རྡོ་རྗེ་གུར་གྱི་རྗེས་སུ་འབྲང་བ་སྒྲོལ་མའི་སྒྲུབ་ཐབས།

༼ཕ༽

༄༅། །རྡོ་རྗེ་གུར་གྱི་རྗེས་སུ་འབྲང་བ་སྒྲོལ་མའི་སྒྲུབ་ཐབས་བཞུགས།།

༄༅། །འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྗེས་སུ་འབྲང་བའི་སྒྲོལ་མའི་སྒྲུབ་པའི་ཐབས་ཞེས་བྱ་བ། བླ་མ་དང་རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་འཆང་ཀུན་གྱི། །ཕྲིན་ལས་དགེ་བ་གཅིག་བསྡུས་པ། །སྒྲོལ་མའི་ཞབས་ལ་ཕྱག་འཚལ་ནས། །དེ་ཡི་སྒྲུབ་པའི་རིམ་པ་བཤད། །དབང་དང་རྗེས་གནང་ཐོབ་གྱུར་ཅིང༌། །དམ་ཚིག་ལ་གནས་སྒྲུབ་པ་པོས། །མཉམ་པར་གཞག་དང་ཐུན་མཚམས་ཀྱི། །རྣལ་འབྱོར་གཉིས་ལ་གནས་པར་བྱ། །དེ་ཡང་སྟན་བདེ་བ་ལ་ཏིང་ངེ་འཛིན་གྱི་འདུག་སྟངས་ཀྱིས་གནས་ནས། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་སྔོན་དུ་སོང་ནས། སྙིང་གི་ནང་དུ་ཟླ་བ་ལ་གནས་པའི་ཏཱྃ་ལས་འོད་འཕྲོས་པས། རང་གི་སྒྲིབ་པ་སྦྱངས་ཤིང་ཕྱིར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་མ་སྒྲོལ་མའི་དཀྱིལ་འཁོར་བླ་མ་གཙོ་མོའི་རིགས་བདག་ཏུ་བཞུགས་པ་སྤྱན་དྲངས་པ་ལ། ན་མོ་གུ་རུ་བྷྱཿདང༌། ན་མསྟཱ་རཱ་བྷ་ག་ཝ་ཏཱི་མཎྜལ་བྷྱཿས་ཕྱག་འཚལ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཏཱ་རཱ་བྷ་ག་ཝ་ཏཱི། ཞེས་པ་སྔོན་དུ་འགྲོ་བའི་ཨརྒྷཾ་ལ་སོགས་པས་མཆོད་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ལ་སོགས་པའི་ཡན་ལག་བདུན་པ་དང༌། སྲས་བཅས་སངས་རྒྱས་ཐམས་ཅད་ལ་སོགས་པའི་སྡོམ་པ་གཟུང་བ་ལན་གསུམ་བྱས་ནས། ཚད་མེད་པ་བཞི་བསྒོམས་ལ། ཨོཾ་བཛྲ་མུཿས་ཚོགས་ཀྱི་ཞིང་གཤེགས་སུ་གསོལ་བ་ནི་བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས། བདག་དང་སྣང་བ་ཐམས་ཅད་སྟོང་པར་བསྒོམ་པ་ནི་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །སྟོང་པའི་ངང་ལས་པཾ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་ད་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་སྔོ། ལྟེ་བ་ལྗང་གུ་ལ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་པས་རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར། བླ་རེ། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་བའི་འཁོར་ལོའི་ནང་དུ། ཨེ་ལས་ཆོས་ཀྱི་འབྱུང་གནས་ཀྱི་ཁོང་དུ། ཡྃ་ལས་རླུང༌། རྃ་ལས་མེ། བྃ་ལས་ཆུ། ལྃ་ལས་ས། བྷྲཱུྃ་ལས་འཁོར་ལོ་དཀར་པོ་བྷྲཱུྃ་གྱིས་མཚན་པ་ལས་རང་གི་སེམས་འདྲེས་པ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི། ཕྱི་ནས་རིམ་པ་བཞིན་དཀར་པོ། སེར་པོ། དམར་པོ། སྔོན་པོ། ལྗང་གུའི་རྩིག་པ་ལྔ་དང་ལྡན་པའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ་ལ་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། དེའི་སྟེང་དུ་མདའ་ཡབ་ཀྱིས་ཡོངས་སུ་བསྐོར་བ། ཕྱི་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་ལྷ་མོ་བཅུ་དྲུག་གིས་མཆོད་རྫས་དུ་མ་ཐོགས་ནས་མཆོད་པ་བྱེད་པ། ནང་ཀ་བ་བརྒྱད་དང་ལྡན་ཞིང་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲེས་ནས་མཛེས་པར་ཕུབ་པའི་སྟེང་དུ་རིན་པོ་ཆེ་དང་བཅས་པའི་སྣ་ཚོགས་རྡོ་རྗེའི་ཏོག་གིས་མཚན་པའི་སྒོའི་ཐད་སོ་བཞིར་རྟ་བབས་བང་རིམ་བཞི་དང་ལྡན་པའི་སྟེང་དུ་པདྨ་དང༌། ཆོས་ཀྱི་འཁོར་ལོ་དང༌། རི་དྭགས་དང༌། གདུགས་དང་བཅས་ཤིང༌། གཞན་ཡང་ཟླ་བ་རླུང་གིས་བསྐྱོད་པ་དང༌། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང༌། མེ་ཏོག་གི་ཕྲེང་བ་དང༌། མེ་ལོང་དང༌། གོས་དང་འཕན་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་སྤྲས་པ། དྭངས་ཤིང་སྒྲིབ་པ་མེད་པའི་དཀྱིལ་འཁོར་གྱི་ནང་གི་ལྷ་སྣམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་སྔོ་བའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང༌། ཕྱོགས་བཞིའི་འདབ་མ་དང༌། སྟེང་འོག་ཏུ་ཟླ་བའི་གདན་སྒོ་བཞིར་ཉི་མའི་གདན། པདྨའི་འདབ་མའི་མཚམས་བཞིར་བདུད་རྩིས་གང་བའི་བུམ་པ་བཞི། ཕྱིའི་གྲྭ་རྣམས་སུ་བདུད་རྩིས་གང་ཞིང་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པའི་བུམ་པ་བརྒྱད་བསམ་པར་བྱའོ། །དེ་ནས་གདན་དབུས་མའི་སྟེང་དུ་ཨཱ་ལི་ཕྲག་གཉིས་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡ་ར་ལ་ཝ་ཌ་ཌྷ་དང་བཅས་པའི་ཀཱ་ལི་ཕྲག་གཉིས་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཏཱྃ་ལས་རྡོ་རྗེ་ཏཱྃ་གིས་མཚན་པ། གསུམ་ཀ་འདྲེས་པ་ལས་རང་ཉིད་རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་སེར་ཞལ་བཞི་ཕྱག་བརྒྱད་མ། རྩ་བའི་ཞལ་ལྗང༌། གཡས་སྔོ། རྒྱབ་དཀར། གཡོན་དམར་བ། ཕྱག་གཡས་པ་རྣམས་ཀྱིས། རྡོ་རྗེ། ཞགས་པ། དུང༌། མདའ་འཛིན་པ། གཡོན་པ་རྣམས་ཀྱིས་ལྕགས་ཀྱུ། ཨུཏྤ་ལ། སྡིགས་མཛུབ། གཞུ་བསྣམས་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་སྣ་ཚོགས་པའི་ན་བཟའ་མནབས་པ་བསྒོམ་པར་བྱའོ། །དེའི་ཐུགས་ཀར་ཟླ་བའི་སྟེང་དུ་གནས་པའི་ཏཱྃ་ལས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། རྣམས་སྤྲོས་པ་ནང་གི་ཕྱོགས་བཞི་དང༌། སྒོ་བཞི་འོག་དང་སྟེང་གི་གདན་རྣམས་ལ་བཀོད་པ་རྣམས་ཡོངས་སུ་གྱུར་པ་ལས་བྱུང་བའི་ཤར་གྱི་འདབ་མ་ལ་མེ་ཏོག་སྒྲོལ་མ་དཀར་མོ་མེ་ཏོག་འཛིན་པ། ལྷོར་བདུག་སྤོས་སྒྲོལ་མ་སྔོན་མོ། སྤོས་ཀྱི་དུད་པ་འཐུལ་བའི་སྤོས་ཁང་འཛིན་པ། ནུབ་ཏུ་མར་མེ་སྒྲོལ་མ་སེར་མོ་མར་མེ་འཛིན་པ། བྱང་དུ་དྲིའི་སྒྲོལ་མ་དམར་མོ་དྲི་བཟང་པོའི་ཆུས་གང་བའི་དུང་ཆོས་འཛིན་པ། ཤར་སྒོར་ལྕགས་ཀྱུ་མ་དཀར་མོ། ལྷོར་ཞགས་པ་མ་སྔོན་མོ། ནུབ་ཏུ་ལྕགས་སྒྲོག་མ་སེར་མོ། བྱང་སྒོར་དྲིལ་བུ་མ་དམར་མོ་རང་གི་མིང་གི་ཕྱག་མཚན་འཛིན་ཅིང༌། གཡོན་བརྐྱང་བས་བཞེངས་པ་སྟག་དང་སྦྲུལ་གྱིས་བརྒྱན་པའོ། །འོག་ཏུ་གནོད་མཛེས་མ་སྔོན་མོ་སྦྲུལ་ཞགས་འཛིན་པ། སྟེང་དུ་གཙུག་ཏོར་རྣམ་པར་རྒྱལ་མ་སེར་མོ། ཕྱག་གཉིས་ཀྱིས་སྤྱི་བོར་འཁོར་ལོ་འཛིན་པ་ལ། སྒོ་མ་མ་གཏོགས་པ་རྣམས་ནི་རབ་ཏུ་ཞི་ཞིང་སྒེག་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ལྷ་ཞི་བ་རྣམས་ཀྱི་ཐུགས་ཀར་ཟླ་བ་དང༌། སྒོ་མ་རྣམས་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་སོ་སོའི་ས་བོན་བཀོད་པ་ལས་འོད་ཟེར་འཕྲོས་པ་ལས་སྣོད་ཐམས་ཅད་གཞལ་ཡས་ཁང་དང༌། བཅུད་ཐམས་ཅད་སྒྲོལ་མའི་ལྷ་ཚོགས་སུ་གྱུར་ནས་འོད་ཟེར་ཚུར་འདུས་པས་ས་བོན་སོ་སོ་ལ་ཐིམ་པར་བསམ་མོ། །དེ་ནས་ལྷ་ཐམས་ཅད་ཀྱི་མིག་ཏུ་གཏི་མུག་རྡོ་རྗེ་དང༌། སྤྱི་བོར་སྐུ་རྡོ་རྗེ་ལ་སོགས་པས་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། རང་གི་སྙིང་གི་ནང་གི་ཏཱྃ་ལས་འོད་ཕྱིར་འཕྲོས་པས་རང་བཞིན་གྱི་གནས་ནས་རང་གིས་བསྒོམས་པ་དང་འདྲ་བའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་པ་ལ་སྔ་མ་ལྟར་མཆོད་ནས། རང་གི་སྙིང་ག་ནས་སྤྲོས་པའི་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག དྲིལ་བུ་མ་རྣམས་སྤྲོས་པས་ཡེ་ཤེས་པ་རྣམས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱ་བར་བསམས་ནས་སོ་སོའི་ཕྱག་རྒྱ་བཅིངས་ལ། ཨོཾ་ཨེ་ཧྱེ་ཧི་སརྦ་ཏ་ཐཱ་ག་ཏ་ཏཱ་རཱ་བྷ་ག་ཝ་ཏཱི་ས་པ་རི་ཝཱ་ར། ཞེས་ཀུན་ལ་སྦྱར་ལ། བཛྲ་ཨཾ་གུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿ ཞེས་བརྗོད་པས་དམ་ཚིག་པ་དང་གཉིས་སུ་མེད་པར་བྱའོ། །དེ་ནས་ཡང་སྙིང་གའི་ཏཱྃ་ལས་འོད་འཕྲོས་པས་དབང་གི་ལྷ་རིགས་ལྔ། ཡུམ་བཞི་བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོ་དང་མཆོད་པའི་ལྷ་མོའི་ཚོགས་དང་བཅས་པ་སྤྱན་དྲངས་པ་ལ་སྔར་ལྟར་མཆོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱིས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། ཡུམ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་མཛད། དབང་གི་ཆུ་རྒྱུན་དེས་རྐང་མཐིལ་ཡན་ཆད་གང༌། དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པས་གཙོ་མོ་ལ་དོན་ཡོད་གྲུབ་པ། དབུས་ན་བཞུགས་པའི་རིགས་ལྔ་དང༌། ཤར་གྱི་གཉིས་ལ་རྣམ་པར་སྣང་མཛད་དང༌། ལྷོའི་གཉིས་ལ་རིན་ཆེན་འབྱུང་ལྡན། ནུབ་ཀྱི་གཉིས་ལ་འོད་དཔག་མེད། བྱང་གི་གཉིས་ལ་མི་བསྐྱོད་པ། འོག་གི་ལ་རྣམ་པར་སྣང་མཛད། སྟེང་གི་ལ་མི་བསྐྱོད་པས་དབུར་བརྒྱན་པར་བསམ་མོ། །དེ་ནས་དབང་གི་ལྷ་གཤེགས་སུ་གསོལ་ལ། རང་གི་སྙིང་ག་ནས་སྤྲོས་པའི་མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པ་དང༌། བདུད་རྩི་ལྔ་ལ་སོགས་པ་ནང་གི་མཆོད་པ་དང༌། མཆོད་རྫས་དུ་མ་འཛིན་པའི་ལྷ་མོ་རྣམས་སྤྲོས་པས་རང་གིས་བསྒོམས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་པར་བསམས་ནས། སླར་ཡང་དེ་དག་གིས་བསྟོད་པར་བསམ་ཞིང༌། འགྲོ་བ་བུད་མེད་འདུལ་གཟིགས་ནས། །རྡོ་རྗེ་སྒྲོལ་མར་གང་གྱུར་པ། །ཕྱག་འཚལ་ཕ་རོལ་ཕྱིན་ཐུབ་མ། །སྒྱུ་མའི་ཕྱག་རྒྱར་ཕྱག་འཚལ་བསྟོད། །ཅེས་བརྗོད་ནས་ལྷ་མོ་རྣམས་རང་གི་སྙིང་གར་ཐིམ་པར་བསམ་མོ། །དེ་ནས་མདུན་དུ་བདུད་རྩི་ཡོད་པའམ་མེད་ཀྱང་རུང་སྟེ། གཏོར་མ་ལྷར་བྱིན་གྱིས་བརླབས་པ་དེས། དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་པར་བསམས་ནས་མྱངས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་མྲྀ་ཏ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་བརྗོད་དོ། །དེ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྣང་ལ་རང་བཞིན་མེད་པ་ལ་ཡིད་གཏད་དེ། སེམས་མཉམ་པར་གཞག་གོ །བསྐྱེད་པའི་རིམ་པའོ།།  །།རྫོགས་པའི་རིམ་པ་བསྒོམ་པའི་ཚུལ་ནི། ཀྱེའི་རྡོ་རྗེ་དང་མཚུངས་པ་ཉིད་དོ། །རྫོགས་པའི་རིམ་པ་སྟེ་མཉམ་པར་གཞག་པའི་རྣལ་འབྱོར་རོ། །དེ་ནས་སྔགས་ཟློ་བར་འདོད་པས་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་ཕྲེང་བས་འཁོར་བའི་འོད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་དག བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱུད་བསྐུལ་བས་བདག་གི་རྒྱུད་བྱིན་གྱིས་བརླབས་པར་བསམ་ཞིང༌། ཨོཾ་ན་མཿཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཱཾ་པྲ་དུཥྚཱཾ་མ་མ་ཀྲྀ་ཏེ། ཛམྦྷ་ཡ། སྟཾ་བྷ་ཡ། མོ་ཧ་ཡ། བནྡྷ་ཡ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ། སརྦ་དུཥྚཱཾ་སྟམྦྷ་ནི་ཏཱ་རཱ་ཡཻ་སྭཱ་ཧཱ། རྩ་བའི་སྔགས་སོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། སྙིང་པོ་དང་ལྷ་ཐམས་ཅད་པའི་སྔགས་སོ། །ཨོཾ་པུཥྤ་ཏཱ་རཱི་སྭཱ་ཧཱ། ཨོཾ་དྷཱུ་པ་ཏཱ་རཱི་སྭཱ་ཧཱ། ཨོཾ་དཱེ་པ་ཏཱ་རཱི་སྭཱ་ཧཱ། ཨོཾ་གནྡྷ་ཏཱ་རཱི་སྭཱ་ཧཱ། ཨོཾ་བཛྲ་ཨཾ་ཀུ་ཤཱི་སྭཱ་ཧཱ། ཨོཾ་བཛྲ་པཱ་ཤཱི་སྭཱ་ཧཱ། ཨོཾ་བཛྲ་སྥོ་ཊཱ་སྭཱ་ཧཱ། ཨོཾ་བཛྲ་གྷནྜཱི་སྭཱ་ཧཱ། ཨོཾ་ཨུཥྞཱི་ཥ་བི་ཛཱ་ཡཻ་སྭཱ་ཧཱ། ཨོཾ་སུམྦྷ་ནི་སྭཱ་ཧཱ། ཞེས་པ་ནི་འཁོར་རྣམས་ཀྱི་སྔགས་སོ། །ཇི་སྲིད་མི་སྐྱོའི་བར་དུ་བཟླ་བར་བྱའོ། །གཏོར་མ་བྱིན་གྱིས་བརླབ་པའི་ཚུལ་ནི། དགེས་པའི་རྡོ་རྗེ་དང་མཚུངས་ལ། གཏོར་མའི་མགྲོན་བདག་གིས་བསྒོམས་པ་ལྟ་བུའི་དཀྱིལ་འཁོར་ལ་ལྷ་ཆེན་པོ་བརྒྱད་དང༌། ཕྱོགས་སྐྱོང་བ་བརྒྱད་དང༌། ཉི་ཟླ་དང༌། ཚངས་པ་དང༌། སའི་ལྷ་མོ་དང༌། ཀླུ་ཆེན་པོ་བརྒྱད་ཀྱིས་བསྐོར་བ་དམིགས་ནས། ཡེ་ཤེས་པ་དང་རོ་གཅིག་བར་བྱས་ལ། དབང་བསྐུར་ནས་རིགས་ཀྱི་བདག་པོའི་རྒྱས་བཏབ་པ་ལ་གཏོར་མ་ཕུལ་བས་གསོལ་བར་བསམ་ཞིང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ། ཨིནྡྲ་ཛ་མ་ཛ་ལ་ཛཀྑ་བྷཱུ་ཏ་བཧྣི་བཱ་ཨུ་རཀྑ་ཙནྡ་སུཛྫ་མ་ད་པཔྤ་ཏ་ལ་པ་ཏ་ལེ་ཨཥྚ་སཔྤ་སྭཱ་ཧཱ། ཨི་དཾ་བ་ལིཾ་བྷུཉྫ་ཛི་གྷ་ཕུལླ་དྷཱུ་བ་མཾ་ས་པིཾ་ག་ཨམྦ་སབྦ་ཀཱཛྫ་ས་དཱ་ཁནྟི་ཁུ་ནི་ཕེ་ཊ་གཱ་ད་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ། ཅེས་གསུམ་མམ་བདུན་གྱིས་ཕུལ་ནས་སླར་ཡང་མེ་ཏོག་ལ་སོགས་པས་མཆོད་པ་སྔ་མ་ལྟར་བསྟོད་ནས། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ལ་སོགས་པས་ཕྲིན་ལས་བཅོལ་ནས། རྡོ་རྗེའི་གླུ་དང༌། བཀྲ་ཤིས་ཀྱི་ཚོགས་སུ་བཅད་པ་བརྗོད་ལ། བཟོད་པར་གསོལ་ཞིང་གཏོར་མའི་མགྲོན་གཤེགས་སུ་གསོལ་ལ་གཏོར་མ་གཏོང་ངོ༌། །གཏོར་མའི་རྣལ་འབྱོར་རོ། །ཁ་ཟས་ཡི་གེ་གསུམ་གྱིས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ནས་རང་སྒྲོལ་མར་དམིགས་པའི་ལྟེ་བ་ནས་གཏུམ་མོའི་མེ་འབར་བས་གང་བའི་ཁྲོད་དུ་སྙིང་གར་དཀྱིལ་འཁོར་གྱི་ལྷ་ཚོགས་གསལ་བར་དམིགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་དང༌། ལྟོ་བར་འབྱུང་པོ་བརྒྱད་གསུམ་ཉི་ཤུ་རྩ་བཞི་ལ་འཇིག་རྟེན་པ་ཐམས་ཅད་ཀྱིས་བསྐོར་བར་དམིགས་ནས་ལག་པ་གཉིས་དགང་བླུགས་ཀྱིས་ཁ་ཧོམ་ཁུང་དུ་བསྲེག་རྫས་བླུགས་པས་མཉེས་པར་བསམ་ཞིང་བཟའོ། །ཁ་ཟས་ཀྱི་རྣལ་འབྱོར་རོ། །དེ་ནས་སྤྱོད་ལམ་ལ་འཇུག་པའི་ཚེ་ལྷ་རྣམས་བསྡུས་ནས། རང་སྒྲོལ་མ་འབའ་ཞིག་ཏུ་གནས་པའི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ། ཨོཾ་ཞེས་བརྗོད་པས་བདག་གི་ལུས་དང་སྣང་བ་ཐམས་ཅད་ལྷ། ཨཱཿཞེས་བརྗོད་པས་བརྗོད་པ་དང་གྲག་པ་ཐམས་ཅད་སྔགས། ཧཱུྃ་ཞེས་བརྗོད་པས་རྟོག་པའི་འདུ་འཕྲོ་ཐམས་ཅད་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་བྱིན་གྱིས་བརླབས་ནས། ཕྱི་རོལ་གྱི་འདོད་ཡོན་ལྔས་ནང་གི་ལྷ་རྣམས་མཆོད་པར་བསམ་ཞིང༌། ཡུལ་རྣམས་ལ་ཆགས་པ་དང་སྡང་བ་མེད་པར་སྤྱད་དོ། །སྤྱོད་ལམ་གྱི་རྣལ་འབྱོར་རོ། །ཉལ་བའི་ཚེ། ལྷ་རྣམས་བསྡུས་ནས་ཆོས་ཀྱི་སྐུའི་ངང་དུ་ཉལ་ལོ། །ཉལ་བའི་རྣལ་འབྱོར་རོ། །ལྡང་བའི་ཚེ་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་པའི་ཚུལ་གྱིས་ལྡང་ངོ༌། །ལྡང་བའི་རྣལ་འབྱོར་ཏེ། ཐུན་མཚམས་ཀྱི་རྣལ་འབྱོར་རོ། །དེ་ལྟར་དམ་ཚིག་དང་སྡོམ་པ་རྣམ་པར་དག་པས་རྣལ་འབྱོར་དེ་དག་ལ་ནན་ཏན་དུ་བྱས་པས་ཏིང་ངེ་འཛིན་དམ་པ་སྐྱེས་པའི་ཚེ་ཇི་སྐད་བཤད་པའི་སྤྱོད་པ་དག་ལ་ཉེ་བར་སྤྱད་པས་ཐུན་མོང་གི་དངོས་གྲུབ་དག་གིས་རང་དང་གཞན་གྱི་ཡིད་དགའ་བར་བྱས་ནས་དབང་ཕྱུག་བརྒྱད་ཀྱི་ཕུན་སུམ་ཚོགས་པའི་ཕྱག་རྒྱ་ཆེན་པོ་མཆོག་གི་གོ་འཕང་མྱུར་དུ་ཐོབ་པར་འགྱུར་བ་ཉིད་དོ། །འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང་དཔལ་བདག་མེད་རྣལ་འབྱོར་མ། །བིརྺ་པ་དང་ཌོཾ་བི་ཧེ་རུ་ཀ །འཇམ་དཔལ་གྲགས་པ་ཛཱ་ལནྡྷ་ར་བ། །སེའུ་རི་པ་འཇིགས་མེད་འབྱུང་གནས་དཔལ། །དགེ་བའི་འབྱུང་གནས་དཔེ་མེད་སྲུང་བ་དང༌། །ཨ་ཝ་དྷཱུ་ཏཱི་དཱརྦ་ཎ་ཨཱ་ཙཱརྻ། །བླ་མ་ཤེས་རབ་རིན་ཆེན་དཔལ་ལས་ནི། །དབང་རབ་ཐོབ་ནས་སྒྲུབ་ཐབས་འཕགས་པས་སྦྱར། །དེ་ལས་དགེ་བའི་རྩ་བ་གང་བསྐྲུན་པ། །དེ་ཡིས་བདག་དང་སེམས་ཅན་ཐམས་ཅད་ཀྱི། །བསོད་ནམས་ཡེ་ཤེས་ཚོགས་རབ་རྫོགས་གྱུར་ཏེ། །སྒྲོལ་མའི་གོ་འཕང་དམ་པ་ཐོབ་པར་ཤོག །འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྗེས་སུ་འབྲང་བའི་རྗེ་བཙུན་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་འདི་ནི་ཆོས་ཐམས་ཅད་ལ་བསྙེངས་པ་མི་མངའ་བའི་མཁྱེན་རབ་ཅན་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏའི་ཞབས་རྡུལ་སྤྱི་བོས་ལེན་པ། དགེ་སློང་སྔགས་འཆང་བ་འཕགས་པ་ཞེས་བྱ་བ་ལ་བརྟུལ་ཞུགས་དང་ཡོན་ཏན་གྱི་རྒྱན་གྱིས་མཛེས་པར་གྲགས་པ་བཟང་པོ་ཞེས་བྱ་བས་དབང་བསྐུར་བ་དང་སྒྲུབ་པའི་ཐབས་ཞུས་པའི་ངོར་ཆུ་ཕོ་སྤྲེའུའི་ལོ་དཔྱིད་ཟླ་ར་བའི་ཚེས་ཉི་ཤུ་གསུམ་གྱི་སྔ་དྲོའི་ཆ་ལ། ཤིང་ཀུན་དུ་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་རའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*