་དབུས་དང༌། དཀར་པོ་ལ་ཨོཾ་བྲིས་པ་ཤར་དང༌། སེར་པོ་ལ་ཏྲཱཾ་བྲིས་པ་ལྷོ་དང༌། དམར་པོ་ལ་ཧྲཱིཿབྲིས་པ་ནུབ་དང༌། སྔོན་པོ་ལ་ཧཱུྃ་བྲིས་པ་བྱང་དུ་བཀོད་པའི་སྟེང་དུ་སྲིན་བལ་ལ་སོགས་པ་ལས་བྱས་པའི་སྲད་བུ་སྦོམ་ཕྲ་དང༌། རིང་ཐུང་དང༌། འཇུར་མདུད་མེད་པ་ལྔ་སྒྲིལ་དུ་བཀལ་བ་དཀྱིལ་འཁོར་གྱི་ཉིས་འགྱུར་གྱི་ཚད་དང་མཉམ་པ་རྣམས་ཚོན་སྣ་ལྔས་བསྒྱུར་ལ་གཞག་གོ །དེའི་མདུན་དུ་མཆོད་པ་དང༌། གཏོར་མ་བཤམས་པ་ལ་ཕྱོགས་པས་སློབ་དཔོན་ཤར་དུ་འདུག་ལ། སྒྲོལ་མའི་རྣལ་འབྱོར་རྫོགས་པར་བསྒོམས་ཏེ། ཐིག་ཚོན་རྣམས་བིགྷྣཱནྟ་ཀྲྀ་ཏ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱངས་པའི་ངང་ལས་ས་བོན་སོ་སོ་ལས་རིགས་ལྔ་ཡུམ་ལྔ་དང་བཅས་པ་བསྐྱེད། ཡེ་ཤེས་པ་གཞུག དབང་བསྐུར། རྡོ་རྗེ་སེམས་དཔས་དབུར་བརྒྱན་པ་ལ་ཕྱི་ནང་གིས་མཆོད། དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །ལ་སོགས་པས་བསྟོད། དེ་དག་སྙོམས་པར་ཞུགས་པ་ལས་བྱུང་བའི་ཐིག་ཚོན་དུ་གྱུར་པར་བསམ་ཞིང༌། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད་དོ། །དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ཤར་དུ་བལྟས་ཏེ་ལངས་ལ། ཐིག་སྐུད་རྣམས་བླངས་ཏེ་གཡས་པའི་མཐེབ་སྲིན་གྱིས་ཐིག་སྣ་འཛིན་ལ་བགེགས་མཐར་བྱེད་ཀྱི་ང་རྒྱལ་འཛིན་པ་ལ་རིམ་པས་གཏད་དེ། གཉིས་ཆར་གྱིས་ཛཿཛཿཛཿ ཞེས་བརྗོད་དོ། །དེ་ནས། ཕན་ཚུན་རྗེས་སུ་རྟོགས་པ་སྟེ། །ཆོས་ཀུན་ཕན་ཚུན་རྗེས་སུ་འགྲོ། །ཆོས་རྣམས་ཐམས་ཅད་ཤིན་ཏུ་ཡང༌། །ཀུན་ཏུ་འགྲོ་བར་ཆོས་ཀུན་བརྗོད། །ཅེས་བརྗོད་ཅིང་ལྔ་ཀ་ལྷན་ཅིག་ཏུ་བསྒྲིལ་ནས་རྡོ་རྗེ་ལ་དཀྲིས་ཏེ། ནང་མཆོད་ཀྱིས་གཏོར་རོ། །དེ་ནས་སློབ་དཔོན་ཤར་བལྟས་སློབ་མ་ནུབ། །ཚངས་ཐིག་དང་པོ་གདབ་པར་བྱ། །སློབ་དཔོན་ལྷོར་འདུག་སློབ་མ་བྱང༌། །གཉིས་པ་ཡང་ནི་གདབ་པར་བྱ། །མེ་ཡི་ཕྱོགས་སུ་གནས་པ་ཡིས། །བྱང་བལྟས་ཤར་གྱི་ཐིག་གདབ་བྱ། །རླུང་གནས་ལྷོར་བལྟས་ནུབ་ཐིག་གདབ། །དེ་ཉིད་ལས་ནི་བྱང་ངོས་གདབ། །མེར་གནས་ལྷོ་ཕྱོགས་ཐིག་བྱ་ཞིང༌། །དེ་ནས་རླུང་གི་ཕྱོགས་སུ་བྱ། །བདེན་བྲལ་གནས་པས་དབང་ལྡན་པར། །རིམ་པས་ཇི་བཞིན་གདབ་པར་བྱ། །དེའི་ཚེ། ནམ་མཁའ་གང་བའི་སངས་རྒྱས་རྣམས། །འགྲོ་དོན་མཛད་དུས་འདི་ལགས་པས། །ཁྱེད་རྣམས་འདིར་ནི་གཤེགས་གསོལ་བར། །ཐིག་སྐུད་སྒྲ་ཡིས་བསྐུལ་བར་བགྱི། །ཞེས་པ་དང༌། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད་ཅིང༌། ཐིག་ཆེན་བརྒྱད། འོག་དང་སྟེང་ཆ་གཉིས་སུ་བཏབ་པས་གཞལ་ཡས་ཁང་གི་རྣམ་པར་གྲུབ་པར་བལྟས་ནས། ཤར་ནུབ་ཏུ་གནས་པས་རྡོ་རྗེ་ལ་ཐིག་སྐུད་དཀྲིས་པ་ལ་བདུད་རྩི་གཏོར་ནས། ཨོཾ་བཛྲ་བེ་གེ་ཀྲ་མ་ཧོ། ཞེས་ཕྱག་རྒྱ་དང་བཅས་པས་ཡེ་ཤེས་ཀྱི་ཐིག་རྣམས་ནམ་མཁའ་ལ་བཏེག་ནས་རྡོ་རྗེ་དྲིལ་བུ་དཀུར་འཛིན་པས་དཀྱིལ་འཁོར་གྱི་དབུས་སུ་སོང་ལ། འགྱིང་བ་དང་བཅས་པས་ཕྱོགས་བཞིར་མིག་ཤིན་ཏུ་གདངས་བས་བལྟ་ཞིང༌། ཧི་ཞེས་བརྗོད་པས་སྒོ་བཞི་བྱེ་བར་བསམ་མོ། །དེ་ནས་སློབ་དཔོན་དབུས་ནས་ཤར་དུ་བལྟས་ཏེ། ཨོཾ་བཛྲ་ས་མ་ཡ་ཙི་ཏྲ་མ་ཏི་ཀྲ་མ་ཧཱུྃ་གིས་རྡུལ་ཚོན་རྣམས་བསྔགས་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་དབང་ལྡན་གྱི་རྩིག་པའི་ནང་ནས་རིམ་པ་བཞིན་ལྗང་གུ། དཀར་པོ། སེར་པོ། དམར་པོ། སྔོན་པོ་རྣམས་སྒོ་ལོགས་ཀྱི་ཚད་དང་མཉམ་པ། སྦོམ་ཕྲ་དང༌། འདྲེས་པ་དང༌། བར་ཆད་ལ་སོགས་པའི་ཉེས་པ་དང་བྲལ་པ་གཡས་སྐོར་དུ་བྲི་ཞིང༌། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་གྲོལ་བྱེད། །བཅོམ་ལྡན་འདས་མ་སྒྲོལ་མ་ཡི། །དཀྱིལ་འཁོར་དམ་པ་བྲི་བར་བྱ། །ཞེས་པ་དང༌། གོང་གི་སྔགས་བརྗོད་ཅིང་བྲིས་ལ། རིགས་ལྔའི་ངོ་བོར་བལྟས་ནས་མཆོད་དེ། ཀ་པཱ་ལས་ཁ་བཅད་པའི་སྟེང་དུ་ཐིག་སྐུད་ཀྱིས་དཀྲིས་པའི་རྡོ་རྗེ་བཞག་ལ། ཧཱུྃ་གི་སྔགས་ཀྱིས་དབུས་ཀྱི་ཕུར་བུ་ཕྱུང་བའི་བུ་གར་སྔར་གྱི་རིམ་པས་རྡུལ་ཚོན་རྣམས་ཀྱིས་དགང་ངོ༌། །དེ་ནས་དཀྱིལ་འཁོར་གྱི་དབུས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་སེར་པོ། འདབ་མ་མཛེས་ཚོན། མུ་ཁྱུད་དམར་པོ་ལ་རལ་གྲིའི་ཕྲེང་བ་བཀོད་པ། ལྷ་སྣམ་དམར་པོ། སྒོ་བཞི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་སྔོན་པོ། གྲྭ་བཞིར་བུམ་པ་གཉིས་གཉིས་ཏེ་བུམ་པ་བརྒྱད། རྟ་བབས་དང༌། འདོད་ཡོན་དང༌། ཕ་གུ་དང༌། དྲྭ་བ་དྲྭ་ཕྱེད་དང༌། མདའ་ཡབ་ལ་སོགས་པ་རྣམས་དཀྱིལ་འཁོར་སྤྱི་དང་མཐུན་པར་བྱས་པ་ལ་མཚན་མ་དགོད་པ་ནི། དབུས་སུ་ཨུཏྤ་ལ་ལྗང་གུ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་ཤར་དང༌། ཤར་ལྷོར་འཁོར་ལོ། ལྷོ་དང༌། ལྷོ་ནུབ་ཏུ་རིན་པོ་ཆེ། ནུབ་དང༌། ནུབ་བྱང་དུ་པདྨ། བྱང་དང༌། བྱང་ཤར་དུ་རྡོ་རྗེ་དང༌། ལྷ་སྣམ་གྱི་ཤར་ལྷོར་སྤོས་ཁང༌། ལྷོ་ནུབ་ཏུ་མེ་ཏོག ནུབ་བྱང་དུ་མར་མེ། བྱང་ཤར་དུ་དྲིའི་དུང་ཆོས། ཤར་སྒོར་ལྕགས་ཀྱུ། ལྷོ་སྒོར་ཞགས་པ། ནུབ་སྒོར་ལྕགས་སྒྲོག བྱང་སྒོར་དྲིལ་བུ་རྣམས་སོ་སོའི་ཁ་དོག་དང་མཐུན་པར་དགོད་དོ། །རྟ་བབས་ཀྱི་གཞི་སྣ་ཚོགས་རྡོ་རྗེ། གཞལ་ཡས་ཁང་གི་གཞི་ཉི་མའི་དཀྱིལ་འཁོར་ལྗང་གུ། པདྨའི་འདབ་མ་མཛེས་ཚོན། དེའི་ཕྱི་རོལ་དུ་མུ་ཁྱུད་ལ་ཕྱོགས་སྐྱོང་བ་རྣམས་དང༌། རྒྱལ་པོ་ཆེན་པོ་བཞིའི་མཚན་མ་རྣམས་སོ་སོའི་ཐད་སོར་བཀོད་པའི་ཕྱི་རོལ་དུ་རྡོ་རྗེའི་ཕྲེང་བ་དང༌། མེའི་ཁོར་ཡུག་བྲིའོ། །དེའི་ཕྱི་རོལ་དུ་མཆོད་པ་དང༌། གཏོར་མ་རྣམས་ཀྱིས་བསྐོར་ཞིང༌། བླ་རེ་དང༌། རྒྱལ་མཚན་དང༌། བ་དན་ལ་སོགས་པས་དཀྱིལ་འཁོར་གྱི་གནས་ཉེ་བར་བརྒྱན་ཞིང་མཛེས་པར་བྱའོ། །དེ་ནས་ཕྱི་དྲོའི་དུས་ཀྱི་ཚེ། སློབ་དཔོན་སྒྲུབ་པའི་གྲོགས་དང་བཅས་པ་འཁོད་དེ། སྔོན་འགྲོའི་གཏོར་མ་བཏང་བ་ནས་མཆོད་པ་བྱིན་གྱིས་བརླབ་པའི་བར་སྟ་གོན་ལྟར་བྱའོ། །དེ་ནས་ལས་ཐམས་ཅད་པའི་ཆུའམ་ནང་མཆོད་ཀྱིས་དཀྱིལ་འཁོར་ལ་གཏོར་ཞིང༌། བགེགས་མཐར་བྱེད་ཀྱི་སྔགས་ཀྱིས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སྒྲུབ་ཐབས་ལྟར་བསྐྱེད་ཅིང༌། ཁོར་ཡུག་ལ་ཕྱོགས་སྐྱོང་བཅུ་དང༌། རྒྱལ་པོ་ཆེན་པོ་བཞི་བསྐྱེད་ལ་བདག་གིས་བསྒོམས་པའི་དཀྱིལ་འཁོར་དང་ཡང་གཉིས་སུ་མེད་པར་བསྲེས་ནས། སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ་སྟ་གོན་གྱི་དཀྱིལ་འཁོར་ནམ་མཁར་བཞུགས་པ་ལ་མཆོད་ནས་བསྟིམ་མོ། །སླར་ཡང་ཡེ་ཤེས་པ་གཞུག་པ་དང༌། དབང་བསྐུར་ནས་རིགས་བདག་གི་རྒྱས་གདབ་པ་སྒྲུབ་ཐབས་ལྟར་བྱས་ལ། སོ་སོའི་སྔགས་ལན་བདུན་བདུན་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་བདག་ཉིད་གཙོ་མོའི་ཐུགས་ཀ་ནས་སྒྲོལ་མ་ཉིད་དམ། དོན་ཡོད་གྲུབ་པའི་ང་རྒྱལ་གྱིས་བྱེ་ནས་ཤར་དུ་གནས་པས་དཀྱིལ་འཁོར་ལ་མཆོད་པ་དང༌། བསྟོད་པ་དང༌། གཏོར་མའི་བར་སྟ་གོན་གྱི་སྐབས་ལྟར་བྱས་ནས། དཀྱིལ་འཁོར་བལྟ་བར་མི་དབང་བའི་འབྱུང་པོ་རྣམས་ལ་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་གཏོར་མ་བཤམས་ལ་རྡོ་རྗེ་གནོད་སྦྱིན་ལ་སོགས་པའི་སྔགས་དང༌། ཕྱག་རྒྱས་བྱིན་གྱིས་བརླབས་ལ། ཕྱི་རོལ་པའི་འབྱུང་པོ་རྣམས་ལ་བྱིན་པར་བསམ་ཞིང༌། ཨོཾ་དེ་ཝ། ནཱ་ག ཡཀྵ། གནྡྷརྦྷ། ཨ་སུ་ར། ག་རུ་ཌ། ཀིནྣ་ར། མ་ཧོ་ར་ག མ་ནུ་ཥྱ། ཨ་མ་ནུ་ཥྱ། སརྦ་བྷཱུ་ཏེ་བྷྱོ་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲིཧྣེ་དཾ་བ་ལིཾ་ཏེ་སྭཱ་ཧཱ། ཞེས་གསུམ་མམ་བདུན་གྱིས་ཕུལ་ལ། དཀྱིལ་འཁོར་ཆེན་པོ་བལྟ་བར་མི་དབང་བའི་འབྱུང་པོའི་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ། སའི་ཕྱོགས་འདིར་མ་གནས་པར་དེངས་ཤིག ཅེས་བརྗོད་ལ་རོལ་མོའི་སྒྲ་དང་བཅས་པས་གཏོར་མ་གཏང་ངོ༌།།  །།དེ་ནས་དཀྱིལ་འཁོར་གྱི་དྲུང་ཤར་ཕྱོགས་སུ་འདུག་ནས། ཏིང་ངེ་འཛིན་གྱིས་སྒོ་བཞི་ཕྱེ་བར་བསམས་ལ། ཨོཾ་བཛྲ་དྷ་རོདྒྷ་ཊ་ཡ་བཛྲ་ས་མ་ཡ་སྭཱ་ཧཱ། ཞེས་བརྗོད་ནས། དབང་བསྐུར་བའི་ཆོ་ག་རྣམས་གཙོ་མོས་མཛད་ཅིང༌། དབང་རྫས་གཏོད་པ་ལ་སོགས་པའི་ལས་རྣམས་དེའི་ཐུགས་ཀ་ནས་སྤྲུལ་པའི་བགེགས་མཐར་བྱེད་ཀྱིས་མཛད་པར་བསམ་ཞིང༌། སློབ་མ་ལ་ཇི་ཙམ་དབང་བསྐུར་བ་རྣམས་རང་གིས་བླང་བར་བྱའོ། །བདག་ཉིད་འཇུག་པའོ།།  །།དེ་ནས་སློབ་མ་ཐོགས་པ་མེད་པར་འཇུག་པར་བྱ་བའི་ཕྱིར་རྡོ་རྗེ་དྲིལ་བུ་འཛིན་པས། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང༌། །དེ་བཞིན་ཉིད་ལས་ངེས་པར་བྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་ནི། །ཀུན་གྱིས་དྲི་མེད་མཐོང་བར་ཤོག །ཅེས་ལན་གསུམ་བརྗོད་དོ། །དེ་ནས་ཚོགས་ཀྱི་ཡོ་བྱད་ཀྱིས་ཕྱི་ནང་གི་ལྷ་རྣམས་མཆོད་པ་ལྷག་གཏོར་གྱི་བར་བྱས་ནས། གསང་བའི་རྫས་རྣམས་བསྒྲིབ་པ་དང༌། དཀྱིལ་འཁོར་ཡོལ་བས་བཅད་ནས་སློབ་མ་རྣམས་ཁྲུས་བྱས་ཏེ་ཕྱག་འཚལ་ནས་རིམ་པས་འཁོད་པས་དབང་གི་དོན་དུ་མཎྜལ་ཕུལ་ནས། སྟ་གོན་གྱི་སྐབས་ལྟར། དགའ་ཆེན་ཁྱོད་ལ་བདག་དགའ་འོ། །ཞེས་བྱ་བ་ལ་སོགས་པས་གསོལ་བ་ལན་གསུམ་བཏབ་ལ། ཨོཾ་ཨ་ཁཾ་ཝཱི་ར་ཧཱུྃ་གིས་གདོང་གཡོགས་བཅིང་ཞིང༌། མེ་ཏོག་གི་ཕྲེང་བ་གཏད་ལ། བིགྷྣཱན་ཏ་ཀྲྀ་ཏ་ཀྱི་སྔགས་དང་ལས་ཐམས་ཅད་པའི་བུམ་པའི་ཆུས་བསངས་ནས། ཨོཾ་ཨཱཿཧཱུྃ་གིས་བདུད་རྩི་འཐུང་དུ་བཅུག་པས་བྱིན་གྱིས་བརླབས་ལ། སྐད་ཅིག་གིས་བགེགས་མཐར་བྱེད་དུ་བསྐྱེད་དོ། །དེའི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསྒོམས་ལ། བླ་མས་རྡོ་རྗེ་སྙིང་གར་བཞག་ཅིང༌། གཉིས་ཀས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་བརྗོད་ལ། སློབ་དཔོན་གྱིས། སུ་ར་ཏི་ས་མ་ཡ་ཧོ། སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་པས་བྱིན་གྱིས་བརླབས་ནས། སྤྱི་བོར་རྡོ་རྗེ་བཞག་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང༌། དཔའ་བོ་དང༌། རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཧཱུྃ་ཞེས་པས་གསང་བར་གདམས་ནས། དཀྱིལ་འཁོར་གྱི་སྒོ་མ་བཞིའི་ཐུགས་ཀ་ནས་རང་དང་འདྲ་བའི་ཕོ་ཉ་སྤྲོས་པས་སློབ་མ་རྣམས་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་བསམ་ཞིང༌། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་ནས་ལས་ཀྱི་རྡོ་རྗེས་སློབ་མ་ཁྲིད་ནས་བླ་མ་དང༌། དཀྱིལ་འཁོར་ལ་ལན་གསུམ་བསྐོར་བའམ། བསྐོར་བར་མོས་ལ། ཧ་ཧ་ཧེ་ཧེ། ཞེས་བརྗོད་ཅིང༌། ཡོལ་བའི་ནང་དུ་གཞུག་གོ །དེ་ནས་སློབ་མ་རྣམས་ཀྱིས་དཔྲལ་བར་ཐལ་མོ་སྦྱར་ནས། ན་མསྟེ་ཧཱུྃ་གིས་དཀྱིལ་འཁོར་གྱི་ལྷའི་སྐུ་དང༌། མགྲིན་པར་ཐལ་མོ་སྦྱར་ནས་ན་མོ་མི་ཧཱུྃ་གི་གསུང་དང༌། སྙིང་གར་ཐལ་མོ་སྦྱར་ནས་ན་མོ་ནཱ་མ་ཧཱུྃ་གིས་ཐུགས་ལ་ཕྱག་འཚལ་དུ་གཞུག་གོ །དེ་ནས་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ལ་སོགས་པས་རྒྱུན་བཤགས་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལན་གསུམ་བྱེད་དུ་བཅུག་ནས་སྨོན་པ་དང༌། འཇུག་པའི་བྱང་ཆུབ་ཀྱི་སེམས་བརྟན་པའི་གསང་སྔགས་ཀྱི་རིགས་ལྔའི་དམ་ཚིག་དང་སྡོམ་པའི་ཡན་ལག་ཐམས་ཅད་གཟུང་བའི་བསམ་པས། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་ནི་བཟུང་ནས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བདག་གིས་གཟུང༌། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བདག་གིས་གཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་རྣལ་འབྱོར་གྱི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་དུས་དྲུག་དུ། །ཟང་ཟིང་མི་འཇིགས་དམ་ཆོས་དང༌། །བྱམས་པ་རིན་ཆེན་རིགས་མཆོག་གི །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་གྱིས་སྡོམ་པ་གཟུང་ངོ༌། །དེ་ནས་རྡོ་རྗེ་སྤྱི་བོར་བཞག་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། །མ་མཐོང་སྣོད་དང་མི་ལྡན་པ། །སུ་ལའང་སྟོན་པར་མ་བྱེད་ཅིག །ཅེས་ཡང་དག་པར་གདམས་ནས། ཨོཾ་ཨཱཿཧཱུྃ་གིས་བདུད་རྩི་གླུད་ལ། འདི་ནི་རྡོ་རྗེ་དམ་ཚིག་ཡིན། །སྲུངས་ཤིག་མ་བསྲུངས་སྲེག་པར་བྱེད། །བསྲུངས་ན་དངོས་གྲུབ་སྟེར་བྱེད་པའི། །བདུད་རྩི་འདི་ནི་མྱང་བར་གྱིས། །ཨོཾ་པཉྩ་ཨ་མྲི་ཏ་ཨུ་ད་ཀ་ཋཿཋཿཋཿཞེས་བརྗོད་ནས་མནའ་ཆུ་བླུད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ཤིག བཅོམ་ལྡན་འདས་སྒྲོལ་མ་བདག་ལ་དབབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་གདབ་བོ། །དེ་ནས་སློབ་མ་ལ་ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟར་ཤེས་པས་རང་གི་ལུས་དང༌། ལོངས་སྤྱོད་ལ་མ་ཆགས་པའི་བློ་བསྐྱེད་ལ། སློབ་དཔོན་གྱི་ཐུགས་ཀ་ནས་ཡི་གེ་ཨ་དམར་པོ་དཔག་ཏུ་མེད་པ་འཕྲོས་ནས་སློབ་མའི་ལུས་ལ་ཐིམ་པས་སྡིག་པ་དང་སྒྲིབ་པ་སྦྱངས་ནས་མྱ་ངན་མེད་པའི་སྒྲོལ་མར་གྱུར་པ་ནི་སྐུ་མདོག་དམར་མོ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་སྤྱི་བོར་ཐལ་མོ་སྦྱར་ཞིང༌། གཡས་ཀྱི་གཉིས་པས་རལ་གྲི་དང༌། གཡོན་གྱི་གཉིས་པས་མྱ་ངན་མེད་པའི་ཤིང་འཛིན་པ་བསྐྱེད་པའི་སྤྱི་བོར་སྣ་ཚོགས་རྡོ་རྗེ་ལས་འོད་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྒྲོལ་མའི་སྐུར་གྱུར་པ་སྣ་ཚོགས་རྡོ་རྗེ་ལ་ཞུགས་ཤིང་སློབ་མའི་ལུས་ལ་ཐིམ་པར་དཔོན་སློབ་གཉིས་ཆར་གྱིས་བསྒོམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཙིཏྟ་མཎྜ་ལ་བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད་ཅིང་གུ་གུལ་གྱིས་བདུག རོལ་མོའི་སྒྲ་དྲག་ཏུ་བྱས་པས་ཡེ་ཤེས་ཕབ་ནས་སྤྱི་བོར་རྡོ་རྗེ་བཞག་ལ། ཨོཾ་ཏིཥྛ་བཛྲས་བརྟན་པར་བྱའོ། །ཡང་རྡོ་རྗེ་སྤྱི་བོར་བཞག་ལ། སངས་རྒྱས་ཀུན་དངོས་རྗེ་བཙུན་མ། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །རྟག་ཏུ་ཡི་དམ་ལྷ་ཡིན་གྱིས། །ཚུལ་འདི་སྨྲ་བར་མ་བྱེད་ཅིག །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་པས་ཡེ་ཤེས་ཞུགས་ཀྱི་དབང་མ་ཐོབ་པ་ལ་མི་སྨྲ་བར་གདམས་ནས་སླར་རྡོ་རྗེ་བཞག་ལ། ང་ནི་འཕགས་མ་སྒྲོལ་མ་སྟེ། །ང་ཡིས་བསྒོ་བའི་ལས་གྱིས་ལ། །མ་མོས་བརྙས་པར་མ་བྱེད་ཅིག །གལ་ཏེ་ཁྱོད་ཀྱིས་བརྙས་ན་ནི། །དམ་ཚིག་འདི་ཡིས་སྲེག་པར་བྱེད། །ཚ་བ་ཆེན་པོའི་གནས་སུ་སྲེག །ཅེས་བླ་མའི་བཀའ་ཉན་པར་བསྒོའོ། །དེ་ནས་བླ་མས་རྡོ་རྗེ་དྲིལ་བུ་འཛིན་པས། དེ་བཞིན་གཤེགས་པ་ཀུན་གྱི་གནས། །བཅོམ་ལྡན་རོལ་མའི་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དང༌། །བསོད་ནམས་རིམ་པའང་དེ་བཞིན་ཤོག །རིགས་ནི་གང་གི་སྣོད་དུ་གྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཅེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། སློབ་མ་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་ཐོགས་ཏེ། དཀྱིལ་འཁོར་གྱི་སྒོ་ཤར་ནས་གདོང་གཡོགས་དང་བཅས་ཏེ། དཀྱིལ་འཁོར་གྱི་སྟེང་གི་བར་སྣང་ལ་བལྟས་པས་དཀར་པོར་མཐོང་ན་ཞི་བ། སེར་པོ་རྒྱས་པ། དམར་པོ་དབང༌། སྔོན་པོ་དྲག་པོ་ལྗང་གུ་དང༌། ཁྲ་བོ་ཕྲིན་ལས་སྣ་ཚོགས་འགྲུབ་པར་ལུང་བསྟན་ནས། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་བརྗོད་པས་མེ་ཏོག་ཕུལ་བ་གང་ལ་ཕོག་པ་དེ་ཁྱོད་ཀྱི་ལྷག་པའི་ལྷ་ཡིན་ནོ། །ཞེས་བརྗོད་ནས། བླངས་པ་སྤྱི་བོར་བཞག་སྟེ། ཨོཾ་པྲ་ཏཱི་གྲིཧྣ་སྭ་མི་མཾ་སཏྭ་མ་ཧཱ་བ་ལ་ཨོཾ་ཞེས་བརྗོད་ནས། རང་བཞིན་དག་པ་བདག་མེད་ལུས། །དཔའ་བོ་དང་ནི་དཔའ་མོའི་གནས། །དྲི་མེད་རང་བཞིན་དཀྱིལ་འཁོར་འདི། །བུ་ཁྱོད་ཀྱིས་ནི་བལྟ་བར་གྱིས། །ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལ་ཧྲཱིཿཔྲཱཾ། ཞེས་བརྗོད་ནས། དཀྱིལ་འཁོར་བསྟན་ལ། གཙོ་མོ་ནས་བརྩམས་ཏེ་ལྷ་སོ་སོ་དང༌། དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྟན་ནོ། །དཀྱིལ་འཁོར་དུ་འཇུག་པའོ། །དེ་ནས་དབང་བླང་བའི་ཕྱིར་མཎྜལ་ཕུལ་ནས། བསམ་གྱིས་མི་ཁྱབ་དམ་ཆོས་སྣོད། །དབང་བསྐུར་དམ་པ་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་འདེབས་སུ་བཅུག་ནས། སློབ་མ་རིན་པོ་ཆེའི་ཁྲིའི་སྟེང་དུ་སྒྲོལ་མ་ལྗང་གུར་དམིགས་པའི་སྟེང་ན་རིན་པོ་ཆེའི་གདུགས། ཉེ་འཁོར་ཐམས་ཅད་མཆོད་པས་ཡོངས་སུ་གང་བ་ལ་མཆོད་ལ། དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རིགས་ལྔས་དབང་བསྐུར། ཡུམ་བཞིས་རྡོ་རྗེའི་གླུ་ལེན། བྱང་ཆུབ་སེམས་དཔས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། ཁྲོ་བོས་བགེགས་བསྐྲད། མཆོད་པའི་ལྷ་མོས་མཆོད་པ་མཛད་པར་བསམ་ཞིང༌། དངོས་སུ་ཕུན་སུམ་ཚོགས་པ་ལ་སོགས་པའི་བཀྲ་ཤིས་བརྗོད་ལ། མེ་ཏོག་གཏོར་བ་ནི་སྔོན་དུ་འགྲོ་བ་ཤིས་པའི་ཆོ་གའོ། །དེ་ནས་སློབ་མ་དང༌། བུམ་པ་རྣམས་ཀྱི་ཆུ་རྣམས་རྣམ་རྒྱལ་དུ་བསྡུས་པ་སྭ་བྷཱ་ཝས་མི་དམིགས་ཏེ། སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་པ། མཱ་མ་ཀཱི་དང་བཅས་པར་བསྐྱེད་པའི་གནས་གསུམ་དུ། ཨོཾ་ཨཱཿཧཱུྃ་བཀོད། ཡེ་ཤེས་པ་བསྟིམ། དབང་རྫས་ལ་དབང་བསྐུར། མི་བསྐྱོད་པའི་རྒྱས་བཏབ་པ་སྙོམས་པར་ཞུགས་པ་ལས་བྱུང་བའི་བུམ་པའི་ཆུར་བལྟ། བླ་མ་དང་དབང་གི་ལྷ་རྣམས་ལ་བདག་ལ་ཆུའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་དབང་བསྐུར་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་འདིར་ནི་དབང་བསྐུར་རོ། །ཨོཾ་བཛྲ་ཨཱ་དརྴ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར་བས་ལུས་ཐམས་ཅད་གང༌། དྲི་མ་རྣམས་དག མི་བསྐྱོད་པས་དབུར་བརྒྱན་པ་ལ། མཆོད་པ་ལྔས་མཆོད་ནས། མི་བསྐྱོད་པའི་རང་བཞིན་ཆུའི་དབང་ཐོབ་པས་ཞེ་སྡང་དག མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་མི་བསྐྱོད་པར་གྱུར་ཞེས་རྟོགས་པ་བསྐྱེད་དོ། །དེ་ནས་སློབ་མ་རྣམས་དང༌། དབུ་རྒྱན་མི་དམིགས་ཏེ་སྟོང་པའི་ངང་ལས་ཨཱྃ་ལས་རིན་པོ་ཆེ་ཨཱྃ་གིས་མཚན་པ་ལས་རིན་ཆེན་འབྱུང་ལྡན། རིན་ཆེན་སྒྲོལ་མ་དང་བཅས་པར་བསྐྱེད་པའི་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་པ་བསྟིམ། དབང་རྫས་ལ་དབང་བསྐུར། རིན་ཆེན་འབྱུང་ལྡན་གྱི་རྒྱས་བཏབ་པ་སྙོམས་པར་ཞུགས་པ་ལས་བྱུང་བའི་དབུ་རྒྱན་དུ་བལྟའོ། །དེ་ནས་བླ་མ་དང་དབང་གི་ལྷ་རྣམས་ལ་བདག་ལ་དབུ་རྒྱན་གྱི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱིས་རབ་བསྔགས་པའི། །ཅོད་པཎ་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་ས་མ་ཏ་ཛྙཱ་ན་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཱཾ། ཞེས་གསུང་ཞིང་དབུ་རྒྱན་བཅིང༌། བུམ་པའི་ཆུས་ཀྱང་དབང་བསྐུར། རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པ་ལ་མཆོད་པས་མཆོད་ནས། རིན་ཆེན་འབྱུང་ལྡན་གྱི་རང་བཞིན་དབུ་རྒྱན་གྱི་དབང་བསྐུར་བས། ང་རྒྱལ་དང་སེར་སྣ་དག མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་འབྱུང་ལྡན་དུ་གྱུར་ཞེས་རྟོགས་པ་བསྐྱེད་དོ། །དེ་ནས་སློབ་མ་དང༌། རྡོ་རྗེ་མི་དམིགས་པའི་ངང་ལས་ཛྲཱིཾ་ལས་པདྨ་ཛྲཱིཾ་གིས་མཚན་པ་ལས་འོད་དཔག་མེད་གོས་དཀར་མོ་དང་བཅས་པར་བསྐྱེད་པའི་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་པ་བསྟིམ། དབང་རྫས་ལ་དབང་བསྐུར། འོད་དཔག་མེད་ཀྱི་རྒྱས་བཏབ་པ་སྙོམས་པར་ཞུགས་པ་ལས་བྱུང་བའི་རྡོ་རྗེར་བལྟ། བླ་མ་དང༌། དབང་གི་ལྷ་རྣམས་ལ་བདག་ལ་རྡོ་རྗེའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲ་པྲ་ཏྱ་བེ་ཀྵ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་མཱཾ། ཞེས་གསུང་ཞིང་ལག་པ་གཡས་པར་རྡོ་རྗེ་སྦྱིན། བུམ་པའི་ཆུས་ཀྱང་དབང་བསྐུར། འོད་དཔག་མེད་ཀྱིས་དབུར་བརྒྱན་པ་ལ་མཆོད་པས་མཆོད་ནས། འོད་དཔག་མེད་ཀྱི་རང་བཞིན་རྡོ་རྗེའི་དབང་བསྐུར་བས་འདོད་ཆགས་དག སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་འོད་དཔག་མེད་དུ་གྱུར་ཞེས་རྟོགས་པ་བསྐྱེད་དོ། །དེ་ནས་སློབ་མ་དང་དྲིལ་བུ་མི་དམིགས་པའི་ངང་ལས་ཁྃ་ལས་རལ་གྲི་ཁྃ་གིས་མཚན་པ་ལས་དོན་ཡོད་གྲུབ་པ་སྒྲོལ་མ་དང་བཅས་པར་བསྐྱེད་པའི་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་པ་བསྟིམ། དབང་རྫས་ལ་དབང་བསྐུར། དོན་ཡོད་གྲུབ་པའི་རྒྱས་བཏབ་པ་སྙོམས་པར་ཞུགས་པ་ལས་བྱུང་བའི་དྲིལ་བུར་བལྟ། བླ་མ་དང་དབང་གི་ལྷ་རྣམས་ལ། བདག་ལ་དྲིལ་བུའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་ཀྲི་ཏཱ་ནུཥྛཱ་ན་བཛྲ་གྷཎྜེ་ཨ་བྷི་ཥིཉྩ་མཱཾ། ཞེས་གསུང་ཞིང༌། ལག་པ་གཡོན་པར་དྲིལ་བུ་སྦྱིན། བུམ་པའི་ཆུས་ཀྱང་དབང་བསྐུར། དོན་ཡོད་གྲུབ་པས་དབུར་བརྒྱན་པ་ལ་མཆོད་པས་མཆོད་ནས། དོན་ཡོད་གྲུབ་པའི་རང་བཞིན་དྲིལ་བུའི་དབང་བསྐུར་བས་ཕྲག་དོག་དག བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་དོན་ཡོད་གྲུབ་པར་གྱུར་ཞེས་རྟོགས་པ་བསྐྱེད་དོ། །དེ་ནས་སློབ་མ་མི་དམིགས་པའི་ངང་ལས་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས། རྣམ་པར་སྣང་མཛད་སངས་རྒྱས་སྤྱན་དང་བཅས་པར་བསྐྱེད་པའི་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་པ་བསྟིམ། བླ་མ་དང་དབང་གི་ལྷ་རྣམས་ལ། བདག་ལ་མིང་གི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲ་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ་ཞེས་མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་མིང་གདགས། བུམ་པའི་ཆུས་ཀྱང་དབང་བསྐུར། རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པ་ལ་མཆོད་པས་མཆོད་ནས། རྣམ་པར་སྣང་མཛད་ཀྱི་རང་བཞིན་མིང་གི་དབང་བསྐུར་བས་གཏི་མུག་དག ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་རྣམ་པར་སྣང་མཛད་དུ་གྱུར་ཞེས་རྟོགས་པ་བསྐྱེད་དོ། །དེ་ལྟར་ཁྱོད་ཀྱིས་རིག་པའི་དབང་ལྔ་ཐོབ་པས་ཕུང་པོ་ལྔ་སངས་རྒྱས་ལྔར་གྱུར་པའི་ཕྱིར་བདག་དང་སྣང་བ་ཐམས་ཅད་སངས་རྒྱས་རིགས་ལྔའི་ངོ་བོར་ཤེས་པར་གྱིས་ཤིག་ཅེས་བརྗོད་དོ། །རིག་པའི་དབང་ལྔའོ།།  །།དེ་ནས་བླ་མས་བདུག་སྤོས་ལ་སོགས་པས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་ནས། སློབ་མ་མི་དམིགས་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཏཱྃ་ལས་སྒྲོལ་མར་བསྐྱེད་ལ་མེ་ཏོག་གི་ཕྲེང་བ་སྙིམ་པར་འཛིན་དུ་བཅུག་ནས། སློབ་དཔོན་སྒྲོལ་མའི་ང་རྒྱལ་དང་ལྡན་པའི་ཐུགས་ཀའི་ཏཱྃ་གི་མཐའ་མར་འཁོར་བའི་སྔགས་ལས་སྔགས་ཀྱི་ཕྲེང་བ་འཕྲོས་པས་སློབ་མའི་སྙིང་གའི་ཏཱྃ་གི་མཐའ་མ་བསྐོར་བར་གཉིས་ཀས་བསྒོམ་ཞིང༌། ཡི་གེ་བཅུ་པ་ལན་གསུམ་རྗེས་ཟློས་སུ་བཅུག་པའི་མཐར། བཅོམ་ལྡན་བདག་ལ་བྱིན་བརླབས་ནས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། བླ་མས། རིག་སྔགས་འདི་ལ་བྱིན་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད་ལ་མེ་ཏོག་ཕྲེང་བ་སྤྱི་བོར་གཞག་གོ །དེ་ནས་ལག་པར་རྡོ་རྗེ་གཏད་ནས། ཨོཾ་བཛྲ་ས་མ་ཡ་སྟྭཾ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་ནས་དབུ་རྒྱན་དང༌། དར་དཔྱངས་ལ་སོགས་པའི་རྒྱན་དང༌། སྟོད་གཡོགས་དམར་པོ་དང༌། སྨད་གཡོགས་ཁ་དགོ་སྣ་ཚོགས་བསྐོན་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ། ཞེས་པས་བྱིན་གྱིས་བརླབས་ནས། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་པས་བསྲུངས་ནས། བུ་ཁྱོད་ལ་རིག་སྔགས་འདི་རྗེས་སུ་གཏད་ཀྱིས། ཁྱོད་ཀྱིས་རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རིག་སྔགས་འདིའི་གཟི་བརྗིད་དང༌། བྱིན་གྱིས་རླབས་ཀྱིས་ཉམས་པར་མ་བྱེད་ཅིག་ཅེས་བསྒོ་བ་ནི་ལྷ་དང༌། རིག་སྔགས་རྗེས་སུ་གནང་བའོ། །དེ་ནས་སློབ་དཔོན་གྱིས་སྣམ་སྦྱར་གྱོན་ནས་མི་འཇིགས་པའི་ཕྱག་རྒྱ་སློབ་མའི་སྤྱི་བོར་གཏུགས་ལ། བུ་ཁྱོད་འཁོར་ལོས་དབང་བསྐུར་གྱིས། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །སྲིད་གསུམ་མ་ལུས་སྒྲོལ་མཛད་མ། །བདེ་བར་གཤེགས་པས་ལུང་བསྟན་ནོ། །ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ། ས་འོག ས་སྟེང༌། ས་བླ་གསུམ་དུ་བྷུརྦྷུ་ཝ་སྭཿ གང་ལ་ངས་ལུང་བསྟན་པ་འདི་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བྱང་ཆུབ་ཆེན་པོར་ལུང་སྟོན་པར་མཛད་དེ། སྔགས་འདི་དང་ཕྱག་རྒྱ་འདིའི་མཐུ་ཡིན་ནོ། །ཞེས་ལུང་བསྟན་ནོ། །དེ་ནས། ཁམས་གསུམ་བདག་པོ་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཀྱི་སྡེ་རྣམས་བཅོམ་ཟིན་གྱིས། །ཁྱོད་ནི་གྲོང་ཁྱེར་མཆོག་ཏུ་ཞུགས། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སིདྡྷི་ས་མ་ཡ་སྟྭཾ་སྭ་བྷཱ་ཝ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་ནས་དབུགས་དབྱུང་ངོ༌། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ་ནས། མཚན་མ་མེད་པར་འགྲོ་བའི་དོན། །གང་དག་བདག་གིས་བྱེད་ནུས་པ། །ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །དཔའ་བོ་ཆེན་པོ་བདག་ལ་སྩོལ། །ཞེས་ལན་གསུམ་གསོལ་བ་འདེབས་སུ་བཅུག་ནས། པདྨ་འདབ་བརྒྱད་བྲིས་པའི་དབང་སྟེགས་ཀྱི་སྟེང་ན་གནས་པའི་སློབ་མ་སྭ་བྷཱ་ཝས་མི་དམིགས་པའི་ངང་ལས་རིན་པོ་ཆེའི་ཁྲི། པདྨ་དང་ཉི་མའི་སྟེང་ན་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་རྡོ་རྗེ་དྲིལ་བུ་འཛིན་པས་རྡོ་རྗེ་སྙེམས་མ་སྔོན་མོ་གྲི་གུག་དང༌། ཐོད་པ་འཛིན་པ་ལ་འཁྱུད་པ་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསྐྱེད་པའི་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་པ་བསྟིམ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་རྡོ་རྗེ་ལག་པ་གཡས་པར་སྦྱིན་ཞིང༌། འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་སྟྭཾ་ཨེ་ཥ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱུྃ། ཞེས་བརྗོད་དོ། །དེ་ནས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཞེས་དེ་ཁོ་ན་ཉིད་བརྗོད་ནས། ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་བརྗོད་ཅིང༌། ལན་གསུམ་གསོར་ཏེ་སྙིང་གར་འཛིན་དུ་བཅུག་པས་ཐུགས་ཀྱི་དམ་ཚིག་བསྐྱེད། དེ་ནས། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་པས་དྲིལ་བུ་གཡོན་དུ་བྱིན་ནས། ཨཿསྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་དམ་པ་བྱེད་པར་འགྱུར། །ཞེས་དེ་ཁོ་ན་ཉིད་བརྗོད་ནས། བཛྲ་གྷཎྜེ་ཨཿ ཞེས་བརྗོད་ཅིང༌། དཀྲོལ་དུ་བཅུག་པས་གསུང་གི་དམ་ཚིག་བསྐྱེད། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཤིང་རྡོ་རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་གནང་བ་བྱིན་ནས། ཡུམ་ལ་འཁྱུད་པའི་ཚུལ་དུ་བྱ་ཞིང༌། ལྷའི་སྐུ་ཕྱག་རྒྱའི་དམ་ཚིག་ཏུ་བསྐྱེད་པ་ལ། སྲིད་པའི་བདེ་བ་ཤིན་ཏུ་ཆུང༌། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་རྟག་ཏུ་ཟུང༌། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་འདོད་པར་ནི་བསྟེན་བཞིན་དུ། །རང་གི་ལྷག་པའི་ལྷ་སྦྱོར་བས། །བདག་དང་གཞན་ལ་མཆོད་པར་གྱིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདའ་བ་རུ་ནི་མི་མཛད་པའི། །ཕྱག་རྒྱ་དམ་ཚིག་ཅེས་སུ་བསྒྲགས། །ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །ཞེས་ཕྱག་རྒྱའི་དམ་ཚིག་རྒྱས་པར་བཤད་ནས། །བུམ་པའི་ཆུས་ཀྱང་དབང་བསྐུར། །མི་བསྐྱོད་པས་དབུར་བརྒྱན་པ་ལ་དབང་གི་ལྷ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་གསུང་ཞིང་མེ་ཏོག་གི་ཆར་ཕབ་ནས་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་མངའ་ཕུལ་བར་བསམ་མོ། །རྡོ་རྗེ་སློབ་དཔོན་གྱི་དབང་ངོ༌། །དེ་ནས་ཆོས་འཆད་པའི་རྗེས་སུ་གནང་བ་སྦྱིན་པའི་ཕྱིར། འཁོར་ལོ་བྲིས་པའི་ཁྲི་ལ་སློབ་མ་བཞག་ནས། ལག་པ་གཡས་པར་དུང༌། གཡོན་པར་དྲིལ་བུ། ལག་ངར་གཉིས་ཀྱི་སྟེང་དུ་པུསྟི་རྣམས། ཨོཾ་བཛྲ་དྷརྨ་ཙཀྲ་ཨ་བྷི་ཥེ་ཀ་ཏ་ཨ་བྷི་ཥིཉྩ་མཱཾ། ཞེས་པས་བྱིན་ནས། སློབ་མའི་སྙིང་གར་འཁོར་ལོ་རྩིབས་བརྒྱད་པ་བཀོད་པ་ལ་ཡེ་ཤེས་ཀྱི་འཁོར་ལོ་བསྟིམ། བུམ་པའི་ཆུས་ཀྱང་དབང་བསྐུར་ནས་འོད་དཔག་མེད་ཀྱི་རྒྱས་བཏབ་ལ། ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་ནི། །ཆོས་ཀྱི་འཁོར་ལོ་བླ་མེད་པ། །ལུས་ཅན་ཀུན་ལ་བསྐོར་བར་གྱིས། །ཞེས་བརྗོད། སློབ་མས་ཀྱང་དུང་འབུད། དྲིལ་བུ་དཀྲོལ། ཆོས་ཀྱི་འཁོར་ལོ་ཚུལ་བཞིན་དུ་བསྐོར་བར་སེམས་བསྐྱེད་པ་ནི་ཆོས་བཤད་པའི་རྗེས་གནང་ངོ༌། །རྣལ་འབྱོར་དེ་ཉིད་ཤེས་པ་ཡིས། །མི་བྱ་བ་ནི་གང་ཡང་མེད། །དཔའ་བོ་ཆེན་པོ་ང་ཡི་བཀས། །འདོད་ཡོན་ལྔ་ལ་སྤྱད་པར་གྱིས། །དེང་ནས་བཟུང་ནས་བུ་ཁྱོད་ཀྱིས། །ལུས་དང་སྲོག་ལ་མི་ཕངས་པར། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །འགྲོ་བའི་དོན་ནི་དཔག་མེད་བྱོས། །སེམས་ཅན་གཟུགས་བརྙན་ལྟ་བུ་སྟེ། །རྟེན་ཅིང་འབྲེལ་བའི་ཆོས་དང་ལྡན། །ཁམས་གསུམ་དེ་ལྟར་ཤེས་ནས་ནི། །སེམས་ཅན་དོན་ནི་མཚུངས་མེད་བྱོས། །ཞེས་བརྗོད་པ་ནི་ཀུན་ཏུ་སྤྱོད་པ་དང༌། སེམས་ཅན་གྱི་དོན་བྱེད་པའི་རྗེས་སུ་གནང་བའོ། །དེ་ལྟར། ཆུ། ཅོད་པཎ། རྡོ་རྗེ། དྲིལ་བུ། མིང༌། ལྷ་དང༌། སྔགས་སྦྱིན་པ། ལུང་བསྟན་པ། དབུགས་དབྱུང་བ། རྡོ་རྗེ་སློབ་དཔོན་གྱི་དབང༌། ཆོས་བཤད་པའི་རྗེས་གནང༌། ཀུན་ཏུ་སྤྱོད་པ་དང༌། སེམས་ཅན་གྱི་དོན་བྱེད་པའི་རྗེས་གནང་སྟེ་བུམ་པའི་དབང་བཅུ་གཅིག་གོ །ཕལ་ཆེར་བུམ་པ་ལ་གནས་པས། བུམ་པའི་དབང་ཞེས་བརྗོད་པ་ཡིན། ཕྱིར་མི་ལྡོག་དང་རྗེས་སུ་གནང༌། །རྡོ་རྗེ་སློབ་དཔོན་དབང་ཡིན་ནོ། །ཉོན་མོངས་དྲི་མ་བཀྲུས་པ་དང༌། །ས་ནི་དང་པོ་ཐོབ་པར་བྱེད། །ཅེས་ཤེས་པར་བྱའོ། །དེ་ནས་གསང་བའི་དབང་གི་དོན་དུ་མཎྜལ་དང༌། ཕྱི་ནང་གི་མཆོད་པས་བླ་མ་ལ་མཆོད་ནས། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །གསང་སྤྱོད་ཐབས་དང་ལྡན་པ་ཡི། །ཤེས་རབ་ཆེན་པའི་སྣོད་འགྱུར་ཕྱིར། །དབང་བསྐུར་ཆེན་པོ་མཛད་དུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་གདབ། བླ་མས། གསང་སྤྱོད་ཐབས་དང་ལྡན་པ་ཡི། །ཡེ་ཤེས་བདུད་རྩི་དྲི་མ་མེད། །བདུད་རྩི་དམ་པ་མྱང་བ་ཡི། །དབང་བསྐུར་འདི་ལ་ཁྱོད་སྤྲོའམ། །ཞེས་དྲི། སློབ་མས་ཚིག་སྔ་མ་རྣམས་ཀྱི་མཐར་བདག་སྤྲོའོ་ཞེས་ལན་གདབ། དེ་ནས་ཨ་ཁཾ་བཱི་ར་ཧཱུྃ་གིས་སློབ་མའི་གདོང་གཡོགས། དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་བླ་མ་ལ་དབུལ་བར་བསམ་ཞིང༌། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །ལྷ་མོ་འདི་ནི་ཁྱད་པར་ཅན། །ཡོན་ཏན་མཐའ་དག་ལྡན་པ་སྟེ། །གསང་སྤྱོད་ཐབས་ཀྱི་སྦྱོར་བ་ལས། །གསང་བའི་དབང་བསྐུར་མཛད་དུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་གདབ། དེ་ནས་བླ་མ་དོན་ཡོད་གྲུབ་པ་དང༌། ཕྱག་རྒྱ་རྗེ་བཙུན་མ་སྒྲོལ་མར་དམིགས་པའི་མཁའ་པདྨ་དང༌། གསང་བ་རྡོ་རྗེར་བྱིན་གྱིས་བརླབས་ནས་གཉིས་ཀའི་གནས་གསུམ་དུ་ཡི་གེ་གསུམ་དང༌། ལྟེ་བར་སྭཱ་དང༌། བརླ་གཉིས་ལ་ཧཱ་བཀོད་ལ། རང་གི་ལུས་ཀྱི་བདེ་བས་དེ་བཞིན་གཤེགས་པར་མཆོད་ཅིང་སློབ་མ་ལ་གསང་བའི་དབང་བསྐུར་བའི་ཕྱིར་སྙོམས་པར་འཇུག་སྙམ་པའི་འདུ་ཤེས་ཀྱིས་མཉམ་པར་སྦྱོར་བ་ལས་བྱུང་བའི་བདེ་བ་ཆེན་པོའི་སྒྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ལ་ཚངས་བུག་ནས་ཞུགས། ཐུགས་ཀར་འོད་དུ་ཞུ་བའི་ཐིག་ལེ་སྦྱོར་མཚམས་ནས་བྱུང་བ་སློབ་མའི་ལྕེ་ལ་བཞག་ཅིང༌། དཔའ་བོ་རྣལ་འབྱོར་མ་ཀུན་གྱི། །དམ་ཚིག་འདི་ནི་ངོ་མཚར་ཆེ། །ཁམས་ལྔ་ཡི་ནི་རོས་གང་བ། །བདེ་བ་ཆེན་པོ་མྱང་བར་གྱིས། །འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་ཡིད་འོང་བས། །དེ་བཞིན་བུ་ཁྱོད་དབང་བསྐུར་རོ། །ཞེས་བརྗོད། སློབ་མས། ཨ་ཧོ་མ་ཧཱ་སུ་ཁཾ། ཞེས་བརྗོད་ཅིང་མིད་པས། ལུས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་གང༌། ངག་གི་དྲི་མ་ཐམས་ཅད་དག་ནས་འོད་དཔག་མེད་དུ་གྱུར་པར་བལྟས་ལ་གདོང་གཡོགས་དབྱེའོ། །འདི་ནི་གསང་བའི་དབང་ཡིན་ཏེ། །ས་བཅུའི་ཡེ་ཤེས་ཐོབ་པར་བྱེད། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་བླ་མ་ལ་མཎྜལ་དང༌། ཕྱི་ནང་གི་མཆོད་པས་མཆོད་ནས། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །གསང་སྤྱོད་ཐབས་དང་ལྡན་པ་ཡི། །ཡེ་ཤེས་ཆེན་པོའི་སྣོད་འགྱུར་ཕྱིར། །ཤེས་རབ་ཡེ་ཤེས་དབང་བསྐུར་གསོལ། །ཞེས་ལན་གསུམ་གསོལ་བ་འདེབས་སུ་བཅུག་པ་ལ། གསང་སྤྱོད་ཐབས་དང་ལྡན་པ་ཡི། །ཤེས་རབ་ཡེ་ཤེས་དྲི་མ་མེད། །བདེ་བ་དམ་པ་མྱོང་བ་ཡི། །དབང་བསྐུར་འདི་ལ་ཁྱོད་སྤྲོ་འམ། །ཞེས་དྲི། སློབ་མས་ཀྱང༌། ཚིག་སྔ་མ་དག་གི་མཐར། བདག་སྤྲོའོ་ཞེས་ལན་གདབ་བོ། །དེ་ནས་སློབ་མའི་གདོང་གཡོགས་པ་དོན་ཡོད་གྲུབ་པར་བསྐྱེད་ནས་ཡོངས་སུ་སྦྱངས་པའི་རིག་མ་དངོས་སུ་བཞག་པའམ། ཡིད་ཀྱིས་མདུན་དུ་དམིགས་པ། སྒྲོལ་མར་བསྐྱེད་ལ། ལྷ་མོ་འདི་ནི་ཁྱད་པར་ཆེ། །བདེ་བ་མཐའ་ཡས་སྟེར་བྱེད་པ། །བླངས་ནས་རྣམ་པ་ཐམས་ཅད་དུ། །བུ་ཡིས་བླ་མེད་མཆོད་པར་གྱིས། །ཞེས་བརྗོད་ལ་གཏད་དོ། །དེ་ནས་རིག་མས། བྱང་ཆུབ་སེམས་ནི་བླ་མེད་པ། །བུ་ཡིས་དེ་རིང་ཟ་ནུས་སམ། །རིགས་ལྔ་དག་ལས་བྱུང་བ་ཡི། །ཕྱག་རྒྱ་དད་པས་མཆོད་ནུས་སམ། །བཤང་གཅི་ཁུ་བ་རཀྟ་སོགས། །འདི་ཉིད་དུ་ནི་ཟ་ནུས་སམ། །ང་ཡིས་གསང་བའི་པདྨ་ཡིས། །བདེ་བའི་མྱུ་གུ་བསྐྱེད་པ་སྟེ། །ཁྱོད་ཀྱིས་རྟག་ཏུ་མཆོད་ནུས་སམ། །ཞེས་དྲིས་པའི་ལན་དུ། ཇི་སྐད་བཤད་པའི་དམ་ཚིགས་རྣམས། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །ལྷ་མོའི་པདྨ་མཆོད་པར་བགྱི། །གསང་བའི་རྫས་ལ་བདག་སྤྲོའོ། །ཞེས་ལན་བཏབ་ནས། སྔ་མ་ལྟར་མཁའ་གསང་བྱིན་གྱིས་བརླབས་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱ་སྙམ་པའི་འདུན་པས་སྙོམས་པར་ཞུགས་ལ། ངག་གི་འདྲེན་པ་དང༌། ལུས་ཀྱི་འཁྲུལ་འཁོར་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་འགྱུ་བ་བཀག་ནས་བདེ་བ་བསྒོམས་པས་དགའ་བ་དང༌། མཆོག་དགའ་དང༌། དགའ་བྲལ་གྱི་དགའ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་བསྐྱེད་ལ་དེའི་ངང་ལ་མཉམ་པར་གཞག་གོ །དེ་ནས་རིག་མའི་ལག་པ་གཡོན་པ་སློབ་མའི་སྤྱི་བོར་བཞག་ནས། ང་དང་རྡོ་རྗེ་སློབ་དཔོན་དང༌། །མཆེད་དང་ལྕམ་དྲལ་ཐམས་ཅད་དང༌། །ཁམས་གསུམ་སེམས་ཅན་མ་ལུས་ལ། །མ་མོས་བརྙས་པ་མ་བྱེད་ཅིག །གཞན་ཡང་དམ་ཚིག་སྤྱོད་པ་རྣམས། །རྟག་ཏུ་ཁྱོད་ཀྱིས་བསྲུང་བར་གྱིས། །དེང་ནས་བཟུང་ནས་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་མ་ཐོབ་པར། །སེམས་ཅན་ཀུན་གྱི་དོན་རྣམས་ནི། །རྟག་ཏུ་རྨི་ལམ་བཞིན་དུ་བྱོས། །ཞེས་བརྗོད་པར་བསམ་མོ། །དེ་ནས་གདོང་གཡོགས་ཕྱེ་ལ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་བོ། །ཞེས་བརྡ་སྤྲད་དོ། །འདི་ནི་ཤེས་རབ་ཡེ་ཤེས་ཀྱི། །དབང་ཡིན་མི་ཤེས་ཀུན་སེལ་ཅིང༌། །བདེ་གཤེགས་སྐུ་གསུམ་ཐོབ་བྱེད་པ། །རྡོ་རྗེ་འཆང་གིས་ཡོངས་སུ་གསུངས། །ཞེས་ཤེས་པར་བྱའོ། །དེ་ནས་དབང་བཞི་པའི་དོན་དུ་མཎྜལ་དང༌། མཆོད་པ་ཕུལ་ནས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གྱིས། །གཙོ་བོ་བདག་ལ་བཀའ་དྲིན་སྐྱོབས། །ཞེས་ལན་གསུམ་གསོལ་བ་གདབ། སློབ་མའི་གདོང་གཡོགས་ཤིང༌། སྐྱིལ་མོ་ཀྲུང་དང༌། མཉམ་གཞག་གི་ཕྱག་རྒྱ་བཅས་ཏེ། སྔར་གྱི་ཤེས་རབ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གྱི་རྒྱུན་བསྒོམ་དུ་བཅུག་ལ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་སྦྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །ཞེས་བརྗོད་པས་མཚོན་བྱ་ཆོས་ཉིད་དེ་བཞིན་ཉིད་དུ་ངོ་སྤྲད་ལ་མཉམ་པར་འཇོག་ཏུ་གཞུག་གོ །དེ་ནས་གདོང་གཡོགས་ཕྱེ་ལ། དབང་བཞི་པ་ཐོབ་བོ་ཞེས་བརྡ་སྤྲད་དོ།།  །།དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་དང༌། བསྟོད་པ་བྱས་ཏེ། ཕྱོགས་སྐྱོང་བ་དང༌། རྒྱལ་པོ་ཆེན་པོ་བཞི་ལ་གཏོར་མ་ཕུལ་ནས། བླ་མ་དང༌། དཔའ་བོ་དང༌། རྣལ་འབྱོར་མ་རྣམས་ཚོགས་ཀྱིས་མཆོད་ནས། བླ་མ་ལ་ཡོན་ཕུལ་ནས། དཀྱིལ་འཁོར་གྱི་ལྷ་ལ་འདོད་པའི་དོན་གསོལ་བ་གདབ་ལ། ཡི་གེ་བརྒྱ་པས་ཆོ་ག་ལྷག་ཆད་ཁ་བསྐངས་ཏེ། དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་དང༌། སྨོན་ལམ་རྒྱ་ཆེན་པོ་བཏབ་ལ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་ལན་གསུམ་གྱིས་བཟོད་པར་གསོལ་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པ་དང༌། ཡི་གེ་བརྒྱ་པའི་མཐར་ཏཱ་རེ་བྷ་ག་ཝ་ཏཱི་ས་པ་རི་ཝཱ་ར་བཛྲ་མུཿ ཞེས་བརྗོད་པས་དཀྱིལ་འཁོར་གྱི་ཡེ་ཤེས་པ་གཤེགས་སུ་གསོལ། ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་རང་ལ་བསྡུས་ནས་གཏོར་མའི་མགྲོན་རྣམས་གཤེགས་སུ་གསོལ་ཏེ། རོལ་མོ་དང་བཅས་པས་གཏོར་མ་གཏང་ངོ༌། །དེ་ནས་ཨོཾ་གི་ལི་གི་ལི་སྭཱ་ཧཱ་དང༌། ཨ་ཀཱ་རོའི་སྔགས་བརྗོད་པས་དབང་ལྡན་གྱི་རྩིག་པ་བཤིག་ལ། རྡུལ་ཚོན་རྣམས་ལེགས་པར་བསྡུས་ནས་རོལ་མོ་དང་བཅས་པས་རྒྱ་མཚོར་འབབ་པའི་ཆུ་བོར་དོར་ལ་ལས་ཀྱི་རྗེས་བསྡུའོ། །མཇུག་གི་ཆོ་གའོ། །གཞན་ལ་དབང་བསྐུར་བའི་ཚུལ་དེ་ཉིད་རང་གིས་བླངས་པས་བདག་ཉིད་འཇུག་པའི་ཆོ་གར་ཡང་འགྱུར་བ་ཉིད་དོ། །དེ་ལྟར་རྗེ་བཙུན་སྒྲོལ་མའི་དཀྱིལ་འཁོར་དུ། །དབང་རབ་བསྐུར་བའི་ཆོ་ག་བཤད་པ་ཡི། །དགེ་བ་གང་དེས་བདག་དང་འགྲོ་བ་ཀུན། །སྒྲོལ་མའི་དཔལ་གྱིས་རྣམ་པར་འབྱོར་གྱུར་ཅིག །རྗེ་བཙུན་མ་སྒྲོལ་མའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་འདི་ནི། དད་པ་དང་ཤེས་རབ་གསལ་བ་དཔོན་མོ་གོ་གོ་ཆེན་ཞེས་བྱ་བས་རྒྱང་རིང་པོ་ནས་བསྐུལ་བའི་ངོར། སློབ་དཔོན་ཉི་མ་སྦས་པའི་གཞུང་དང༌། ཆོས་རྗེ་ས་སྐྱ་པ་ཆེན་པོས་མཛད་པའི་མདོར་བསྡུས་པའི་ཆོ་གའི་རྗེས་སུ་འབྲངས་ནས། དགེ་སློང་འཕགས་པ་ཞེས་བྱ་བས། ས་ཕོ་སྟག་གི་ལོ་སྨིན་དྲུག་ཟླ་བའི་ཚེས་གསུམ་གྱི་ཉིན་པར་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་ཡེ་ཤེས་སེང་གེ་ཞེས་བྱའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*