ཀྱཻ་རྡོ་རྗེའི་སྒྲུབ་ཐབས་སྲུང་འཁོར་དང་བཅས་པ།

༼པ༽

༄༅། །ཀྱེ་རྡོ་རྗེའི་སྒྲུབ་ཐབས་སྲུང་འཁོར་དང་བཅས་པ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །མཉམ་སྦྱོར་བདེ་ཆེན་རྟག་པའི་སྐུ། །ཧེ་རུ་ཀ་དཔལ་ལ་བཏུད་དེ། །རྒྱལ་བུ་གཞོན་ནུས་བསྐུལ་བའི་ངོར། །ཉམས་ལེན་རིམ་པ་མདོར་བསྡུས་བཤད། །དེ་ལ་ཐོག་མར་རྡོ་རྗེ་སེམས་དཔའ་བསྒོམ་པར་འདོད་པས། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལན་གསུམ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་རྡོ་རྗེ་སེམས་དཔའ་བསྒོམ་སྙམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་རང་གི་སྤྱི་བོར་པྃ་ལས་པདྨ་འདབ་མ་བརྒྱད་པའི་སྟེང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་སྦྱངས། ཚུར་འདུས་རྡོ་རྗེ་ལ་ཐིམ་ནས་རྡོ་རྗེ་དེ་རྡོ་རྗེ་སེམས་དཔར་གྱུར་པར་བསམ་མོ། །དེའང་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་རྡོ་རྗེ། གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་བསམ་མོ། །དེ་གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་བསམ། ཧཱུྃ་ལས་འོད་འཕྲོས་པས་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་བསྟིམ་མོ། །དེ་ནས་བདག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱང་དུ་གསོལ་ཞེས་གསོལ་བ་བཏབ་པས། དེའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བདག་གི་སྤྱི་གཙུག་ཚངས་པའི་བུ་ག་ནས་བབས་པས། སྡིག་པ་དང༌། སྒྲིབ་པ་དང༌། ནད་དང༌། བགེགས་ཐམས་ཅད་རྐང་པའི་མཐེ་བོང་གཉིས་ནས་འཛག་སྟེ། ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་དཀར་མེར་ཁེངས་པར་བསམ་ཞིང༌། ངག་ཏུ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ ཏྭེ་ནོ་པ་ཏིཥྛ་དྲྀཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱཾ། བཛྲ་ཧེ་རུ་ཀ་མ་མེ་མུཉྩ་ཧེ་རུ་ཀོ་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨ་ཧཱུྃ་ཕཊ། ཅེས་ཅི་ནུས་པ་བཟླས་ནས། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་བརྗོད་པས་རྡོ་རྗེ་སེམས་དཔའ་རང་ལ་ཐིམ་པར་བསམས་ནས། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་གཉིས་སུ་མེད་པར་གྱུར་པར་བསམ་མོ། །དེ་ནས་ཁྲོ་བཅུའི་སྲུང་བའི་འཁོར་ལོ་བསྒོམ་པའི་ཕྱིར། སྔར་བཞིན་དུ་སྐྱབས་སུ་འགྲོ་བ་བྱས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ཀྱེའི་རྡོ་རྗེ་བསྒོམ་སྙམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྶྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་ལ་སྣང་བ་ཐམས་ཅད་སྟོང་པར་བསམ། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ཞུ་བ་ལས་སྣ་ཚོགས་རྡོ་རྗེ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ལྟེ་བ་མཐིང་ནག་ལ་ཧཱུྃ་གིས་མཚན་པ་བསམ། ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འོག་ཕྱོགས་རྡོ་རྗེའི་ས་གཞི། མཐའ་རྡོ་རྗེའི་རྭ་བ། སྟེང་རྡོ་རྗེའི་གུར། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས་གང་བར་བསམས་ལ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་སྣ་ཚོགས་རྡོ་རྗེའི་ལྟེ་བའི་སྟེང་དུ་བྷྲཱུྃ་སེར་པོ་བསམ། དེ་ཞུ་བ་ལས་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ། ཁོག་པ་སྟོང་པ་རྩིབས་བཅུ་དང་ལྡན་པ་གོ་སྐབས་མེད་པ་ཁ་དོག་སེར་པོ་བསམས་ལ། ཨོཾ་བཛྲ་ཙཀྲ་རཀྵ་རཀྵ་ཧཱུྃ་བྷྲཱུྃ་ཧཱུྃ་ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །དེའི་ནང་དུ་དབུས་དང་ཕྱོགས་བཅུར་པདྨ་དང་ཉི་མའི་དཀྱིལ་འཁོར་རེ་རེ་བསམ། དབུས་ཀྱི་ཉི་མའི་སྟེང་དུ་བྷྲཱུྃ་སེར་པོ། ཕྱོགས་བཅུའི་ཉི་མའི་སྟེང་དུ་ཧཱུྃ་རེ་རེ། དེའང་ལྷོའི་དཀར་པོ། ནུབ་ཀྱི་དམར་པོ། གཞན་རྣམས་སྔོན་པོར་བསམ། དེ་ཐམས་ཅད་སོ་སོའི་གནས་སུ་ཡོངས་སུ་གྱུར་པ་ལས། དབུས་སུ་རང་ཉིད་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་ཕྱག་གཡས་པས་འཁོར་ལོ་འཛིན་པ། ཤར་དུ་གཤིན་རྗེ་གཤེད་སྔོན་པོ་གཡས་པས་ཐོ་བ་འཛིན་པའོ། །ལྷོར་ཤེས་རབ་མཐར་བྱེད་དཀར་པོ་བེ་ཅོན་འཛིན་པ། ནུབ་ཏུ་པདྨ་མཐར་བྱེད་དམར་པོ་པདྨ་འཛིན་པ། བྱང་དུ་བགེགས་མཐར་བྱེད་རྡོ་རྗེ་འཛིན་པ། བྱང་ཤར་དུ་མི་གཡོ་བ་རལ་གྲི་འཛིན་པ། ཤར་ལྷོར་འདོད་པའི་རྒྱལ་པོ་ལྕགས་ཀྱུ་འཛིན་པ། ལྷོ་ནུབ་ཏུ་དབྱུག་སྔོན་ཅན་དབྱུག་པ་འཛིན་པ། ནུབ་བྱང་དུ་སྟོབས་པོ་ཆེ་རྡོ་རྗེ་རྩེ་གསུམ་འཛིན་པ། སྟེང་དུ་ཧཱུྃ་མཛད་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། འོག་ཏུ་གནོད་མཛེས་གཏུན་ཤིང་འཛིན་པའོ། །ཧཱུྃ་མཛད་མ་ཡིན་པ་གཞན་ཐམས་ཅད་གཡས་པས་མཚན་འཕྱར་བའི་ཚུལ་དུ་འཛིན་ཞིང༌། གཡོན་པས་ཐུགས་ཀར་སྡིགས་མཛུབ་མཛད་པ། ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད་མ་གཏོགས་པ། གཞན་ཐམས་ཅད་སྔོན་པོ། ཕྱོགས་བཞི་དང་སྟེང་འོག་གི་ཁྲོ་བོ་རྣམས་རབ་ཏུ་ཁྲོས་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ། སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། མཚམས་ཀྱི་ཁྲོ་བོ་བཞི་པོ་ཅུང་ཟད་ཞི་བ། དབུ་སྐྲ་ནག་པོ་ཅན་རིན་པོ་ཆེས་བརྒྱན་པ། དར་གྱི་ན་བཟའ་མནབས་པ། ཐམས་ཅད་ཀྱང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞབས་གཡོན་བརྐྱང་པའི་ཚུལ་གྱིས་བཞུགས་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་པར་ཧཱུྃ་སྔོན་པོ་བསམ། དེ་ནས་རང་གི་སྙིང་གི་ཧཱུྃ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱིས་གནས་ནས་ཁྲོ་བོ་བཅུ་གཅིག་སྲུང་བའི་འཁོར་ལོའི་ནང་ན་བཞུགས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་ལ། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་དཱི་པེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ་ཞེས་པས་མཆོད། ཛཿཧཱུྃ་བྃ་ཧོཿཞེས་བརྗོད་པས་གཉིས་སུ་མེད་པར་བསྟིམ། ཡང་འོད་འཕྲོས་པས་སངས་རྒྱས་རིགས་ལྔ་སྤྱན་དྲངས། དེ་ལ་སྔ་མ་ལྟར་མཆོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། རིགས་ལྔས་བུམ་པའི་ཆུས་བདག་གི་སྤྱི་བོ་ནས་དབང་བསྐུར་བས་ལུས་ཐམས་ཅད་ཡོངས་སུ་གང༌། དྲི་མ་ཐམས་ཅད་དག དབང་བཞི་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས། གཤིན་རྗེ་གཤེད་ལ་རྣམ་པར་སྣང་མཛད། པདྨ་མཐར་བྱེད་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན། གཞན་ཐམས་ཅད་ལ་མི་བསྐྱོད་པས་དབུར་བརྒྱན་པར་བསམ་མོ། །དེ་ནས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ལུས་ཐམས་ཅད་ལ་ཁྱབ་པས་རྡོ་རྗེས་གཏམས་པའི་གོ་ཆ་གྱོན་པར་བསམ། ཡང་སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་ཞུ་བ་ལས། རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བའི་ནང་དུ་རང་གི་ཤེས་པ་ཧཱུྃ་སྔོན་པོར་བསམ། དེའི་སྟེང་དུ་བླ་མ། གཡས་སུ་ཕ། མདུན་དུ་སྤུན་ཟླ། གཡོན་དུ་མ། རྒྱབ་ལ་སོགས་པར་འཁོར་གཡོག འོག་ཏུ་ནོར་རྫས་ལ་སོགས་པའི་བསྲུང་བྱ་རྣམས་བསམ་མོ། །དེ་ནས་ཧཱུྃ་དེ་ལས་འོད་ཟེར་འཕྲོས་པས་ཁྲོ་བོ་རྣམས་ལ་ཕོག ཁྲོ་བོ་རྣམས་ཀྱི་རྒྱུད་བསྐུལ་ནས་བདག་བསྲུང་བའི་དོན་དུ་སྔགས་འདོན་པར་བསམ། འཁོར་ལོ་ལ་ཕོག་པས་འཁོར་ལོ་གཡས་སྐོར་དུ་མྱུར་དུ་འཁོར་བས་དགྲ་བགེགས་ཕྱེ་མར་བྱས་པར་བསྒོམ་ཞིང༌། མ་ཡེངས་པར་སྔགས་བཟླའོ། །དེའང་ན་མཿས་མནྟ་བུད་དྷཱ་ནཱཾ། ན་མཿསམནྟ་དྷརྨྨཱ་ཎཱཾ། ན་མ་ས་མནྟ་སཾ་གྷཱ་ནཱཾ། ཨོཾ་སི་ཏཱ་ཏ་པ་ཏྲེ། ཨོཾ་བི་མ་ལ། ཨོཾ་ཤཾ་ཀ་ར། ཨོཾ་པྲ་ཏྱཾ་གི་ར། བཛྲ་ཨུཥྞཱི་ཥ་ཙཀྲ་ཝརྟི། སརྦ་ཡནྟྲ། མནྟྲ། མཱུ་ལ་ཀརྨ། བནྡྷ་ནཾ། ཏཱ་ཌ་ནཾ། ཀཱི་ལ་ནཱཾ་བཱ། མ་མ་ཀྲྀ་ཏེ། ཡེ་ན་ཀེ་ན། ཙི་ཏ། ཀྲི་ཏནྟ། སརྦཱནྟུ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ཙི་རི་ཙི་རི། གི་རི་གི་རི། མ་ར་མ་ར། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཅེས་ལན་བདུན་ནམ། ཉེར་གཅིག་གམ། བརྒྱ་རྩ་བརྒྱད་ལ་སོགས་པ་དང༌། གཞན་ཡང༌། ཨོཾ་བྷ་ཡ་ནཱ་ས་ནི། ཏྲཱ་ས་ནི། སརྦ་མཱ་ར་པྲ་ཏྱཾ་གི་ར། བི་ནཱ་ས་ནི་ཡེ་གེ་ཙི་ཏ། དུཥྚཱན་ས་ཏྭ། མ་མ་བཱི་རཱུ་པ་ཀཾ་ཀུར་ཝན་ཏི་ཏཱ་ནི། སརྦ་མཱ་ར་ཎི། པྲ་ཏྱཾ་ཀཱ་རི་ཎི་པ་ཏ་ཏུ་ཧཱུྃ་སྭཱ་ཧཱ། ཞེས་པ་ཅི་ནུས་སུ་བཟླའོ། །དེ་ནས་འདི་སྐད་ཅེས། གང་དག་བདག་ལ་སྡང་བའི་སེམས་དང་ལྡན་པ་དང༌། གདུག་པའི་སེམས་དང་ལྡན་པ་དང༌། དྲག་ཤུལ་གྱི་སེམས་དང་ལྡན་པ་དང༌། སྦྱོར་བ་ཕྱིན་ཅི་ལོག་བྱེད་པའི་དགྲ་དང༌། བགེགས་ཐམས་ཅད་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག གལ་ཏེ་བསམ་པ་ངན་པས་སྦྱོར་བ་ངན་པ་བྱེད་ན་དེ་དག་ཐམས་ཅད་ཀྱི་ལུས་བཅིང་བར་བྱའོ། །ངག་བཅིང་བར་བྱའོ། །ཡིད་བཅིང་བར་བྱའོ་ཞེས་བརྗོད་ལ། དགྲ་བགེགས་བསྒྲལ་ནས་རྣམ་ཤེས་མི་བསྐྱོད་པའི་ཞིང་དུ་སངས་རྒྱས་པར་བསམ། སྲུང་བའི་འཁོར་ལོ་བསྒོམ་པའི་རིམ་པ་རྫོགས་སོ།།  །།དེ་ནས་ཀྱེའི་རྡོ་རྗེ་བསྒོམ་པའི་ཚུལ་ནི། རང་ཉིད་གཙུག་ཏོར་འཁོར་ལོས་སྒྱུར་བའི་ལྟོ་བ་ཡངས་པར་བསམས་པའི་ནང་དུ། ཨེ་ལས་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ། པྃ་ལས་པདྨ་དང་རྃ་ལས་ཉི་མའི་སྟེང་དུ། རོའི་གདན་བསྒོམ། དེའི་སྟེང་དུ་རང་གི་ཤེས་པ་ཧཱུྃ་སྔོན་པོར་བསམ། དེ་ལས་འོད་ཟེར་འཕྲོས་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཧཱུྃ་ལ་ཐིམ། ཧཱུྃ་ཞུ་བ་ལས་རང་ཉིད་ཀྱེའི་རྡོ་རྗེ། པདྨ་དང༌། ཉི་མ་དང༌། རོའི་གདན་ལ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་པ། གཡས་པས་རྡོ་རྗེ་ནམ་མཁའ་ལ་འཕྱར་ཞིང༌། གཡོན་པས་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁ་ཊྭཱཾ་ག་ཡོད་པ། སྤྱན་གསུམ་དང་ལྡན་པ། ཞལ་མཆེ་བ་གཙིགས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་བསྒོམ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རང་གིས་བསྒོམས་པའི་ཧེ་རུ་ཀ་ལྟ་བུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་ཏེ། ཨརྒྷཾ་པྲ་ཏཱིཙྪ་ལ་སོགས་པས་མཆོད་ནས་ཛཿཧཱུྃ་བཾ་ཧོཿཞེས་བརྗོད་ལ་ཡེ་ཤེས་པ་རང་ལ་གཉིས་སུ་མེད་པར་ཐིམ། ཡང་ཧཱུྃ་ལས་འོད་ཟེར་འཕྲོས་པ་སངས་རྒྱས་རིགས་ལྔ་སྤྱན་དྲངས། དེ་ལ་སྔ་མ་བཞིན་མཆོད་པས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། སངས་རྒྱས་དེ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང༌། བུམ་པའི་ཆུས་བདག་གི་སྤྱི་བོ་ནས་དབང་བསྐུར་བས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག དབང་བཞི་ཐོབ། ཆུ་ལྷག་མ་ཡར་ལུད་པས་མི་བསྐྱོད་པས་དབུར་བརྒྱན་པར་བསམ། དེ་ནས་རང་ཉིད་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པ་སྐུ་རྡོ་རྗེའི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་ཡུན་རིང་དུ་བསྒོམ་མོ། །བསྐྱེད་པའི་རིམ་པའོ།།  །།རྫོགས་པའི་རིམ་པ་བསྒོམ་པར་འདོད་པས། རང་ལྷའི་སྐུར་གསལ་བཏབ་ནས། ལུས་སྐྱིལ་ཀྲུང༌། ལག་པ་མཉམ་གཞག་བྱས་ལ། ལྟེ་བ་སྤྲུལ་པའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་པའི་ལྟེ་བར་ཨ་མེའི་རང་བཞིན་ཤད་ལྟ་བུ། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་པའི་ལྟེ་བར་ཐིག་ལེས་ཡོངས་སུ་གང་བའི་ཧཾ་དཀར་པོ་མགོ་ཐུར་ལ་ལྟ་བ། དེ་གཉིས་རྩ་ཨ་ཝ་དྷཱུ་ཏཱིས་སྦྲེལ་བར་བསམ། དེ་ནས་ལྟེ་བའི་ཨ་ལས་མེ་འབར་བས་ཨ་ཝ་དྷཱུ་ཏཱིའི་ནང་དུ་ཞུགས་ནས་སོང༌། སྤྱི་བོའི་ཧཾ་ལ་ཕོག་པས་ཧཾ་ལས་ཐིག་ལེའི་རྒྱུན་འཛག ལྟེ་བའི་རྩ་རྣམས་ནས་བརྒྱུད་ནས་ལུས་ཐམས་ཅད་ཐིག་ལེས་ཡོངས་སུ་གང་བས་བདེ་བ་དང་མི་རྟོག་པ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱི་ནུས་པས། ལྟེ་བའི་མེའི་ནུས་པའང་ཆེར་འཕེལ་ནས་དྲོད་སྐྱེས་པར་བསམས་ལ་རླུང་ཁ་སྦྱར་བསྒོམ་མོ། །རྒྱུན་དུ་བསྒོམས་ན་ཡེ་ཤེས་སྐྱེ་བ་དང༌། བདེ་བས་ལུས་རྒྱས་པ་དང༌། ནད་མེད་པ་དང༌། དྲོད་སྐྱེ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་འབྱུང་ངོ༌། །རྫོགས་པའི་རིམ་པའོ། །དེ་ནས་སྔགས་ཟློ་བར་འདོད་ན། རང་གི་སྙིང་གའི་ཧཱུྃ་གི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་བདག་ལ་ཞུགས་ནས། ནད་དང་སྡིག་པ་ཐམས་ཅད་དག ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་བསམ་ཞིང༌། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཇི་སྲིད་མི་སྐྱོའི་བར་དུ་བཟླའོ། །བཟླས་པ་ཚར་བ་དང་དགེ་བའི་རྩ་བ་སངས་རྒྱས་སུ་བསྔོ། བཟླས་པའི་རྣལ་འབྱོར་རོ། །གཏོར་མ་གཏོང་བའི་དུས་སུ་གཏོར་མ་བཤམ། རང་ཀྱེའི་རྡོ་རྗེ་ཡིན་སྙམ་དུ་བསྒོམ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་པས་གཏོར་མའི་མ་དག་པ་ཐམས་ཅད་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་གཏོར་མ་སྟོང་བར་བསམ། སྟོང་པའི་ངང་ལས་ཨཱཿལས་ཐོད་པ་ཆེན་པོ་འཇིག་རྟེན་གྱི་ཁམས་དང་མཉམ་པ་བསྐྱེད། དེའི་ནང་དུ་ཨོཾ་ཨཱཿཧཱུྃ་གསུམ་བསྒོམ། དེ་ཞུ་བ་ལས་ཡེ་ཤེས་ཀྱི་བདུད་རྩིས་གང་བར་བསམས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། དེ་ནས་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་ཀྱེ་རྡོ་རྗེ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་ཆོས་སྐྱོང་དཔག་ཏུ་མེད་པའི་འཁོར་གྱིས་བསྐོར་བ་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་བཞུགས་པར་བསམས་ལ། དེ་རྣམས་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་བས་གཏོར་མ་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་ལྔའམ་བདུན་གྱིས་དབུལ། ཨརྒྷཾ་ལ་སོགས་པའི་མཆོད་པས་མཆོད་ནས། བདག་གི་བར་ཆད་ཐམས་ཅད་ཞི་བ་དང༌། ཚེ་རིང་བ་དང༌། དཔལ་འབྱོར་ཕུན་སུམ་ཚོགས་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་སྦྱིན་དུ་གསོལ། ཞེས་གསོལ་བ་གདབ། དེ་ནས་ཨོཾ་བཛྲ་མུཿཞེས་བརྗོད་པས་ལྷ་རྣམས་གཤེགས་སུ་གསོལ། གཏོར་མའི་རྣལ་འབྱོར་རོ། །དེ་ནས་ནུབ་མོར་ཉལ་བའི་ཚེ། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་སྣོད་བཅུད་ཐམས་ཅད་བདག་ལ་བསྡུ། རང་གི་ལུས་སྙིང་གའི་ཧཱུྃ་ལ་བསྡུ། ཧཱུྃ་ནམ་མཁའ་ལ་འཇའ་ཡལ་བ་བཞིན་སྟོང་པར་གྱུར་པར་བསམས་ལ། སྟོང་པའི་ངང་ལ་གཉིད་ལོག་གོ །ཉལ་བའི་རྣལ་འབྱོར་རོ། །ནང་པར་གཉིད་སད་པའི་ཚེ། སྐད་ཅིག་གིས་རང་གི་ཤེས་པ་ཧཱུྃ་དུ་གྱུར། ཧཱུྃ་ལས་ལྷའི་སྐུར་གྱུར། དེའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། སྣོད་བཅུད་ཐམས་ཅད་གསལ་བར་དམིགས་ལ། ཧཱུྃ་ཞེས་བརྗོད་པས་གསལ་གདབ་བོ། །ལྡང་བའི་རྣལ་འབྱོར་རོ། །དེ་ནས་ཁྲུས་བྱེད་པའི་ཚེ། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས། སངས་རྒྱས་རིགས་ལྔ་སྤྱན་དྲངས། དེ་ལ་མཆོད་པས་མཆོད། བདག་གི་སྡིག་པ་དང་དྲི་མ་ཐམས་ཅད་སྦྱང་དུ་གསོལ། ཞེས་གསོལ་བ་བཏབ་པས། བུམ་པའི་ཆུས་བདག་གི་སྤྱི་བོ་ནས་བླུགས་པས་ཕྱི་ནང་གི་དྲི་མ་ཐམས་ཅད་དག་པར་བསམ་ཞིང༌། ཡི་གེ་བརྒྱ་པ་བཟླ་ཞིང་ཁྲུས་བྱའོ། །ཁྲུས་ཚར་བ་དང་བཛྲ་མུཿཞེས་བརྗོད་པས་ལྷ་རྣམས་གཤེགས་སུ་གསོལ། ཁྲུས་ཀྱི་རྣལ་འབྱོར་རོ། །དེ་ནས་ཁ་ཟས་བཟའ་བའི་ཚེ། རང་ཧེ་རུ་ཀར་གསལ་བར་བསྒོམ། སྙིང་གར་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ། བླ་མ་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་བསམ། ལྟེ་བར་ཆོས་སྐྱོང་སྲུང་མ་དང་འབྱུང་པོའི་ཚོགས་ཐམས་ཅད་བསམ། ཁ་ཟས་གཏོར་མ་ལྟར་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ལ། རང་གི་ལུས་ཀྱི་ལྷ་དང་འབྱུང་པོའི་ཚོགས་ཐམས་ཅད་མཆོད་པའི་བསམ་པས་བཟའ། ཁ་ཟས་བཟང་བ་ལ་ཆགས་པ་དང༌། ངན་པ་ལ་སྡང་བར་མི་བྱ། ལྷག་མ་ལ། ཨོཾ་ཨུཙྪིཥྚ་ཧ་ར་བྷྱཿསྭཱ་ཧཱ། ཞེས་བརྗོད་ལ་ལྷག་མ་ལ་དབང་བའི་འབྱུང་པོ་ལ་སྦྱིན། ཁ་ཟས་ཀྱི་རྣལ་འབྱོར་རོ། །དེ་ནས་ཐུན་མཚམས་ཀྱི་བྱ་བ་སྤྱོད་ལམ་ལ་འཇུག་པའི་ཚེ། རང་གི་ལུས་དང་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ལྷའི་སྐུར་བསམ། རང་གི་ངག་ཏུ་ཅི་བརྗོད་པ་དང༌། ཕྱི་རོལ་གྱི་སྒྲ་གྲག་པ་ཐམས་ཅད་སྔགས་སུ་བསམ། སེམས་ཀྱིས་ཅི་བསམས་པ་ཐམས་ཅད་ཏིང་ངེ་འཛིན་དུ་བསམས་ལ། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་མ་ཆགས་ཤིང༌། ལྷས་ལྷ་མཆོད་པའི་བསམ་པས་ཁ་ན་མ་ཐོ་བའི་ལས་སྤངས་ཏེ་ཅི་བདེ་བར་སྤྱད་དོ།།  །།སྤྱོད་ལམ་གྱི་རྣལ་འབྱོར་རོ། །རྣལ་འབྱོར་དེ་དག་གིས་ཉིན་ཞག་ཕྲུགས་གཅིག་གིས་དུས་འདའ་བར་བྱས་ན་མྱུར་དུ་རྫོགས་པའི་སངས་རྒྱས་ཀྱེའི་རྡོ་རྗེའི་གོ་འཕང་ཐོབ་པར་འགྱུར་རོ། །ཐུབ་པའི་གསུང་རབ་རྒྱ་མཚོ་ཡི། །སྙིང་པོ་ལས་ཀྱང་སྙིང་པོ་མཆོག །ཀྱེ་ཡི་རྡོ་རྗེའི་སྒྲུབ་པའི་ཐབས། །སྲུང་བའི་འཁོར་ལོ་དང་བཅས་པ། །ཤིན་ཏུ་བསྡུས་པའི་ཚུལ་འདི་ནི། །ཇི་བཞིན་བསྒྲུབས་ན་འབྲལ་མཆོག་ལྡན། །རྒྱལ་བུ་གཞོན་ནུས་རབ་བསྐུལ་ནས། །དེ་མཉེས་བྱ་ཕྱིར་འཕགས་པ་ཡིས། །བསོད་ནམས་དཔལ་གྱིས་རབ་འབར་བའི། །གནས་མཆོག་ཁ་ཡི་ཕིང་ཧུར་སྦྱར། །དགེ་བ་དེ་ཡིས་འགྲོ་བ་ཀུན། །ཀྱེ་ཡི་རྡོ་རྗེ་ཉིད་གྱུར་ཅིག །ལྕགས་ཕོ་སྤྲེའུའི་ལོ་རྒྱལ་པོ་རྒྱལ་སར་ཕྱུང་དུས་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*