རྣལ་འབྱོར་མའི་སིནྡྷཱུ་རའི་དཀྱིལ་འཁོར་གྱི་བདག་འཇུག

༼ཕ༽

༄༅། །རྣལ་འབྱོར་མའི་སིནྡྷུ་རའི་དཀྱིལ་འཁོར་གྱི་བདག་འཇུག་བཞུགས།།

༄༅། །དཔལ་རྡོ་རྗེ་རྣལ་འབྱོར་མའི་སིནྡྷུ་རའི་དཀྱིལ་འཁོར་དུ། བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །དངོས་གྲུབ་རིན་ཆེན་མི་ཟད་གཏེར། །རྡོ་རྗེ་རྣལ་འབྱོར་མར་བཏུད་ནས། །དེ་ཡི་བྱིན་རླབས་རྒྱ་མཚོ་ཡིས། །འབྱོར་པར་བྱ་ཕྱིར་འདིར་བཤད་བྱ། །ཆོས་ཀྱི་ཚུལ་འདི་ལ་ཞུགས་ཤིང་འདི་ཉིད་ཀྱི་བསྙེན་པ་སྔོན་དུ་སོང་བའི་གང་ཟག བྱིན་རླབས་དང་དངོས་གྲུབ་དོན་དུ་གཉེར་བས། དུས་བཟང་པོ་ལ་གནས་དབེན་ཞིང་ཡིད་དུ་འོང་བར། དྲི་བཟང་པོ་དང་བ་བྱུང་གིས་བྱུགས་པའི་གཞི་ཚོན་དམར་པོས་ཡོངས་སུ་བསྒྱུར་བ་ལ། རེ་ཁ་དཀར་པོས་ཕྱིའི་མུ་ཁྱུད་དང་བཅས་པའི་ཆོས་འབྱུང་ཉིས་བརྩེགས་བྲིས་པའི་སྟེང་དུ། ཀ་པཱ་ལ་བདུད་རྩི་དང་སྦྱར་བའི་ཆང་གིས་ཡོངས་སུ་བཀང་བ་བཞག་ནས། དེའི་སྟེང་དུ་སིནྡྷུ་རའི་དཀྱིལ་འཁོར་དཔེའུ་རིས་བཞིན་གསེར་གྱི་ཐུར་མས་བྲིས་པའི་དབུས་སུ། དྲི་མ་མེད་པའི་ཏིང་ལོ་ཆུང་དུ་བཞག་པའི་སྟེང་དུ་དར་དམར་པོ་ལ་སོགས་པའི་དར་ཁང་མཛེས་པར་ཕུབ་པའི་ཁོར་ཡུག་ཏུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། ཤིན་ཏུ་ཞིམ་པའི་བཟའ་བ་དང༌། བཏུང་བ་དང༌། འབྲས་བུ་ལ་སོགས་པས་ཡོངས་སུ་བསྐོར་ཞིང་གཏོར་མ་གསུམ་དང༌། ནང་མཆོད་ལ་སོགས་པ་ཚོགས་ཀྱི་འཁོར་ལོའི་སྐབས་བཞིན་བཤམས་ཤིང༌། གཟུངས་ཐག་གིས་དཀྲིས་པའི་རྡོ་རྗེ་དང་དུང་ཆོས་དང་བཅས་པའི་བུམ་པ་བཅུད་རྣམས་ཀྱིས་བཀང་བ་གཅིག་ཀྱང་བཤམས་ལ། ཞུ་བ་འབུལ་བ་ནས་མཆོད་པ་བྱིན་གྱིས་བརླབ་པའི་བར་ཚོགས་ཀྱི་འཁོར་ལོ་ལྟར་བྱའོ། །དེ་ནས་སུཾ་བྷའི་སྔགས་བརྗོད་ཅིང་ནང་མཆོད་ཀྱིས་སིནྡྷུ་རའི་དཀྱིལ་འཁོར་ལ་གཏོར་ཏེ་བསངས་ནས། སྭ་བྷཱ་ཝས་སྟོང་པ་ཉིད་དུ་སྦྱངས་པའི་ངང་ལས། ཡྃ་ལས་རླུང་རྃ་ལས་མེ་ལྃ་ལས་ས་སུྃ་ལས་རིའི་རྒྱལ་པོ་རི་རབ་ཀྱི་སྟེང་དུ། ཀྃ་ལས་ཐོད་པ་དཀར་པོ་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བ་བདུད་རྩི་ལྔས་ཡོངས་སུ་གང་བའི་སྟེང་དུ། པྃ་ལས་པདྨ་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འཕྲོས་པའི་འོད་ཀྱིས་རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར། བླ་རེ་བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་སྲུང་འཁོར་གྱི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ། ཨེའི་ཡི་གེ་གཉིས་བརྩེགས་པ་ལས་བྱུང་བའི་ཆོས་ཀྱི་འབྱུང་གནས་ཉིས་བརྩེགས་ཁོག་པ་སྟོང་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། པྃ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སྔགས་ཀྱི་ཡི་གེ་དམིགས་པ་རྣམས་ལས་འོད་ཟེར་ཕར་འཕྲོས། ཚུར་འདུས་གཅིག་ཏུ་འདྲེས་པ་ལས་བྱུང་བའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་བསྐྱེད་ནས། གོ་ཆ་དགོད་པ་དང་ཡེ་ཤེས་པ་སྤྱན་དྲངས་ནས། མཆོད་པ་དང༌། བསྟོད་པ་དང༌། གཏོར་མ་འབུལ་བའི་བར། ཚོགས་འཁོར་གྱི་སྐབས་བཞིན་བྱའོ། །དེ་ནས་བུམ་པ་སུཾ་བྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་བཅིངས་ཤིང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པའི་བུམ་པ་བསྐྱེད་པའི་ནང་དུ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་བསྐྱེད་ནས་ཡེ་ཤེས་པ་གཞུག་པའི་བར་སྒྲུབ་ཐབས་ལྟར་བྱས་པ་ལ་ཕྱི་ནང་གྱི་མཆོད་པ་དང༌། བསྟོད་པ་བྱས་ནས་གཟུངས་ཐག་བཟུང་སྟེ། སྔགས་གཟུངས་ཐག་ལ་བརྟེན་ནས་བུམ་པའི་ནང་དུ་སོང་བས་རྡོ་རྗེ་རྣལ་འབྱོར་མའི་ཐུགས་བསྐུལ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཟགས་པས་བུམ་པ་གང་བར་བསམ་ཞིང༌། རྗེ་བཙུན་མའི་སྔགས་གང་གྲུབ་པ་དང༌། སུཾ་བྷའི་སྔགས་གང་གྲུབ་པ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་ཅི་རིགས་པ་བཟླས་ནས། སླར་ཡང་མཆོད་ཅིང་བསྟོད་དེ། དུང་ཆོས་ཀྱི་ཆུ་བླུགས་པས་ལྷའི་སྐུ་ཡང་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་མོ། །དེ་ནས་དཀྱིལ་འཁོར་གྱི་མདུན་དུ་བསྡད་ནས། བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་གཉིས་སུ་མེད་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་བདག་ལ་རྩེ་གཅིག་ཏུ་དགོངས་པ་མངོན་སུམ་ལྟར་དམིགས་ལ་མཎྜལ་ཕུལ་ནས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཞེས་ལན་གསུམ་གསོལ་བ་བཏབ་ནས། རྡོ་རྗེ་རྣལ་འབྱོར་མས་མཛད་པར་བསམ་ཞིང༌། གདོང་གཡོགས་བཅིང༌། མེ་ཏོག་ཕྲེང་བ་བླང༌། བུམ་པའི་ཆུས་བསངས། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང་ནང་མཆོད་མྱངས་པས་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་ཞིང་བྱིན་གྱིས་བརླབས་པར་བསམ། དེ་ནས་རང་གི་སྙིང་གི་ནང་དུ་ཟླ་བ་ལ་གནས་པའི་རྡོ་རྗེ་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་བསམས་ནས། རྗེ་བཙུན་མས་སྙིང་གར་རྡོ་རྗེ་བཞག་ནས་བྱིན་གྱིས་རློབ་པ་དང༌། གསང་བར་གདམས་པར་མཛད་པར་བསམ་ཞིང༌། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། སུ་ར་ཏི་ས་མ་ཡ་སྟྭཾ་ཧོ། སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་གསུངས་ཤིང་བྱིན་གྱིས་བརླབས་ནས། དེང་ཁྱོད་རྡོ་རྗེ་རྣལ་འབྱོར་མའི་རིགས་སུ་ཞུགས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལའང་མ་ཡིན་ནོ། །ཞེས་བརྗོད་དོ། །དེ་ནས་རྗེ་བཙུན་མའི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་བདག་དཀྱིལ་འཁོར་དུ་བཅུག་པར་བསམ་ཞིང༌། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་དོ། །དེ་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་རྗེས་སུ་ཟློ་བར་བསམ་ཞིང༌། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་དོ། །དེ་ནས་ཁྱད་པར་དུ་སྡིག་པ་དང༌། དམ་ཚིག་གི་ཉེས་པ་བཤགས་པར་བྱ། བླ་མ་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་ཐོག་མ་མཆིས་པ་ནས། ལས་དང་ཉོན་མོངས་པའི་དབང་དུ་གྱུར་པས། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིས་པ་ལ་རྗེས་སུ་ཡི་རང་བ་དང༌། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང༌། རིག་པ་འཛིན་པའི་དམ་ཚིག་དང་འགལ་བ་དང༌། ཁྱད་པར་དུ་བླ་མ་དང༌། ཡི་དམ་གྱི་ལྷ་ལ་མ་གུས་པ་དང༌། མཆོད་པ་དང་གཏོར་མ་ལ་མ་བརྩོན་པ་དང༌། བསྙེན་པ་དང་སྒྲུབ་པ་ལ་གཡེལ་བ་ལ་སོགས་པ་སྡིག་པ་དང༌། སྒྲིབ་པ་དང་ཉེས་པ་དང༌། ལྟུང་བའི་ཚོགས་ཅི་མཆིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཅད་ཀྱང་གཅོད་ཅིང་བསྡམ་ལགས་སོ། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་དམ་ཚིག་དང་སྡོམ་པ་རྣམས་བླང་བའི་བསམ་པས། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་གཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བརྗོད་པས་རིགས་ལྔ་སྤྱིའི་དམ་ཚིག་དང་སྡོམ་པ་བླང་ངོ༌། །དེ་ནས་ཁྱད་པར་གྱི་དམ་ཚིག་རྣམས་བླང་བའི་བསམ་པས། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའི་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཧེ་རུ་ཀ་དཔལ་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་གཟུང༌། །ཞེས་ལན་གསུམ་བརྗོད་པས་བློང་ངོ༌། །དེ་ནས་བཅོམ་ལྡན་འདས་མའི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས། ལུས་ཀྱི་ཕྱི་ནང་ཐམས་ཅད་གང་ཞིང་ཁྱབ་པས། སྡིག་སྒྲིབ་ཐམས་ཅད་དག་ནས་འོད་འདུས་པ་ལྟེ་བའི་ནང་དུ་ཆོས་འབྱུང་ཉིས་བརྩེགས་ཀྱི་ནང་དུ་བྃ་གྱི་ཡི་གེ་སྔགས་ཀྱི་ཕྲེང་བས་བསྐོར་བ་ཅིག་ཏུ་གྱུར་ནས། དེ་ལས་འཕྲོས་པའི་འོད་འཇིག་རྟེན་ཐམས་ཅད་ལ་ཕོག་པས་རྡོ་རྗེ་རྣལ་འབྱོར་མ་འབའ་ཞིག་ཏུ་གྱུར་ནས་འོད་ཚུར་འདུས་ཏེ་རང་ལ་ཐིམ་པས། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གྱུར་ནས། གོ་ཆ་བཅིང་བའི་བར་སྒྲུབ་ཐབས་ལྟར་བྱ། དེ་ནས་བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་གཉིས་སུ་མེད་པ་ལ། སློབ་དཔོན་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་དངོས་གྲུབ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་སྩལ་ཞིང་བརྟན་པར་མཛད་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་ནས་དཀྱིལ་འཁོར་གྱི་ཏིང་ལོ་སྦར་ལ། དེ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༌། ཡེ་ཤེས་གཅིག་ཏུ་བསྡུས་པ་དེ་ཉིད་ཀྱི་ཐུགས་ཀར། རྡོ་རྗེ་རྣལ་འབྱོར་མའི་སྐུ་མཐེ་བོང་གི་ཚད་དང་མཉམ་པར་གྱུར་པ། རྗེ་བཙུན་མ་ཉིད་ཀྱིས་བདག་གི་ཁར་བཅུག་པར་བསམ་ཞིང༌། མིད་པས་མགྲིན་པ་དང་སྙིང་ག་ནས་དམར་ཧྲིལ་གྱིས་སོང་བ། ལྟེ་བའི་ཆོས་འབྱུང་ཉིས་བརྩེགས་ཀྱི་དབུས་སུ་བྃ་དང་འདྲེས་པ་ལས་བྱུང་བའི་རྡོ་རྗེ་རྣལ་འབྱོར་མའི་སྐུ་གསལ་བར་བསྐྱེད་ལ། རྡོ་རྗེ་རྣལ་འབྱོར་མའི་སྐུ་བདེ་བ་ཆེན་པོས་ཡོངས་སུ་གང་བས་གར་མཛད། ནང་གི་ཆོས་འབྱུང་གི་གྲྭ་བཞི་དང༌། ཕྱིའི་ལྷ་མོའི་སྨིན་མཚམས་ཀྱི་ཐད་ཀ་རྣམས་སུ་དགའ་བ་འཁྱིལ་བ་དམར་པོ་གཡོན་ཕྱོགས་སུ་མྱུར་དུ་འཁོར་བར་བསམ་མོ། །དེའི་ཚེ་མདུན་གྱི་རྡོ་རྗེ་རྣལ་འབྱོར་མ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྔགས་ཀྱི་སྒྲ་དྲག་ཏུ་བསྒྲགས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐུལ་ནས་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་གྱུར་པ་བདག་ལ་ཐིམ་པས། བདག་གི་ལུས་ངག་ཡིད་གསུམ་དང་གཉིས་སུ་མེད་པར་གྱུར་པར་བསམ་ཞིང༌། སྒྲུབ་པའི་གྲོགས་རྣམས་ཀྱིས་གུ་གུལ་གྱི་དུད་པ་དང༌། རོལ་མོའི་སྒྲ་བྱེད་དུ་གཞུག་གོ །དེ་ནས་རྗེ་བཙུན་མས་བདག་གི་སྤྱི་བོར་སྣ་ཚོགས་རྡོ་རྗེ་བཞག་ནས། ཨོཾ་ཏིཥྛ་བཛྲས་བརྟན་པར་བྱས་པར་བསམ། ཡེ་ཤེས་བབ་པ་ལས་བྱུང་བའི་ཉམས་མྱོང་མ་བརྗེད་པར་བསྐྱང༌། དེ་ནས་མེ་ཏོག་ཕྲེང་བ་རྗེ་བཙུན་མའི་ཐུགས་ཀར་ཕུལ་བར་བསམ་ཞིང༌། ཨོཾ་པྲ་ཏཱིཙྪ་བཛྲ་ཧོ། ཞེས་བརྗོད་ནས་མཎྜལ་གྱི་དབུས་སུ་དབུལ། ཕྲེང་བ་དེ་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ནས། རྗེ་བཙུན་མས་བདག་གི་སྤྱི་བོར་བཞག་པར་བསམས་ལ། ཨོཾ་པྲ་ཏི་གྲིཧྣ་སྟྭ་མི་མཾ་སཏྭ་མ་ཧཱ་བ་ལ་ཨོཾ། ཞེས་གསུང་བར་བསམ་ཞིང་སྤྱི་བོར་བླང༌། དེ་ནས་ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་པ་ཧྲཱིཿཕཻཾ། ཞེས་གསུང་ཞིང་གདོང་གཡོགས་ཕྱེ་ནས་དཀྱིལ་འཁོར་བསྟན་པར་བསམས་ཤིང་དངོས་སུ་བལྟའོ། །འཇུག་པའོ། །དེ་ནས་དབང་བླང་བའི་ཕྱིར་མཎྜལ་ཕུལ་ལ། རྣལ་འབྱོར་མ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །ཇི་ལྟར་མཁའ་སྤྱོད་མ་དཔལ་གཙོ། །དེ་ནི་བདག་ལའང་དེང་མཛོད་ཅིག །ཅེས་ལན་གསུམ་གྱིས་གསོལ་བ་གདབ་ནས། བཅོམ་ལྡན་འདས་མའི་སྐུར་དམིགས་པའི་མདུན་དུ་རིན་པོ་ཆེའི་ཁྲིའི་སྟེང་དུ། རང་ཉིད་རྡོ་རྗེ་རྣལ་འབྱོར་མའི་སྐུར་དམིགས་པའི་སྟེང་དུ་གདུགས་དང༌། ས་དང་ནམ་མཁའ་ཐམས་ཅད་མཆོད་པས་གང་བས་བདག་ལ་མཆོད་པར་བསམ། ལྷ་མོའི་ཐུགས་ཀ་ནས་གདན་གསུམ་ཚང་བའི་དབང་གི་ལྷ་འཕྲོས་པས་སོ་སོས་དབང་བསྐུར་བའི་ལས་མཛད། ཁྱད་པར་ལྷ་མོ་ཉིད་རིགས་ལྔ་དང་བཅས་པས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་ཆུས་གང་བས་སྤྱི་བོ་ནས་བླུགས་ཤིང༌། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཙཀྲ་བཱི་ར་སྟྭཾ། ཨ་བྷི་ཥིཉྩཱ་མི། བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་མགྲིན་གཅིག་ཏུ་གསུང་ཞིང་དབང་བསྐུར་བར་བསམ། དངོས་སུ་ཡང་གཏོར་བས་སྤྱི་གཙུག་ནས་རྐང་པའི་མཐིལ་ཡན་ཆད་གང༌། དྲི་མ་ཐམས་ཅད་དག དབང་ཐམས་ཅད་ཐོབ། ཆུ་ལྷག་མ་ཡར་ལུད་པས། སྤྱི་གཙུག་ཏུ་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམས་ལ། དེ་ནས་རྗེ་བཙུན་མ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་རབ་ཏུ་གནས་པར་བྱའོ། །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་གསུང་བར་བསམ་ཞིང་མེ་ཏོག་གཏོར་ནས། རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བར་བསམ་མོ། །དེ་ནས་ཐལ་མོ་སྦྱར་བའི་བར་དུ་བགྲང་ཕྲེང་བཟུང་ནས། བཅོམ་ལྡན་འདས་མའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས་པས་བདག་གི་སྙིང་གའི་བྃ་གྱི་མཐའ་མར་གཡོན་སྐོར་དུ་བཀོད་པས། རྗེ་བཙུན་མ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་བདག་ལ་ཞུགས་པར་བསམ་ཞིང༌། གསང་སྔགས་ལན་གསུམ་བརྗོད་པའི་མཐར། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་རྡོ་རྗེ་རྣལ་འབྱོར་མས་ཕྲེང་བ་དེ་ཉིད་སྔགས་ཀྱི་ངོ་བོར་བྱིན་གྱིས་བརླབས་ཏེ་སྤྱི་བོར་བཞག་ནས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་གསུངས་ནས། སྔགས་ཀྱི་རྗེས་སུ་གནང་བ་བྱིན་པར་བསམ་མོ། །དེ་ནས་ལག་པ་གཡོན་པའི་སྲིན་ལག་གིས་སིནྡྷུ་རའི་དཀྱིལ་འཁོར་གྱི་རྡུལ་ཚོན་བླངས་ལ། དཔྲལ་བ། མགྲིན་པ། སྙིང་ག་གསུམ་དུ་བྱུགས་པས་སྐུའི་དངོས་གྲུབ་ཐམས་ཅད་འགྲུབ་པར་བསྒོམ་ཞིང༌། ལུས་ཀྱི་དྲི་མ་དག བུམ་པའི་དབང་ཐོབ་སྙམ་དུ་བསམ་མོ། །བུམ་པའི་དབང་ངོ༌།།  །།དེ་ནས་བཅོམ་ལྡན་འདས་མའི་སྐུ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དཀར་དམར་མཎྜལ་གྱི་ཐོད་པའི་བདུད་རྩི་དང་འདྲེས་པ། རྗེ་བཙུན་མ་ཉིད་ཀྱིས་བདག་གི་ཁའི་སྒོར་བྱིན་པར་བསམ་ཞིང༌། དངོས་སུ་འཐུངས་པས་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་བར་བསམ་ཞིང༌། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་དོ། །ངག་གི་དྲི་མ་དག གསང་བའི་དབང་ཐོབ་པར་བསམ། གསང་བའི་དབང་ངོ༌།།  །།དེ་ནས་ཡང་གཡོན་པའི་སྲིན་ལག་གིས་སིནྡྷུ་རའི་རྡུལ་ཚོན་བླངས་ཏེ། རང་གི་གསང་གནས་དང༌། ལྟེ་བ་དང༌། སྙིང་ག་དང༌། མགྲིན་པ་དང༌། སྐྲ་མཚམས་རྣམས་སུ་རེག་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བདག་གི་བྷ་ག་ནས་ཞུགས་ནས། ལུས་ཐམས་ཅད་ལ་ཁྱབ་པས་རིམ་པ་བཞིན་ཡེ་ཤེས་ཀྱི་དགའ་བ་བཞི་སྐྱེས་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དོ། །ཡིད་ཀྱི་དྲི་མ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་བསམ་མོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌།།  །།དེ་ནས་རྡོ་རྗེ་རྣལ་འབྱོར་མས། དངོས་པོ་མེད་པའི་ཆོས་ཉིད་ལྟོས། །ནམ་མཁའ་ལྟ་བུར་དྲི་མ་མེད། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡི། །སྟོང་པ་ཉིད་དུ་རྣམ་པར་བསྒོམ། །ཞེས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ངོ་སྤྲད་ནས། རང་ཉིད་ཀྱང་སྟོང་པ་ཉིད་ཀྱི་ངང་ལ་སེམས་མཉམ་པར་གཞག་གོ །དེ་ནས་ལུས་ངག་ཡིད་གསུམ་གྱི་དྲི་མ་ཐམས་ཅད་དག དབང་བཞི་པ་ཐོབ་སྙམ་དུ་བསམས་ནས། དབང་ཐམས་ཅད་གནང་བའི་བཀའ་དྲིན་གྱི་ལན་དུ། ལུས་ལོངས་སྤྱོད་ཐམས་ཅད་ཡིད་ཀྱིས་ཕུལ་ནས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་ཚོགས་ཀྱི་ཡོ་བྱད་རྣམས་བྱིན་གྱིས་བརླབས་ནས། ཚོགས་ལ་ལོངས་སྤྱད་པ་དང༌། གཤེགས་སུ་གསོལ་ནས་བདག་ཉིད་བསྲུང་བའི་བར་ཚོགས་ཀྱི་འཁོར་ལོ་བཞིན་བྱའོ། །བྱེ་བྲག་ཏུ་སིནྡྷུ་རའི་དཀྱིལ་འཁོར་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུ། སིནྡྷུ་ར་རྣམས་ནི་ཟ་མ་ཏོག་ལ་སོགས་པར་ལེགས་པར་བཟུང་ལ། ཕྱིས་ཀྱིའང་རྡུལ་ཚོན་ལ་བསྲེ་བར་བྱའོ། །ཚུལ་དེ་ལྟར་རྟག་ཏུ་བྱས་ན། སྡིག་པ་དང༌། དམ་ཚིག་གི་ཉེས་པ་དང༌། བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་ཞིང༌། ཚེ་དང༌། དཔལ་དང༌། འབྱོར་པ་ཕུན་སུམ་ཚོགས་པ་ཐོབ་སྟེ། དཔལ་རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརླབས་ནས་མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་བ་ཉིད་དོ། །མཁའ་སྤྱོད་དཔལ་གྱི་དཀྱིལ་འཁོར་དུ། །བདག་ཉིད་ཞུགས་ནས་དབང་བླང་བའི། །ཚུལ་འདི་ཟབ་མོའི་སྙིང་པོ་སྟེ། །གསང་བ་ལས་ཀྱང་གསང་བ་ཡིན། །དེ་ལྟ་མོད་ཀྱིས་ཚུལ་འདི་ལ། །དད་ཅིང་ཤེས་རབ་རབ་གསལ་བ། །གོ་གོ་ཆེན་གྱིས་གསོལ་བཏབ་ནས། །སྔགས་འཆང་འཕགས་པ་ཞེས་བྱས་སྦྱར། །དགེ་བ་འདི་ཡིས་བདག་གཞན་ཀུན། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །མཁའ་ལ་སྤྱོད་པའི་དཔལ་ཐོབ་ནས། །གཉིས་སུ་མེད་པར་རོལ་པར་ཤོག །དཔལ་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་དུ་འཇུག་ཅིང༌། དབང་དང་དངོས་གྲུབ་མ་ལུས་པ་བླང་བའི་ཆོ་ག་འདི་ནི། ལྕགས་ཕོ་རྟའི་ལོ་ཟླ་བ་བདུན་པའི་ཚེས་བཅོ་བརྒྱད་ཀྱི་ཉིན་པར་ཤང་ཏོའི་གཙུག་ལག་ཁང་དུ་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*