རྒྱུད་ཀྱི་མངོན་པར་རྟོགས་པ་ལྗོན་ཆུང༌། ༡

༼པ༽

༄༅། །རྒྱུད་ཀྱི་མངོན་པར་རྟོགས་པ་ལྗོན་ཆུང་བཞུགས་སོ།།

༄༅། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞབས་ཀྱི་པད་མོ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །འདིར་མངོན་པར་རྟོག་པ་འབྲས་བུའི་རྒྱུད་དང་འབྲེལ་བས། མཐར་ཐུག་གི་འབྲས་བུ་འགྲུབ་པའི་ངོ་མཚར་གྱི་ལྟས་དང་འབྲས་བུ་དངོས་གཉིས་ལས། ངོ་མཚར་གྱི་ལྟས་ནི། སཾ་པུ་ཊ་ལས། གང་དུ་རིག་པའི་སྐྱེས་བུ་གྲུབ་པ་དེར། །འདི་ལྟ་བུ་ཡི་ཕུན་སུམ་ཚོགས་འབྱུང་སྟེ། །ས་ཆེན་འདི་ནི་དགའ་ཞིང་རངས་ལ་མགུ། །ཞེས་བྱ་བ་ལ་སོགས་པ་གསུངས་པས། སེམས་ཅན་གཞན་ལ་འབྱུང་བའི་རྟགས་ལ་གཉིས་ལས། ཚར་གཅོད་པའི་རྟགས་ནི། བདུད་ཀྱི་དཀྱིལ་འཁོར་མོག་མོག་པོར་འགྱུར་བ་དང༌། བདུད་རྣམས་སྐྲག་ཅིང་ཞུམ་པར་མཛད་པ་ལ་སོགས་པ་འབྱུང༌། རྗེས་སུ་འཛིན་པའི་རྟགས། གདུལ་བྱར་གྱུར་པ་རྣམས་ལ་ལོང་བས་གཟུགས་མཐོང་བ་དང༌། འོན་པས་སྒྲ་ཐོས་པ་དང༌། དབུལ་པོས་ནོར་རྙེད་པ་ལ་སོགས་པ་བདེ་ལེགས་སུ་གྱུར་པ་རྣམས་འབྱུང༌། འབྲས་བུ་དངོས་ལ། ཐེག་པ་ཆུང་ངུ་ལ་གྲགས་པ་དང༌། ཐེག་པ་ཆེན་པོ་ལ་གྲགས་པ་དང༌། གསང་སྔགས་ལ་གྲགས་པ་གསུམ་ཡོད། དེ་ལ་ཐེག་པ་ཆུང་ངུ་ལ་གྲགས་པ་ནི་ཉན་ཐོས་པ་རྣམས་ན་རེ་སངས་རྒྱས་ལ་རྣམ་པར་སྨིན་པ་གཟུགས་ཀྱི་སྐུ་མཚན་དཔེས་བརྒྱན་ཞིང༌། ཡོན་ཏན་དང་ཕྲིན་ལས་ཀྱི་ཆེ་བ་དེ་ཡིན་ལ། དེ་ཉན་ཐོས་དང༌། རང་སངས་རྒྱས་ལས་ཁྱད་པར་འཕགས་ལ། རྣམ་པར་གྲོལ་བ་ཆོས་ཀྱི་སྐུ། མྱ་ངན་ལས་འདས་པའི་དབྱིངས་སུ་ཞི་ནས་འཁོར་བ་རྒྱུ་འབྲས་དང་བྲལ་བ་དེ། འཕགས་པ་གསུམ་ཀ་འདྲ་བར་འདོད་པ་ཡིན་ནོ། །ཐེག་པ་ཆེན་པོ་ལ་གྲགས་པ་ལ། སློབ་དཔོན་ཀླུ་སྒྲུབ་ལ་སོགས་པ་འགའ་ཞིག གཟུགས་སྐུ་དང༌། ཆོས་སྐུ་གཉིས་སུ་འདུ་བར་བཞེད་དེ། གསེར་འོད་དམ་པ་དང༌། མདོ་སྡེ་རྒྱན་ལས་སྐུ་གསུམ་དུའང་གསུངས། མངོན་རྟོགས་རྒྱན་གྱི་རྗེས་སུ་འབྲངས་ནས། སློབ་དཔོན་སེང་གེ་བཟང་པོ་སྐུ་བཞིར་ཡང་བཞེད་དེ། དེ་དག་ཐམས་ཅད་གདུལ་བྱ་ལ་སྣང་བ་གཟུགས་ཀྱི་སྐུ་ལ་སྣང་བ་དང་འགྱུར་བ་ཡོད་ཀྱང༌། རང་གི་ངོ་བོ་རང་རྒྱུད་ཀྱིས་བསྡུས་པ་ལ་དབྱེ་བ་དང༌། དུས་ཀྱི་འགྱུར་བ་མེད་པར་མཐུན་པ་ཡིན་ནོ། །གསང་སྔགས་ལ་གྲགས་པ་ལ། རྡོ་རྗེ་ཐེག་པ་སྤྱི་ལ་གྲགས་པ་དང་རྩ་བ་དང་བཤད་པའི་རྒྱུད་འདི་ཉིད་དུ་གྲགས་པ་གཉིས་ཡོད་པ་ལས། སྤྱི་ལ་གྲགས་པ་ལ་ཡན་ལག་བདུན་ལྡན་དུ་འདོད་པ་དང༌། སྐུ་གསུམ་ཡན་ལག་བདུན་ལྡན་དུ་འདོད་པ་དང༌། སྐུ་གཉིས་ཡན་ལག་བཅུ་བཞིར་འདོད་པ་གསུམ་ཡོད་པ་ལས། ཡན་ལག་བདུན་དུ་འདོད་པ་ལའང༌། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཡན་ལག་བདུན་དང་ལྡན་པའི་སངས་རྒྱས་འདི་ཉིད་ནི། །བདག་འདོད་ཚད་མས་ཡོངས་བསྒོས་བློ་ཆེན་རྣམས་ཀྱང་འདོད། །ཅེས་གསུངས་པ་ལྟ་བུ་ཡིན་ལ། གཉིས་པ་སྐུ་གསུམ་ཡན་ལག་བདུན་ལྡན་ནི། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་རྗེས་སུ་འབྲང་བ་འགའ་ཞིག་གིས། ཡན་ལག་བདུན་པོ་སྐུ་གསུམ་དུ་སྡུད་དེ། རང་བཞིན་མེད་པ་ཆོས་ཀྱི་སྐུས་བསྡུས། ལོངས་སྤྱོད་རྫོགས་པ་དང༌། ཁ་སྦྱོར་དང༌། བདེ་བས་རྒྱུད་ཡོངས་སུ་གང་བ་གསུམ་ལོངས་སྤྱོད་རྫོགས་པའི་སྐུས་བསྡུས། སྙིང་རྗེས་ཡོངས་སུ་གང་བ་དང༌། རྒྱུན་མི་འཆད་པ་དང༌། འགོག་པ་མེད་པ་གསུམ་སྤྲུལ་པའི་སྐུས་བསྡུས་པར་འདོད་དོ། །གསུམ་པ་སྐུ་གཉིས་ཡན་ལག་བཅུ་བཞིར་འདོད་པ་ནི། སངས་རྒྱས་ཉིད་ཀྱི་རང་རྒྱུད་དོན་གྱི་སྐུ་ཡིན་ལ། དེ་ལ་མངའ་བའི་ཡན་ལག་བདུན་དོན་གྱི་ཡན་ལག་ཡིན་ཞིང༌། གདུལ་བྱ་ལ་སྣང་བའི་སྐུ་བརྡའི་སྐུ་ཡིན་ལ། དེ་ཉིད་ཡན་ལག་བདུན་དང་ལྡན་པར་སྣང་བ་ནི་བརྡའི་ཡན་ལག་བདུན་ཡིན་པས། དེ་ལྟར་ཡན་ལག་བཅུ་བཞི་པ་དོན་དང་བརྡའི་སྐུ་གཉིས་ཀྱིས་བསྡུས་པར་འདོད་པ་ཡིན་ནོ། །དོན་གཉིས་པ་རྩ་བ་དང་བཤད་པའི་རྒྱུད་འདི་ཉིད་ལ་གྲགས་པའི་འབྲས་བུ་ལ། བཤད་གཞིའི་སྐུ་དང༌། འཆད་བྱེད་ཀྱི་ཡན་ལག་དང༌། སྐུ་དང་ཡན་ལག་བསྲེ་བ་གསུམ་ཡོད་པ་ལས། བཤད་གཞིའི་སྐུ་ནི་བརྟག་པ་གཉིས་པ་ལས། རྡོ་རྗེ་སེམས་དཔའ་དང༌། སེམས་དཔའ་ཆེན་པོ་དང༌། དམ་ཚིག་སེམས་དཔའ་དང༌། སྙིང་པོ་ཀྱེའི་རྡོ་རྗེ་ཞེས་བྱ་བ་གསུངས་པས། སངས་རྒྱས་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བ་དང༌། ཆོས་ཀྱི་སྐུ་དང༌། ཡེ་ཤེས་ཆེན་པོ་ལས་བྱུང་བ། ཐེག་པ་མཆོག་གི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཆོས་ཀྱིས་ཚིམ་པར་མཛད་ལ། ལོངས་སྤྱོད་རྫོགས་པའི་སྐུ་དང༌། ལམ་གྱི་དམ་ཚིག་མཐར་སོན་པས། སེམས་ཅན་མཐའ་ཡས་པའི་དོན་ལྷུན་གྱིས་གྲུབ་པ་སྤྲུལ་པའི་སྐུ་དང༌། སྐུ་གསུམ་པོ་དབྱེར་མེད་པ་དེ་ངོ་བོ་ཉིད་ཀྱི་སྐུ་སྟེ། སྐུ་བཞི་པོ་ནི་བཤད་གཞིར་གྱུར་པ་ཡིན་ལ་འཆད་བྱེད་ཀྱི་ཡན་ལག བླ་མ་གོང་མ་དག་གིས། གནས་ཡོངས་གྱུར་དང་ཡེ་ཤེས་སྐུ། །མི་གནས་མྱ་ངན་འདས་ཉིད་དང༌། །གཉིས་སུ་མེད་པ་ཉིད་དང་ནི། །མཛད་པ་རྒྱུན་མི་འཆད་པས་བསྡུས། །ཞེས་གསུངས་པས། ཆོས་ལྔ་ཡོད་པ་ལས། འགྲུབ་པའི་ཚུལ་གནས་གྱུར་པས་འགྲུབ་སྟེ། གང་བསྒྱུར་རྒྱུ་ནི་འཁོར་བའི་ཆོས་ཡིན་ལ། གང་གིས་བསྒྱུར་ནི། བདེ་བ་ཆེན་པོའི་ལམ་གྱིས་བསྒྱུར་ཞིང༌། གང་དུ་བསྒྱུར་ན། ཕུང་པོ་ལྔ་ཟག་པ་མེད་པའི་ཕུང་པོ་ལྔ་དང༌། ཉོན་མོངས་པ་ཡེ་ཤེས་ལྔ་དང༌། རྟེན་དཀྱིལ་འཁོར་བཞི་སྐུ་བཞི་དང༌། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་དང༌། རྣམ་ཤེས་བརྒྱད་ཡེ་ཤེས་ལྔར་གནས་གྱུར་པའོ། །ཆོས་གཉིས་པ་གྲུབ་པའི་དོན་ཡེ་ཤེས་ཀྱི་སྐུ་ཡིན་པ་ནི། རྡོ་རྗེ་གུར་ལས། ཕྱག་ན་རྡོ་རྗེས་གསོལ་བ། ཀྱེ་བཅོམ་ལྡན་འདས། ལུས་ཅན་བསྒོམ་པའི་ཐབས་ཀྱི་དགོས་པ་ཅི་ལགས། རྡོ་རྗེ་འཛིན་པས་བཀའ་སྩལ་པ། དགོས་པ་ཡོད་དོ། །དེ་ཅི་ལགས། སངས་རྒྱས་ཉིད་དོ། །དེ་ཅི་ལགས། ང་ཉིད་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པའོ། །ཅི་བེམས་པོ་ལགས་སམ། མ་ཡིན་ཏེ། ང་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་ཆོས་བཞི་ཡོད་པ་ལས། དང་པོ་སྐུ་མེད་པ་མ་ཡིན་པ་ནི། ལུས་གནས་གྱུར་པ་ལས། མཚན་དཔེས་བརྒྱན་པའི་སྐུ་བརྙེས་ནས་ཡོན་ཏན་དང་ཕྲིན་ལས་ཀྱི་རྟེན་དུ་གྱུར་པའི་ཕྱིར་རྟེན་སྐུ་དང་ལྡན་པ་ཡིན་ནོ། །གཉིས་པ་བེམས་པོ་མ་ཡིན་པ་ནི། ལམ་གྱི་གནས་སྐབས་སུ་ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བས་དབང་བྱས་པའི་ཕྱིར། འབྲས་བུའི་དུས་སུ་སྐུ་དེ་ཉིད་ཡེ་ཤེས་ཆེན་པོས་དབང་མཛད་ཅིང་དབྱེར་མེད་པའི་མཚན་ཉིད་དུ་གྱུར་བ་ཡིན་ཏེ། མཚན་བརྗོད་ལས། ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ཡེ་ཤེས་ལྔའི་བདག་ཉིད་ཡིན་པ་ནི། ཡེ་ཤེས་དེ་ཉིད་ལས་ཟག་པ་མེད་པའི་ཆོས་ཐམས་ཅད་གཟུགས་བརྙན་གྱི་ཚུལ་དུ་སྣང་བས། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། ཆོས་ཅན་མི་མཉམ་པར་འཛིན་པ་དང་བྲལ་ཞིང་སྲིད་པ་དང་ཞི་བ་མཉམ་པ་ཉིད་ལ་བཞུགས་པས། མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། ཆོས་ཅན་མ་འདྲེས་ལ་ཡོངས་སུ་རྫོགས་པར་མཁྱེན་པས། སོ་སོར་རྟོག་པའི་ཡེ་ཤེས་དང༌། གཞན་དོན་གྱི་བྱ་བ་ལ་ལྷུན་གྱིས་གྲུབ་པར་མཇུག་པས། བྱ་བ་གྲུབ་པའི་ཡེ་ཤེས་དང༌། དབྱིངས་དང་ཡེ་ཤེས་རོ་གཅིག་པར་ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་ཡེ་ཤེས་ལྔ་དང་ལྡན་པ་ཡིན་ནོ། །བཞི་པ་སྐུ་དང་ཡེ་ཤེས་བསྲེ་བ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཆོས་ཀྱི་སྐུས་བསྡུས། མཉམ་པ་ཉིད་དང་སོ་སོར་རྟོག་པའི་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུས་བསྡུས། བྱ་བ་གྲུབ་པའི་ཡེ་ཤེས་སྤྲུལ་པའི་སྐུས་བསྡུས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ངོ་བོ་ཉིད་ཀྱི་སྐུས་བསྡུས་པས་སྐུ་དང་ཡེ་ཤེས་དབྱེར་མི་ཕྱེད་པ་ཡིན་ནོ། །ཆོས་གསུམ་པ་དེ་ཉིད་ལྟོས་པ་ལ་ལྟོས་ནས། མི་གནས་པའི་མྱ་ངན་ལས་འདས་པ་ནི་བརྟག་པ་གཉིས་པ་ལས། ཆགས་དང་འཇིག་པ་དག་གིས་ཀྱང་ནས་ཟག་པ་མེད་ཅེས་པའི་བར་དུ་གསུངས་པའི་དོན་ལམ་གྱི་གནས་སྐབས་ཀྱི་ཤེས་རབ་ཀྱིས་ཐུགས་རྣམ་པར་གྲོལ་བས་སྲིད་པ་ལ་མི་གནས་ཤིང༌། ཐུགས་རྗེ་ཆེན་པོས་སེམས་ཅན་རྗེས་སུ་འཛིན་པས་མྱ་ངན་ལས་འདས་པ་ལ་མི་གནས་ལ། ཟུང་དུ་འཇུག་པས་མཉམ་པ་ཉིད་དུ་ཞུགས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ནོ། །ཆོས་བཞི་པ་ལྟོས་ཆོས་རང་གི་ངོ་བོ་གཉིས་སུ་མེད་པ་ནི། སཾ་པུ་ཊ་ལས། དམིགས་མེད་གནས་སུ་ཤེས་རབ་དང༌། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་པས། །ནམ་མཁའ་ལྟ་བུ་ཇི་ལྟ་བུ། །ཞེས་གསུངས་པས། རྒྱུ་རིག་པ་དང་སྟོང་པ་གཉིས་སུ་མེད་པའི་སེམས། ལམ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་བསྒོམས་པས། འབྲས་བུ་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་བརྙེས་པ་ཉིད་གཉིས་སུ་མེད་པ་ཡིན་ནོ། །ཆོས་ལྔ་པ། མཛད་པ་ཕྲིན་ལས་ཀྱི་འཁོར་ལོ་རྒྱུན་མི་འཆད་པ་ལ་ལྔ་ཡོད་པ་ལས། མཛད་པའི་རྒྱུ་ལམ་གྱི་གནས་སྐབས་ཀྱི་ཐུགས་རྗེ་མཐར་ཕྱིན་པས། འབྲས་བུ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ཉིད་ཡིན། མཛད་པའི་ཡུལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད། མཛད་པའི་དུས། འཁོར་བ་ཇི་སྲིད་པ་དེ་སྲིད་ཀྱི་བར་དུ་རྒྱུན་མི་འཆད་པར་དོན་མཛད། མཛད་པའི་ཚུལ། གང་ལ་ཅིས་འདུལ་དེ་ལ་དེ་ཡི་རྣམ་པར་སྟོན་པའི་རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱིས་དོན་མཛད། མཛད་པའི་འབྲས་བུ་གནས་སྐབས་སུ་སྲིད་ཞིའི་བདེ་བ་ལ་བཀོད་ནས། མཐར་ཐུག་སངས་རྒྱས་ཀྱི་འབྲས་བུ་ལ་འགོད་པ་ཡིན་ཏེ། དོན་གསུམ་པ་སྐུ་དང་ཡན་ལག་བསྲེ་བ་ནི་གནས་གྱུར་པའང༌། འཁོར་བའི་སྐྱོན་མཐའ་ཡས་པ་གནས་གྱུར་པ་ལས་སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་པ་འགྲུབ་པ་རྣམས་ཀྱང་སྐུ་བཞི་པོ་ཉིད་དུ་འདུས། ཡེ་ཤེས་ཀྱི་སྐུ་ཡིན་པའང་སྔར་སྨོས་པ་ལྟར་སྐུ་བཞི་པོ་ཉིད་ཡིན། མི་གནས་པའི་མྱ་ངན་ལས་འདས་པ་ནི། ཤེས་རབ་ཀྱིས་སྲིད་པ་ལ་མི་གནས་པ་ཆོས་ཀྱི་སྐུ། སྙིང་རྗེས་ཞི་བ་ལ་མི་གནས་པ་སྤྲུལ་བའི་སྐུ། སྲིད་ཞི་མཉམ་པ་ཉིད་བརྙེས་པ་ལོངས་སྤྱོད་རྫོགས་པའི་སྐུ། ཐམས་ཅད་དབྱེར་མེད་པ་ངོ་བོ་ཉིད་ཀྱི་སྐུ། གཉིས་སུ་མེད་པ་ནི། སྣང་བའི་ཆ་སྤྲུལ་བའི་སྐུ། སྟོང་པའི་ཆ་ཆོས་སྐུ། ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ། རང་བཞིན་ངོ་བོ་ཉིད་ཀྱི་སྐུའོ། །མཛད་པ་ཕྲིན་ལས་ཀྱི་འཁོར་ལོ་རྒྱུན་མི་འཆད་པ་ནི། ཆོས་སྐུ་མཛད་པའི་རྒྱུ། ལོངས་སྐུ་མཛད་པ་པོ། །སྤྲུལ་སྐུ་མཛད་པའི་ཚུལ། ངོ་བོ་ཉིད་སྐུ་མཛད་པའི་རང་བཞིན་ཡིན་པས། ཡན་ལག་ལྔ་པོ་སྐུ་བཞིར་འདུ་བ་ཡིན་ནོ། །དེ་རྣམས་ཀྱིས་མངོན་པར་རྟོགས་པ་གང་དང་འབྲེལ་བ་བསྟན། མངོན་པར་རྟོགས་པ་གང་དང་འབྲེལ་ན། དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་དང་འབྲེལ། དེ་ལ་གཉིས་ཡོད་པ་ལས། ལྟ་བ་ཐོག་མར་བསྟན་པའི་དགོས་པ་ནི། ཡང་དག་པའི་ལྟ་བ་རྟོགས་པས། ལྟ་བ་གཞན་གྱིས་མི་འཕྲོགས་པ་དང༌། དགེ་བ་ཐམས་ཅད་མཚན་འཛིན་གྱི་དུག་དང་བྲལ་བས། དགེ་བའི་སྟོབས་འཕེལ་ཞིང་རྣམ་པར་གྲོལ་བའི་རྒྱུར་འགྱུར་བ་ཡིན་ཏེ། སཾ་པུ་ཊ་ལས། དང་པོར་སྟོང་ཉིད་བསམས་ནས་ནི། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །ཞེས་བྱ་བ་དང༌། སྡུད་པ་ལས། སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ཤེས་རབ་སྟེ། ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་དེ་བཞིན་ནོ། །དགེ་ཆོས་ཆུད་མི་གསན་ཕྱིར་ཡོངས་སུ་འཛིན་པ་ཡིན། །འདི་ནི་ཆོས་རྣམས་ཐམས་ཅད་ཚུལ་གཅིག་སྟོན་པར་བྱེད། །ཅེས་གསུངས་པ་ལྟ་བུ་ཡིན། དོན་གཉིས་པ་ལྟ་བ་དངོས་ལ། དབང་གི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ལ་ངོ་སྤྲད་པས། ཡེ་ཤེས་དེ་ལ་གང་ཟག་བདག་ཏུ་ལོག་པར་རྟོག་པ་དགག་པ། ལུས་ཅན་ཡེ་ཤེས་ལ་སྒྲོ་འདོགས་གཅད་པའི་ཕྱིར། ཡུལ་ཤེས་བྱ་གནས་ལུགས་ལྟ་བ་གཏན་ལ་དབབ་པ། ལྟ་བ་དེ་གསུང་རབ་དང་སྡེ་སྣོད་ཀྱི་རྟོགས་བྱར་བསྟན་པ། དེ་རྟོགས་པར་བྱེད་པའི་ཐབས་གསང་སྔགས་ཀྱི་ཐབས་རྣམ་པར་གཞག་པ་སྟེ་ལྔ་ཡོད་པ་ལས། དང་པོ་དབང་གི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ལ་ངོ་སྤྲད་པ་ལ་གསུམ་ཡོད་པའི་དང་པོ་ལྟ་བ་འཁོར་འདས་དབྱེར་མེད་དུ་བསྟན་པ་ནི། བརྟག་གཉིས་ལས། ཕྱི་ནས་དེ་ཉིད་ཡོད་མ་ཡིན། །ཞེས་གསུངས་པའི་དོན། དབང་གསུམ་པ་ལས་བྱུང་བའི་ཡེ་ཤེས་དེ་ནི་རྟོག་པ་དང་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ལ། དེས་མཚོན་པའི་ཆོས་རྣམས་ཀྱི་རང་བཞིན་ཡང་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ཞིང༌། དེའི་ངང་དུ་འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད་པ་ཡིན་ཏེ། བརྟག་པ་གཉིས་པ་ལས། འདི་ཉིད་འཁོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དོན་གཉིས་པ་དབྱེར་མེད་ཀྱི་ཡེ་ཤེས་ཉིད་ཇི་ལྟ་བུ་ཞིག་ཡིན་ན། བརྟག་གཉིས་ལས། རང་རིག་ཡེ་ཤེས་ཉིད་དུ་གྱུར་ནས། །འགྲོ་བའི་བདག་ཉིད་དེ་ཞེས་གསུངས་པའི་དོན། ཡེ་ཤེས་ཀྱི་ངོ་བོ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཡིན་ལ། ཁྱད་པར་སྤྲོས་པ་དང་བྲལ་བ་ཟུང་དུ་འཇུག་པ། ཀུན་དུ་འཚོ་བ། འགྱུར་བ་མེད་པ། ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པ་སྟེ་ལྔ་ཡིན་ནོ། །དོན་གསུམ་པ་དེ་ཐམས་ཅད་ལ་ཁྱབ་པར་བསྟན་པ་ནི། ཡེ་ཤེས་ཀྱི་ཡུལ་སྤྲོས་པ་དང་བྲལ་བ་དེས། ཆོས་ཐམས་ཅད་ལ་དབྱེར་མེད་པར་ཁྱབ་པ་ཡིན་ཏེ། བརྟག་གཉིས་ལས། ཐམས་ཅད་ལུས་ལ་རྣམ་པར་གནས་ནས། །ཀུན་གྱི་ཚུལ་གྱི་བར་གྱིས་གསུངས་པ་བཞིན་ནོ། །དོན་གཉིས་པ་ཡེ་ཤེས་དེ་ལ་གང་ཟག་གི་བདག་ཏུ་ལོག་པར་རྟོག་པ་དགག་པ་ལ་གཉིས་ལས། དགག་པར་བྱ་བའི་ལོག་རྟོག་ནི། བརྟག་གཉིས་ལས། སྐྱེས་བུ་སྔོན་རབས་ནས། གང་ཟག་ཉིད་དང༌། ཞེས་གསུངས་པས་བསྟན་ཏེ། དེའང་བླ་མས། དབང་གསུམ་པའི་དུས་སུ་ཡེ་ཤེས་ངོ་སྤྲད་པའི་ཚེ། སློབ་མའི་རྟོག་པ་ལ་ཡེ་ཤེས་དེ་སོ་སོ་རང་གིས་རིག་པའི་ཡེ་ཤེས་སུ་འགྱུར་གསུངས་པས། གྲངས་ཅན་པའི་ཤེས་རིག་གི་སྐྱེས་བུ་དང་འདྲ་སྙམ་པ་དང༌། ཡེ་ཤེས་དེ་འགྱུར་བ་མེད་པའི་ཕྱིར་ཡི་གེའི་རང་བཞིན་ཡིན་གསུངས་པས། རིག་བྱེད་པའི་རིག་བྱེད་ཀྱི་ཡི་གེ་ནམ་མཁའ་ལ་རང་བྱུང་དུ་འགྱུར་བ་མེད་པར་གནས་པར་འདོད་པ་དང་འདྲ་སྙམ་པ་དང༌། འགྲོ་བ་ཐམས་ཅད་ཀྱི་བདག་ཉིད་ཡིན་ཞེས་གསུངས་པས། བྱེ་བྲག་པས་སེམས་ཅན་ཐམས་ཅད་ཀྱི་སྙིང་གི་དཀྱིལ་ན། བདག་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་བེམས་པོ་ཡོད་ཟེར་བ་དེ་དང་འདྲ་སྙམ་པ་དང༌། དེ་ཉིད་ཐམས་ཅད་ཁྱབ་པ་བོ། །ཞེས་གསུངས་པས། གཅེར་བུ་པས་ས་དང་ཤིང་ལ་སོགས་པ་བེམས་པོ་ལའང་བདག་ཡོད་ཅེས་འདོད་པ་དང་འདྲ་སྙམ་པ་དང༌། སྟོང་པ་ཉིད་ཅེས་གསུངས་པས། ད་ལྟར་བའི་དངོས་པོ་འདི་མངོན་སུམ་གྱིས་གྲུབ་ལ། སྔོན་དང་ཕྱི་མའི་མཐའ་སྟོང་པ་ལས་འོས་མེད་པའི་ཕྱིར་ཆད་པར་ལྟ་བ་དང་འདྲ་སྙམ་དུ་རྟོགས་པར་འགྱུར་བ་རྣམས་ཡིན་ནོ། །དེ་དག་དགག་པ་ནི། དངོས་པོ་ཀུན་གྱི་རང་བཞིན་ནི། །སྒྱུ་མའི་གཟུགས་ཅན་ཉིད་དུ་འདོད། །ཅེས་གསུངས་པས། མུ་སྟེགས་རྟག་པར་སྨྲ་བ་སྡེ་བཞི་པོས་བཏགས་པ་ནི། བདག་རྟག་པ་གཅིག་པུ་བདེན་པར་འདོད་ཅིང༌། ཆད་པར་ལྟ་བས་བཏགས་པ་ནི། མེད་པ་ལས་སྐྱེ་བ་དང༌། སྐྱེས་པ་རྒྱུན་ཆད་པར་འདོད་ལ། ཡེ་ཤེས་འདི་ནི། དོན་དམ་པ་བདེན་པས་སྟོང་པས་རང་བཞིན་མེད་ལ། ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་ལྟ་བུ་ཡིན་པས་མི་མཚུངས་སོ། །ཞེས་བསྟན་པས་ལོག་པར་རྟོག་པ་དེ་དག་འགོག་པར་བྱེད་དོ། །དོན་གསུམ་པ་ཡུལ་ཅན་ཡེ་ཤེས་ལ་སྒྲོ་འདོགས་གཅད་པའི་ཕྱིར། ཡུལ་ཤེས་བྱ་སྤྱིའི་གནས་ལུགས་གཏན་ལ་དབབ་པ་ལ་གཉིས་སུ་ཡོད་པ་ལས། བདེན་པ་གཉིས་ཀྱི་རྣམ་པར་གཞག་པ་སྤྱིར་བསྟན་པ། བརྟག་པ་ཕྱི་མའི་ལེའུར་འཆད་ལ། དོན་གཉིས་པ་མཐའ་བྲལ་གྱི་ལྟ་བ་རྒྱས་པར་བཤད་པ་ལ། ཐམས་ཅད་ཡོད་པར་བསྟན་པའི་སྒོ་ནས་དངོས་པོར་སྨྲ་བ་དང༌། ཚུལ་མཚུངས་ཤིང་ཁྱད་པར་དུ་འཕགས་པ་དང༌། ཐམས་ཅད་མེད་པར་བསྟན་པའི་སྒོ་ནས་ཐེག་པ་ཆེན་པོ་སྤྱི་དང་ཚུལ་མཚུངས་ཤིང་ཁྱད་པར་དུ་འཕགས་པར་བསྟན་པ་དང༌། དེས་ན་མཐའ་བྲལ་དུ་གཏན་ལ་ཕབ་ལ་ཟུང་འཇུག་ཏུ་ཉམས་སུ་བླང་བའི་ཚུལ་གསུམ་ཡོད་པ་ལས། དང་པོ་ཡོད་པར་བསྟན་པ་ལ་གཉིས། ཡོད་པའི་ཐོག་མར་ཆོས་ཐམས་ཅད་ཕུང་པོ་ཁམས་དང་སྐྱེ་མཆེད་དུ་བསྟན། ཉན་ཐོས་སྡེ་པ་དང་ཚུལ་མཚུངས་ཤིང་མུ་སྟེགས་བྱེད་པས་ཁྱད་པར་དུ་འཕགས་པ་ནི། བརྟག་གཉིས་ལས། ཡུལ་དྲུག་ནི་ནས། ཁམས་བཅོ་བརྒྱད་རྣམས་སུ་བཤད། །ཅེས་གསུངས་པས། མུ་སྟེག་ལྟར་རིལ་པོ་ལ་བདག་ཏུ་འཛིན་པའི་གཉེན་པོར་ཕུང་པོ་ལྔ་དང༌། གཟུགས་ལ་བདག་ཏུ་འཛིན་པའི་གཉེན་པོར་སྐྱེ་མཆེད་བཅུ་གཉིས། ཡུལ་དང་སེམས་གཉིས་ཀ་ལ་བདག་ཏུ་འཛིན་པའི་གཉེན་པོར་ཁམས་བཅོ་བརྒྱད་བཤད་པ་ཡིན་ནོ། །གཉིས་པ་སྣང་བ་སེམས་སུ་བསྟན་པས་སེམས་ཙམ་དང་ཚུལ་མཚུངས་ཤིང༌། ཉན་ཐོས་ལས་ཁྱད་པར་འཕགས་པ་ནི། རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་གང་ཟག་མེད། །རྣམ་པར་ཤེས་པའི་གནས་དོན་ནམ། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཅེས་གསུངས་པའི་དོན་ལ་གཉིས་ལས། སྣང་བ་སེམས་སུ་བསྒྲུབ་པ་ནི། ཕྱི་རོལ་གྱི་བེམས་པོའི་དོན་བདེན་པར་མེད་དེ། སློབ་དཔོན་ཆོས་གྲགས་ཀྱིས། གང་གིས་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུ་ན་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཅེས་གསུངས་པ་ལྟར། དོན་ཡོད་ན་གཅིག་དང་དུ་མར་ཡོད་དགོས་པ་ལས། གཅིག་ཏུ་མེད་པའང༌། སློབ་དཔོན་དབྱིག་གཉེན་གྱིས། དྲུག་གི་གཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུངས་པ་ལྟར་ཡིན་ནོ། །འོ་ན་བེམས་པོའི་དོན་མེད་ན། སྣང་བ་འདི་ཅི་ལས་བྱུང་སྙམ་ན། སྔོན་གྱི་བག་ཆགས་ཀྱི་དབང་གིས། རྨི་ལམ་གྱི་སྣང་བ་བཞིན་སྣང་བ་ཡིན་ཏེ། ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང༌། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དོན་གཉིས་པ་དེའི་ངོ་བོ་གཏན་ལ་དབབ་པ་ལ་གསུམ་ལས། དང་པོ་སེམས་ཀྱི་ངོ་བོ་ནི། གཟུང་འཛིན་གྱི་དྲི་མ་དང་བྲལ་བར་གསལ་བར་ཡིན་ཏེ། བརྒྱད་སྟོང་པ་ལས། གང་སེམས་དེ་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའི་སླད་དུའོ། །ཞེས་གསུངས་སོ། །གཉིས་པ་དབྱེ་ན་རྣམ་པར་ཤེས་པ་ཚོགས་བརྒྱད་དེ། ཀུན་གཞི་དང༌། ཉོན་མོངས་པ་ཅན་གྱི་ཡིད་དང༌། མིག རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་ཤེས་པའོ། །གསུམ་པ་ནུས་པའི་ཁྱད་པར་ནི། མ་དག་པའི་རྐྱེན་དང་ཕྲད་ན་འཁོར་བའི་ཉེས་པ་རྣམས་དང༌། དག་པའི་རྐྱེན་དང་ཕྲན་ན་རྣམ་གྲོལ་གྱི་ཡོན་ཏན་རྣམས་འབྱུང་བའི་ནུས་པ་ཡོད་དེ། བརྟག་གཉིས་ལས། རང་རིག་བདེ་བ་ཆེན་པོ་ནས། རང་གཙོ་བོའི་བར་གསུངས་པ་དང༌། སློབ་དཔོན་ས་ར་ཧས། སེམས་ཉིད་གཅིག་བུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་ཐམས་ཅད་སྟེར་བྱེད་པའི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དེ་དག་དང་མཚུངས་པར་བསྟན་པ་ནི། རྡོ་རྗེ་གུར་ལས། ཆོས་ཀྱི་དབྱིངས་ནི་མཆོག་ཏུ་ཞི། །འདི་ནི་རིན་ཆེན་སེམས་སུ་བརྗོད། །ཅེས་བྱ་བ་དང༌། ཡིད་བཞིན་ནོར་བུ་རིན་པོ་ཆེ། །འདོད་པའི་འབྲས་བུ་རབ་སྟེར་བ། །ཞེས་བྱ་བ་དང༌། སེམས་བསྒོམས་པས་ནི་སངས་རྒྱས་ཏེ། །སྐྱེ་བར་སངས་རྒྱས་དམ་པ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དོན་གཉིས་པ་ཐམས་ཅད་མེད་པར་བསྟན་པས་དབུ་མ་པ་དང་ཚུལ་མཚུངས་པ་ལ་གཉིས་ཡོད་པའི་ཡུལ་བདེན་པར་མ་གྲུབ་པས། ཡུལ་ཅན་གྱི་ཤེས་པ་བདེན་པར་མ་གྲུབ་པའི་ཕྱིར། སེམས་ཙམ་ལས་ཁྱད་པར་འཕགས་པ་ནི། ཕྱི་རོལ་གྱི་དོན་གཅིག་དང་དུ་མ་དང་བྲལ་བས་བདེན་པར་མ་གྲུབ་པ་བཞིན། སེམས་རིག་པ་ཉིད་ཀྱང་གཅིག་དང་དུ་མ་དང་བྲལ་བས་སེམས་ཀྱི་ངོ་བོར་ཡང་གྲུབ་པ་མེད་དེ། བདེན་གཉིས་ལས། ཡོད་མེད་དངོས་པོ་མཁྱེན་པ་པོ། །ཀུན་མཁྱེན་གྱིས་ཀྱང་གང་མ་གཟིགས། །དེ་ཡིས་དངོས་པོ་ཅི་འདྲ་ཞིག །ཤིན་ཏུ་ཞིབ་པའི་ལྟ་བས་དཔྱོད། །ཅེས་གསུངས་པ་དང༌། སེམས་ཙམ་པ་རང་གིས་ཀྱང༌། སེམས་གཞན་དབང་རྐྱེན་ལས་སྐྱེ་བར་འདོད་ལ། རྐྱེན་ལས་སྐྱེ་བ་ཉིད་ཀྱི་ངོ་བོ་མེད་པ་ཡིན་ཏེ། མ་དྲོས་པས་ཞུས་པའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་ཉིད། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་པ་ལྟར་རོ། །ཚུལ་དེ་ཉིད་བརྟག་པ་གཉིས་པ་ལས། ངོ་བོས་གཟུགས་མེད་ནས། སེམས་མེད་སེམས་ལས་བྱུང་བའང་མེད། །ཅེས་པས་བསྟན་པ་ཡིན་ནོ། །གཉིས་པ་ཀུན་རྫོབ་སྒྱུ་མ་ལྟ་བུ་ཡིན་ཡང༌། དོན་དམ་པར་འདིའོ་ཞེས་གནས་ལུགས་གྲུབ་པ་མེད་པས་དབུ་མ་རྒྱུན་ཆད་རབ་ཏུ་མི་གནས་པར་སྨྲ་བ་ལས་ཁྱད་པར་དུ་འཕགས་ཤིང་ཟུང་འཇུག་རབ་ཏུ་མི་གནས་པ་དང་ཚུལ་མཚུངས་པ་ནི། ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བ་རྨི་ལམ་སྒྱུ་མ་ལྟ་བུར་ཁྱད་མེད་ཀྱང༌། ཟུང་འཇུག་སྨྲ་བས་དོན་དམ་པ་ཡོད་པ་དང་མེད་པ་གང་གིས་ཡང་ངོ་བོར་མ་གྲུབ་པས་ཁས་ལེན་ཐམས་ཅད་དང་བྲལ་བ་ཡིན་ཏེ། དེས་ན་ཡོད་དང་མེད་པ་ལ། མཁས་པས་གནས་པར་མི་བྱའོ། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །ཚུལ་དེ་དང་མཚུངས་པར། སཾ་པུ་ཊ་ལས། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། །སྒྱུ་མ་སྨིན་རྒྱུ་འདྲ་བ་དང༌། །འཕྲོག་པ་ཟླ་བའི་གྲོང་མཚུངས་དང༌། །རྨི་ལམ་རྩེ་བ་ལྟ་བུར་བལྟ། །ཞེས་བྱ་བ་དང༌། འགྲོ་བ་ཀུན་གྱི་གནས་པ་ནི། །གང་ནའང་རྙེད་པར་མི་འགྱུར་ཏེ། །སྦྱོར་བ་འདུས་པ་བསམ་མི་ཁྱབ། །ཅེས་གསུངས་པས་བསྟན་ནོ། །དོན་གསུམ་པ་མཐའ་བྲལ་དུ་གཏན་ལ་ཕབ་ནས། ཟུང་འཇུག་ཏུ་ཉམས་སུ་བླང་བའི་ཚུལ་ལ། ལྟ་བ་མཐའ་བྲལ་དུ་གཏན་ལ་དབབ་པ་དང༌། སྒོམ་པ་ཟུང་འཇུག་ཏུ་ཉམས་སུ་བླང་བ་གཉིས་ལས། དེ་ལ་ཐོག་མར། མཐའ་བྲལ་དུ་གཏན་ལ་དབབ་པ་ལ། སྟོང་པ་ལ་སོགས་པར་འཛིན་ན་མཐའ་ཡིན་པ་དང༌། མཐའ་བྲལ་གྱི་དབུ་མ་ཞེས་འཛིན་ནའང་མཐའ་ཡིན་པ་གཉིས་ལས། དེ་ལ་དང་པོ་སྟོང་པ་ལ་སོགས་པར་འཛིན་ནའང་མཐའ་ཡིན་པ་ལ། གནས་ལུགས་གྲུབ་པ་མེད་པར་བསྟན་པ་དང༌། དེ་ལ་རྩོད་པ་སྤང་བ་གཉིས་ཡོད་པའི། གནས་ལུགས་གྲུབ་པ་མེད་པ་ལ་བཞི་ཡོད་པའི་ཐོག་མར། གནས་ལུགས་ངེས་པར་འདོད་ན་གནོད་པ་ཡོད་པ་ནི། དངོས་པོའི་གནས་ལུགས་ཡོད་པར་འདོད་ན། ཡོད་པ་ལ་གཅིག་དང་དུ་མ་ལས་མི་འདའ་ལ། ཕྱོགས་དུས་དུ་མ་དང་འབྲེལ་བའི་ཕྱིར། གཅིག་ཏུ་མ་གྲུབ་ལ། རྩོམ་པ་པོ་གཅིག་མེད་པའི་ཕྱིར། དུ་མའང་མེད་པས། ཡོད་པ་གནས་ལུགས་སུ་མི་རིགས་སོ། །ལྟོས་པ་ཡོད་པ་མ་གྲུབ་པས་ལྟོས་ཆོས་མེད་པའང་མི་འགྲུབ་ལ། གཉིས་ཀ་གནས་ལུགས་སུ་འདོད་ན་རྐྱེན་སྐྱོན་གཉིས་ཀས་གནོད་ལ། གཉིས་ཀ་མ་ཡིན་པ་གནས་ལུགས་སུ་འདོད་ན། གཉིས་ཀ་མ་ཡིན་པ་ཞེས་བྱ་བ་གཉིས་ཀ་ལ་ལྟོས་ལ། དེ་མ་གྲུབ་པས་གཉིས་ཀ་མ་ཡིན་པའང་གནས་ལུགས་སུ་མི་རུང༌། དེས་ན་གནས་ལུགས་ངེས་པ་མེད་དེ། དེ་ཉིད་སཾ་པུ་ཊ་ལས། སྟོང་པ་བསྒོམ་པར་མི་བྱ་ཞིང༌། །སྟོང་མིན་བསྒོམ་པར་མི་བྱའོ། །སྟོང་པ་མི་སྤང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤང་ངོ༌། །སྟོང་དང་སྟོང་མིན་བཟུང་བ་ལས། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། །ཡོངས་སུ་སྤངས་ན་ཀུན་རྟོག་སྟེ། །དེ་ཕྱིར་གཉིས་པོ་འདི་དག་སྤང༌། །ཞེས་གསུངས་པ་ལྟར་རོ། །དོན་གཉིས་པ་ངེས་པ་བློའི་ཡུལ་དུ་མི་རུང་སྟེ། མུ་བཞི་པོ་དེ་དག་ལས་གཞན་པའི་གནས་ལུགས་ངེས་པ་གཅིག་ཡོད་པ་སྲིད་མོད་སྙམ་ན། ངེས་པ་དེ་འདྲ་བ་བློའི་ཡུལ་དུ་བྱར་མི་རུང་བ་ཡིན་ཏེ། བདེན་གཉིས་ལས། འདི་ལ་ཇི་ལྟར་མངོན་བསམས་ན། །གནས་མི་རྙེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་རོ། །དོན་གསུམ་པ་བློ་ལ་མ་ལྟོས་པའི་ཆོས་མེད་པ་ནི། བློ་ཡུལ་དུ་མ་བྱས་པའི་ཆོས་ཀྱི་གནས་ལུགས་ངེས་པ་གཅིག་ཡོད་ན། སྐྱོན་ཅི་ཡོད་སྙམ་ན། དེ་ལྟ་བུའི་ངེས་པ་མེད་དེ། སྒྲུབ་བྱེད་མེད་ཅིང་དེ་ཉིད་དང་གཞན་དུ་བརྟགས་ན་མི་འཐད་པའི་གནོད་བྱེད་ཡོད་པའི་ཕྱིར་རོ། །སློབ་དཔོན་ཆོས་གྲགས་ཀྱིས། ཡུལ་མེད་པ་ཡི་ཤེས་པའམ། །ཤེས་པ་མེད་པའི་ཡུལ་འགའ་ཡང༌། །མྱོང་བར་གྱུར་བ་མ་མཐོང་ནས། །ཞེས་གསུངས་པ་ལྟ་བུ་ཡིན། དོན་བཞི་པ་མཐར་བཟུང་ན་སྲིད་པའི་རྩ་བར་འགྱུར་བ་ནི། དེ་ལྟར་གནས་ལུགས་ངེས་པ་དོན་ལ་མེད་ཀྱང་ངེས་པར་བཟུང་ན་སྐྱོན་ཅི་ཡོད་སྙམ་ན། ཕྱིན་ཅི་ལོག་ལ་ཞེན་པས་སྲིད་པ་ལས་མི་གྲོལ་ཞིང་སྡུག་བསྔལ་གྱི་རྩ་བར་འགྱུར་བ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། གནས་མེད་ཆོས་འདིས་སྐྲག་གྱུར་བའི། །སྐྱེ་བོ་གནས་ལ་མངོན་དགའ་ཞིང༌། །ཡོད་དང་མེད་པར་འཛིན་པས་ན། །མི་མཁས་རྣམས་ནི་ཕུང་བར་འགྱུར། །ཞེས་གསུངས་པ་དང་འདྲའོ། །དོན་གཉིས་པ་དེ་ལ་རྩོད་པ་སྤང་བ་ལ་གསུམ་ལས། ལུང་དང་འགའ་བ་སྤང་བ་ནི། འོ་ན་སངས་རྒྱས་ཀྱི་ཡང་དག་པའི་ལྟ་བ་སྟོང་པ་ཉིད་ཅེས་གསུངས་པ་དང་འགལ་སྙམ་ན། མཐར་འཛིན་པ་སྤང་བའི་ཕྱིར་སྟོང་པ་ཉིད་དུ་གསུངས་པ་ཡིན་གྱི། སྟོང་པ་ཉིད་ཅེས་བྱ་བའི་ལྟ་བ་ཡོད་པ་མ་ཡིན་ཏེ། རྡོ་རྗེ་གུར་ལས། ལྟ་བ་རྣམས་ལས་ལོག་རྣམས་དང༌། །བདག་ཏུ་ལྟ་བ་ཚོལ་རྣམས་ཀྱི། །བདག་ཞེན་བསམ་པ་བཟློག་པའི་ཕྱིར། །སྟོང་པ་རྒྱལ་བ་རྣམས་ཀྱིས་བསྟན། །ཞེས་གསུངས་སོ། །ཆོས་གཉིས་པ་རང་ཚིག་དང་འགལ་བ་སྤང་བ་ནི། གནས་ལུགས་ངེས་པའི་ལྟ་བ་མེད་ན། ཁྱེད་གསང་སྔགས་པ་རང་གིས་ཀྱང༌། ཕ་རོལ་ཏུ་ཕྱིན་པ་དང་ན་མཉམ་པའི་ལྟ་བ་དང༌། དེ་ཁོ་ན་ཉིད་རྒྱ་མཚོའི་དོན་དང་མ་བྲལ་བའི་ལྟ་བ་ཞེས་འདོད་པ་མ་ཡིན་ནམ་ཞེས་རྒོལ་ན། བལྟ་བྱ་དང་ལྟ་བྱེད་ལས་གྲོལ་བ་ལ་ལྟ་བར་བཏགས་པ་ཡིན་གྱི། ཁས་བླང་རྒྱུའི་ལྟ་བ་གཅིག་ཡོད་ནས་སྨོས་པ་མ་ཡིན་པས་སྐྱོན་མེད་དེ། སློབ་དཔོན་ཏོག་ཙེ་བ་བཟང་པོའི་ཞབས་ཀྱི་ཞལ་སྔ་ནས། ཉན་པ་གོམས་པའི་སྦྱོར་བ་ཡིས། །གཉིས་མེད་མིང་དུ་བཟུང་བ་ལ། །དེ་ལ་རྣལ་འབྱོར་པས་བཟོད་མཛོད། །ཅེས་གསུངས་པ་ལྟར་ཡིན་ནོ། །ཆོས་གསུམ་པ་ཐ་མལ་པ་དང་མཚུངས་པ་སྤང་བ་ནི། ཁྱེད་ལ་ལྟ་བ་མེད་ན། འཇིག་རྟེན་ཐ་མལ་པ་ལའང་ལྟ་བ་མེད་པས། དེ་དང་མཚུངས་པ་མ་ཡིན་ནམ་ཞེས་རྒོལ་ན། འཇིག་རྟེན་ཕལ་པ་ལ་གྲུབ་མཐས་བཏགས་པའི་ལྟ་བ་མེད་པ་ནི་མ་ཤེས་པ་ཡིན་ལ། ངེད་ལྟ་བ་མི་འདོད་པ་ནི། ལྟ་བ་ངོ་བོས་མ་གྲུབ་པ་ཤེས་ནས་མི་འདོད་པས་ག་ལ་མཚུངས་ཏེ། ལོང་བ་དང༌། མིག་གསལ་བས་ནམ་མཁའ་ལ་ལྟ་བ་དང་འདྲ་བ་ཡིན་ནོ། །དོན་གཉིས་པ་མཐའ་བྲལ་གྱི་དབུ་མ་ཞེས་འཛིན་ནའང༌། མཐའ་བྲལ་མ་ཡིན་པ་ནི། དེ་ལྟར་མུ་བཞི་དང་བྲལ་བའི་དབུ་མ་ཞེས་བཏགས་ཤིང་ཞེན་ནའང་དེ་ཕྱིན་ཅི་ལོག་ཏུ་འགྱུར་བ་ཡིན་པས། ཏིང་ངེ་འཛིན་རྒྱལ་པོ་ལས། ཡོད་དང་མེད་པ་འདི་གཉིས་མཐའ་ཡིན་ཏེ། །གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ལ། །དེ་ལྟར་མཐའ་བཞི་རྣམ་པར་སྤངས་པ་ཡི། །མཁས་པས་དབུས་ལ་གནས་པར་མི་བྱའོ། །ཞེས་གསུངས་ལ། དེ་ཉིད་སཾ་པུ་ཊ་ལས། སྟོང་མིན་སྟོང་པ་མིན་པའང་མིན། །དབུ་མ་དམིགས་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །དོན་གཉིས་པ་བསྒོམ་པ་ཟུང་འཇུག་ཏུ་ཉམས་སུ་བླང་བ་ལ་གསུམ་ཡོད་པ་ལས། ཟུང་འཇུག་གི་རང་བཞིན། ཡུལ་སྣང་བ་དང་སྟོང་པ་ཟུང་དུ་འཇུག་པ། བློ་རིག་པ་དང་སྟོང་པ་ཟུང་དུ་འཇུག་པ་ལ་དེ་ལྟར་ཤེས་ཏེ། གསང་བ་འདུས་པ་ལས། ཤེས་རབ་ཐབས་ནི་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བརྗོད་པ་ཡིན། །གང་ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དེ། །ཞེས་གསུངས་པ་ལྟར་ཡིན་ནོ། །གཉིས་པ་དོན་དམ་པར་བསམ་དུ་མེད་པ་ནི། ཡང་དག་པའི་རིགས་པས་དཔྱད་ན། དོན་དམ་པར་ཕྱི་ནང་གི་ཆོས་ཐམས་ཅད་ངོ་བོས་མ་གྲུབ་པས། བསྒོམ་བྱ་སྒོམ་བྱེད་ལས་གྲོལ་བ་ཡིན་ཏེ། སཾ་པུ་ཊ་ལས། རྣམ་རྟོག་མེད་པའི་ཆོས་རྣམས་ལ། །དམིགས་པ་མེད་ཅིང་བསྒོམ་པ་མེད། །ཅེས་གསུངས་པ་ལྟར་རོ། །གསུམ་པ་ཀུན་རྫོབ་ཏུ་བསྒོམ་པའི་ཚུལ་ནི། དེ་ལྟར་དོན་དམ་པར་སྤྲོས་པ་དང་བྲལ་བས་བསྒོམ་དུ་མེད་ཀྱང༌། ཀུན་རྫོབ་ཏུ། རྨི་ལམ་སྒྱུ་མ་ལྟ་བུའི་ཚུལ་གྱིས་བསྒོམ་པ་ཡིན་ཏེ། རྟོག་པ་མེད་པ་ལྟར་མོས་ལ། བརྟག་པ་ཀུན་གྱིས་བརྟག་པར་བྱ། །ཞེས་གསུངས་པ་ལྟར་ཡིན་ནོ། །དོན་བཞི་པ་ལྟ་བ་དེ་ཉིད་གསུང་རབ་དང་སྡེ་སྣོད་ཐམས་ཅད་ཀྱི་རྟོགས་བྱར་བསྟན་པ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དེ། དེ་ཉིད་ཐུབ་པའི་གསུང་རབ་ཐམས་ཅད་ཀྱི་བརྗོད་བྱ་ཡིན་ཏེ། མདོ་ལས། བདེ་བར་གཤེགས་པའི་གསུང་ཐམས་ཅད་ནི་དེ་ཁོ་ན་ཉིད་ལ་གཞོལ། དེ་ཁོ་ན་ཉིད་ལ་འབབ། དེ་ཁོ་ན་ཉིད་ལ་མངོན་དུ་ཕྱོགས་ཞེས་གསུངས་པ་དང༌། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད། །ཅེས་གསུངས་པ་དང༌། སཾ་པུ་ཊ་ལས། འདི་ནི་གཉིས་སུ་མེད་པར་བརྗོད། །འདི་ནི་བྱང་ཆུབ་སེམས་མཆོག་ཉིད། །རྡོ་རྗེ་རྡོ་རྗེ་སེམས་དཔའ་དཔལ། །རྫོགས་པའི་སངས་རྒྱས་བྱང་ཆུབ་ཉིད། །འདི་ཉིད་ཤེས་རབ་ཕ་རོལ་ཕྱིན། །ཕ་རོལ་ཕྱིན་པ་ཀུན་གྱི་དངོས། །མཉམ་ཉིད་བསམ་བྱ་ཉིད་དུ་གསུངས། །སངས་རྒྱས་ཀུན་མཆོག་བསྒོམ་པ་ཉིད། །ཅེས་གསུངས་པས་མིང་གི་རྣམ་གྲངས་བཅུ་བཞི་བསྟན་པ་ཡིན་ཏེ། ཡང་ལྟ་བ་སྟོང་པ་ཉིད་དེ་ལ་གཉིས་སུ་མེད་པ་ཞེས་བརྗོད་དེ། སཾ་པུ་ཊ་ལས། གཉིས་མེད་གཉིས་ནི་རྣམ་སྤངས་པའི། །དེ་ཉིད་ལ་ནི་ཇི་བཞིན་སྟོན། །ཞེས་བྱ་བ་དང༌། རིམ་ལྔ་ལས། དེ་ལྟར་གང་གནས་རྣལ་འབྱོར་པ། །ཟུང་འཇུག་རིམ་ལ་གནས་པ་སྟེ། །དེ་ཉིད་གཉིས་མེད་ཡེ་ཤེས་ཏེ། །མི་གནས་མྱ་ངན་འདས་པའང་ཡིན། །ཞེས་གསུངས་སོ། །དེ་ཉིད་ལ་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་དེ། བརྟག་གཉིས་ལས། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་བརྗོད། །ཅེས་གསུངས། དེ་ཉིད་ལ་རྡོ་རྗེ་ཞེས་བརྗོད་དེ། རྡོ་རྗེ་རྩེ་མོ་ལས། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །གཅད་དང་གཞིག་པར་བྱ་བ་མེད། །བསྲེག་པར་བྱར་མེད་འཇིག་མེད་པས། །སྟོང་པ་ཉིད་ནི་རྡོ་རྗེར་བཤད། །ཅེས་གསུངས། དེ་ཉིད་ལ་རྡོ་རྗེ་སེམས་དཔའ་ཞེས་བརྗོད་དེ། བརྟག་གཉིས་ལས། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །ཅེས་གསུངས། དེ་ཉིད་ལ་དཔལ་ཞེས་བརྗོད་དེ། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་བྱ་བ་དང༌། རྣམ་སྣང་མངོན་བྱང་ལས། ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཞེས་གསུངས། དེ་ཉིད་ལ་རྫོགས་པའི་སངས་རྒྱས་ཞེས་བརྗོད་དེ། རྡོ་རྗེ་རྩེ་མོ་ལས། དེ་བཞིན་ཉིད་བདེན་ཤིན་ཏུ་བརྟན། །དེ་ཁོ་ན་ཉིད་གང་རྟོགས་ནས། །ཆོས་ཀུན་རྟོགས་པ་ཞེས་བྱ་གང༌། །དེ་ཉིད་རྟོགས་པ་སངས་རྒྱས་བརྗོད། །ཅེས་གསུངས། དེ་ཉིད་ལ་བྱང་ཆུབ་ཅེས་བརྗོད་དེ། རྣམ་སྣང་མངོན་བྱང་ལས། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །རྣམ་པར་རྟོག་པ་ཐམས་ཅད་སྤངས། །ཞེས་གསུངས་སོ། །དེ་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ཞེས་བརྗོད་དེ། རྡོ་རྗེ་རྩེ་མོ་ལས། ཉན་ཐོས་རང་རྒྱལ་ཕྱི་རོལ་གྱི། །ཤེས་རབ་ལས་ནི་བླ་མར་བརྗོད། །དེ་བཞིན་ཉིད་ཞི་ཕ་རོལ་ཕྱིན། །ཤེས་རབ་ཕ་རོལ་ཕྱིན་ཞེས་བཤད། །ཅེས་གསུངས་སོ། །དེ་ཉིད་ཕ་རོལ་ཕྱིན་པ་ཀུན་གྱི་དངོས། །ཞེས་གསུངས་ཏེ། མ་ཆགས་པས་སྦྱིན་པ། ཉེས་པ་མེད་པས་ཚུལ་ཁྲིམས། མི་འཁྲུགས་པས་བཟོད་པ། མི་གནས་པས་བརྩོན་འགྲུས། མི་གཡེངས་པས་བསམ་གཏན། མ་རྨོངས་པས་ཤེས་རབ་སྟེ། མདོ་སྡེ་རྒྱན་ལས། འཛིན་པ་མི་མངའ་ཉེས་མི་མངའ། །རྙོག་པ་མེད་ཅིང་མི་གནས་ལ། །མི་གཡོ་ཆོས་རྣམས་ཐམས་ཅད་ལ། །སྤྲོས་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དེ་ཉིད་ལ་མཉམ་པ་ཉིད་ཅེས་བརྗོད་དེ། བརྒྱད་སྟོང་པ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་ཅེས་གསུངས་སོ། །དེ་ཉིད་བསམ་པར་བྱ་བ་ཞེས་བརྗོད་དེ། ཨ་བྷི་དྷ་ན་ལས། བསམ་གྱིས་མི་ཁྱབ་དེ་བསམས་ནས། །དངོས་དང་དངོས་མེད་རྣམ་པར་སྤངས། །ཞེས་གསུངས་སོ། །དེ་ཉིད་ལ་སངས་རྒྱས་ཀུན་དངོས་ཞེས་བྱ་སྟེ། སངས་རྒྱས་མཉམ་སྦྱོར་ལས། ཡེ་ཤེས་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་གསུངས་སོ། །དེ་ཉིད་ལ་མཆོག་ཅེས་བྱ་སྟེ། རྣམ་སྣང་མངོན་བྱང་ལས། གསང་སྔགས་ཡེ་ཤེས་ལས་བྱུང་བ། །འདི་ནི་དེ་ཉིད་ཡེ་ཤེས་མཆོག །ཅེས་གསུངས་སོ། །དེ་ཉིད་བསྒོམ་པར་བྱ་བ་ཞེས་བརྗོད་དེ། རྒྱལ་བའི་ཡུམ་ལས། གཟུགས་བསྒོམ་པ་རྣམ་པར་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པར་བསྒོམ་པའོ། །ཞེས་གསུངས་པས། མིང་བཅུ་བཞིས་མཚོན་ལ། དེ་ཉིད་ལ་ཀྱེའི་རྡོ་རྗེ་དང༌། གསང་བ་འདུས་པ་དང་འཁོར་ལོ་བདེ་མཆོག་དང༌། དུས་ཀྱི་འཁོར་ལོ་ལ་སོགས་པའི་མཚན་དུ་མ་དང༌། དེ་དག་སྟོན་པར་བྱེད་པའི་ཆོས་ཀྱི་ཕུང་པོ་དུ་མས་ཀྱང་ལྟ་བ་སྟོན་པར་བྱེད་པ་ཡིན་ནོ། །ཆོས་ཐམས་ཅད་བརྗོད་པར་བྱ་བ་དང༌། རྟོགས་པར་བྱ་བ་ཡིན་པས་ཤིན་ཏུ་འབད་པ་ཆེན་པོས་ཆེད་དུ་གཉེར་བར་བྱ་བ་ཡིན་ནོ། །ཆོས་ལྔ་པ་དེ་རྟོགས་པར་བྱེད་པའི་ཐབས་གསང་སྔགས་ཀྱི་ཐབས་རྣམ་པར་གཞག་པ་ལས། དེ་ཁོ་ན་ཉིད་དེ་ཐབས་གཞན་གྱིས་མི་རྟོགས་ཤིང་གསང་སྔགས་ཀྱི་ཐབས་ཀྱིས་མྱུར་དུ་རྟོགས་པ། གསང་སྔགས་ཀྱི་ཐབས་ངོས་བཟུང་བ། ཐབས་ལས་བྱུང་བའི་ཡེ་ཤེས་དེ་དཔེའི་ཡེ་ཤེས་སུ་བསྟན་པ། དེ་ལུས་ལ་གནད་དུ་བསྣུན་པས་རྟོགས་པའི་ཕྱིར་རྡོ་རྗེ་ལུས་ཀྱི་གནས་ལུགས་གཏན་ལ་དབབ་པ་སྟེ། བཞི་ཡོད་པ་ལས། དང་པོ་ཐབས་གཞན་གྱིས་མི་རྟོགས་པ་ནི། ལྟ་བའི་ཡེ་ཤེས་དེ་གསང་སྔགས་ཀྱི་ཐབས་ལ་མ་བརྟེན་པར་ཕ་རོལ་ཏུ་ཕྱིན་པར་གྲགས་པ་ལ་སོགས་པའི་ཐོས་བསམ་དང༌། དཔེ་དང་གཏན་ཚིགས་ཀྱིས་མི་རྟོགས་ཏེ། གཞན་གྱིས་བརྗོད་མིན་ནས། མི་རྙེད་དེ་ཞེས་བྱ་བ་དང༌། སློབ་དཔོན་ཨཱརྻ་དེ་བས། བསྐལ་པ་བྱེ་བ་དུ་མ་རུ། །ཐོས་པའི་ཕ་རོལ་སོན་གྱུར་པ། །བདག་བྱིན་བརླབ་ལ་ཕྱིར་བལྟས་པས། །དེ་ཡི་དེ་ཉིད་རྟོགས་མི་འགྱུར། །ཞེས་བྱ་བ་དང༌། ཆོས་ཀུན་རྨི་ལམ་སྒྱུ་འདྲ་ཞེས། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱི། །བདག་བྱིན་བརླབ་ལ་ཕྱིར་ཕྱོགས་པས། །རྨི་ལམ་སྒྱུ་འདྲ་མཐོང་བ་མེད། །ཅེས་གསུངས་པ་ལྟར་ཡིན་ནོ། །གཉིས་པ་གསང་སྔགས་ཀྱི་ཐབས་ངོས་བཟུང་བ་ནི། བརྟག་གཉིས་ལས། བླ་མའི་དུས་ཐབས་བསྟན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པས། མཚན་ཉིད་དང་ལྡན་པའི་བླ་མའི་བྱིན་རླབས་ཀྱིས་རྟོགས་པར་འགྱུར་བ་ཡིན་ཏེ། སཾ་པུ་ཊ་ལས། ནང་གི་དབྱེ་བ་འདི་ཉིད་ནི། །བླ་མའི་ཞལ་ལས་རྙེད་པར་འགྱུར། །ཞེས་བྱ་བ་དང༌། རིམ་ལྔ་ལས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་འགྱུར་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །ཞེས་གསུངས་སོ། །དུས་ནི། བླ་མའི་དེས་དབང་གསུམ་པ་དང་བཞི་པ་བསྐུར་བའི་དུས་སུ་རྟོགས་ཏེ། བརྟག་གཉིས་ལས། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ་ནས། བྱིན་རླབས་ཡིན་ཞེས་གསུངས་སོ། །ཐབས་ནི་བྱང་ཆུབ་ཀྱི་སེམས་དབབ་བཟློག་གིས་རྟོགས་པར་འགྱུར་ཏེ། བརྟག་གཉིས་ལས། ག་པུར་ཉིད་ནི་བདག་མེད་མ། །ཞེས་གསུངས་སོ། །བསྟན་པ་ནི། དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟན་པས་རྟོགས་ཏེ། བརྟག་གཉིས་ལས། བོལླ་ཀཀྐོ་ལ་སྦྱོར་བས། །དེ་ཡི་བདེ་བ་ཤེས་པར་འགྱུར། །ཞེས་གསུངས་པས་སོ། །དེ་ལྟ་བུའི་རྐྱེན་དེ་དག་འཕྲོད་པར་བྱེད་པ་ལ། བདག་ཉིད་ཀྱི་བླ་མ་མཆོད་པ་ལ་སོགས་པ་ཕྱིའི་བསོད་ནམས་སོགས་པ་ལའང་རག་ལས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། བླ་མ་ཡོངས་སུ་མཉེས་པ་ཡིས། །ལས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ཐབས་ལས་བྱུང་བའི་ཡེ་ཤེས་དེ་དཔེའི་ཡེ་ཤེས་སུ་བསྟན་པ་ནི། འོ་ན་དབང་གསུམ་པའི་དུས་སུ་ཉམས་སུ་མྱོང་བའི་ཡེ་ཤེས་དེ། འཕགས་པ་རྣམས་ཀྱིས་རྟོགས་པའི་དོན་གྱི་ཡེ་ཤེས་ཡིན་ནམ་སྙམ་ན། མཐོང་སྤང་གི་སྒྲིབ་པ་མ་སྤངས་པའི་ཕྱིར་དོན་གྱི་ཡེ་ཤེས་མ་ཡིན། འོ་ན་དེ་སྐྱེས་ཀྱང་དོན་མེད་དོ་སྙམ་ན། ནམ་མཁའི་ཟླ་བ་ལྟ་བར་འདོད་པ་ལས་ཆུ་ནང་གི་ཟླ་བ་ལྟ་བ་ལྟར། དོན་དང་འདྲ་ཞིང་དེ་བླ་མས་ངོ་སྤྲད་པས་མྱུར་དུ་རྟོགས་པར་འགྱུར་བས་ཤིན་ཏུ་དོན་ཆེ་བ་ཡིན་ཏེ། བརྟག་གཉིས་ལས། གང་ཕྱིར་འབྱུང་བ་ཆེར་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་མིན། །ཞེས་བྱ་བ་དང༌། ལྷན་ཅིག་སྐྱེས་པས་གང་སྐྱེས་པ། །ལྷན་ཅིག་སྐྱེས་པ་དེར་བརྗོད་བྱ། །ཞེས་གསུངས་པ་ལྟར་རོ། །བཞི་པ་དེ་ལུས་ལ་གནད་དུ་བསྣུན་པས་རྟོགས་པའི་ཕྱིར། རྡོ་རྗེ་ལུས་ཀྱི་གནས་ལུགས་གཏན་ལ་དབབ་པ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཤེས་དང་མི་ཤེས་པ་དག་གིས། །ལུས་འདི་ཉིད་ལ་ཐམས་ཅད་དེ། །རང་གི་རྣམ་པར་རྟོག་པས་བསྒྲིབས། །བདག་ཉིད་ཤེས་ན་གྲོལ་བར་འགྱུར། །ཞེས་གསུངས་པས། ལུས་ཀྱི་གནས་ལུགས་ཤེས་དགོས་ཏེ། དེ་གཏན་ལ་འབེབས་པ་ལ། རྟེན་དཀྱིལ་འཁོར་གསུམ་རླུང་དང་བཅས་པ་དང་པོ་ཇི་ལྟར་འགྲུབ་པའི་ཚུལ། བར་དུ་གནས་པའི་ཚུལ། ཐ་མ་འཇིག་པའི་ཚུལ་དང་གསུམ་དུ་གནས་ཀྱང༌། བཤད་བདེ་བས་ཐོག་མར་འཇིག་པའི་ཚུལ་གསུངས་སོ། །དེ་ལ་ནང་འཇིག་པ་ལྟར་ཕྱིའི་འཇིག་རྟེན་ཡང་འབྱུང་བའི་རིམ་པས་འཇིག་སྟེ། མངོན་པ་ལས། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ནི། །མེ་ཡིས་བདུན་ནོ་དེ་ནས་ནི། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཞེས་གསུངས་པ་ལྟར་འཇིག་ལ། དེ་ནས་སྟོངས་ནས། དེ་ནས་ཡང་འཆགས་སོ། །ནང་རིམ་གྱིས་འཇིག་པའང་འབྱུང་བའི་རིམ་གྱིས་འཇིག་སྟེ། དེ་ལ་འཆི་བའི་དུས་སུ། སྲོག་གི་རྟེན་ས་རླུང་གི་ནུས་པ་ཆུ་ལ་ཐིམ་པས་ལུས་ཀྱི་སྟོབས་དང་ལྗིད་ཉམས། ཆུ་མེ་ལ་ཐིམ་པས་གཤེར་བའི་དངོས་པོ་རྣམས་སྐེམས། མེ་རླུང་ལ་ཐིམ་པས་ལུས་ཀྱི་དྲོད་ཡལ། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་དབུགས་རྒྱུ་བ་ཆད། རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པས་རྣམ་རྟོག་འགགས། འདའ་ཀ་མའི་གདམས་ངག་ཡོད་ན་སྐབས་འདིར་འགྲུབ། མེད་ན་བར་དོར་རྫུས་སྐྱེས་ཀྱི་ལུས་ལེན། དེའི་ཚེ་བར་དོའི་གདམས་ངག་ཡོད་ན་འགྲུབ། མེད་ན་ཕ་རོལ་ཏུ་སྐྱེ་བ་ལེན་པར་འགྱུར་ཏེ། འགག་པའི་ཚུལ་ལོ། །བར་དོར་ཤིན་ཏུ་ཕྲ་བའི་རྫུས་སྐྱེས་ཀྱི་ལུས་བླངས་ཏེ། དྲི་ཟ་ཞིང་ལས་དང་རྗེས་སུ་མཐུན་པའི་བདེ་སྡུག་མྱོང་ནས་སྐྱེ་བ་ཕྱི་མའི་ཉིང་མཚམས་སྦྱོར་རོ། །དེའི་ཕྱིར་དང་པོ་ཇི་ལྟར་འགྲུབ་པའི་ཚུལ་ལ་བཞི་ཡོད་པའི་དང་པོའི་དང་པོ་ལུས་ངག་ཡིད་གསུམ་རྟེན་དང་བརྟེན་པའི་ཚུལ་ནི་སྐྱེ་བའི་ཚེ། སེམས་ལ་བརྟེན་ནས་ལུས་ངག་བརྟེན་པའི་ཚུལ་གྱིས་འབྱུང་ལ། གནས་པའི་ཚེ་ལུས་རྟེན་ལ། ངག་དང་སེམས་བརྟེན་པའི་ཚུལ་གྱིས་གནས་ཏེ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། འབྱུང་བ་ཆེན་པོ་བཞི་པོ་ནི། །སྲོག་གི་རྟེན་དུ་ཤེས་པར་བྱ། །ཡང་ན་སྲོག་ནི་དེ་རྣམས་བརྟེན། །ལགས་དགེས་དབང་མོ་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སེམས་ལ་བརྟེན་ནས་ལུས་ངག་ཇི་ལྟར་འབྱུང་ན། སྔ་མའི་སེམས་ཀྱི་རྒྱུན་འོད་གསལ་ལ་ཐིམ་པས་སྔོན་གྱི་བག་ཆགས་ཀྱིས་འཕེན་པས་འོད་གསལ་ལས་ལངས་ཏེ། རྣམ་ཤེས་གཡོས་བས་རླུང་འབྱུང་ལ། རླུང་བསྐྱོད་པས་དྲོད་དང༌། དྲོད་ཀྱིས་ཆུ་རྡུལ་བསྡུས་པས་རླན་དང༌། དེས་ས་རྡུལ་བསྡུས་པས་ས་སྟེ་འབྱུང་བ་རྣམས་བསྡུས་ནས། དེ་ལས་བར་དོར་རྫུས་སྐྱེས་ཀྱི་ལུས་འགྲུབ་ཅིང༌། དེ་ལ་བརྟེན་པའི་རླུང་བརྗོད་འདོད་ཀྱི་རྟོག་པས་བསྐུལ་བ་དང༌། མགྲིན་པ་ལ་སོགས་པ་ནས་རྒྱུས་ནས་བར་དོའི་ངག་སྣ་ཚོགས་འབྱུང་ལ། དེ་ཉིད་ཕྱི་མའི་ལུས་འགྲུབ་པའི་རྐྱེན་དང་ཕྲད་པས་སྐྱེ་བ་ཕྱི་མའི་ལུས་ངག་རགས་པ་འགྲུབ་སྟེ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། །རྣམ་ཤེས་ལས་ནི་སྐྱེས་པ་རླུང༌། །དེ་ལས་མེ་ནི་སྐྱེ་བར་འགྱུར། །དེ་ལས་ཆུ་ནི་སྐྱེ་བར་འགྱུར། །དེ་ལས་ས་ནི་སྐྱེ་བར་འགྱུར། །དེ་རྣམས་ཀུན་ལས་ཕུང་པོ་འབྱུང༌། །དེ་ལས་སྐྱེ་མཆེད་འབྱུང་བར་འགྱུར། །དེ་ལས་རྣམ་ཤེས་སྐྱེ་བར་འགྱུར། །དེ་ལས་ཡེ་ཤེས་སྐྱེ་འགྱུར་ཏེ། །བརྒྱ་རྩ་བརྒྱད་ཀྱི་སྦྱོར་བས་སོ། །ཞེས་གསུངས་སོ། །གསུམ་པ་དཔེ་བརྒྱད་དང་སྟོང་པ་གསུམ་དང་སྦྱར་བ་ནི། ཚེ་སྔ་མའི་ཤེས་པ་ལས་ཚེ་ཕྱི་མའི་ཤེས་པ་འབྱུང་ལ། བར་དོའི་གནས་སྐབས་ཀྱི་ཤེས་པའི་རྒྱུན་ལ་བརྟེན་ནས་འབྱུང་བ། སྔ་མ་ཉིད་ཕྱི་མར་འཕོ་བ་ཡང་མ་ཡིན་པས་རྟག་པར་ཡང་མི་འགྱུར་ལ། རྒྱུན་ལ་བརྟེན་ནས་ཆད་པར་ཡང་མི་འགྱུར་བའི་དཔེ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས། རྟེན་འབྲེལ་གྱི་གཞུང་ལས། ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱར་བ་དག །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེས་གསུངས་པ་ལྟར་རྟོགས་པར་བྱ་བ་ཡིན་ནོ། །དེ་ཉིད་སྟོང་པ་གསུམ་དང་སྦྱར་ན། སྔ་མའི་བག་ཆགས་ཀྱིས་འཕེན་པ་དང་ཀུན་གཞིའི་རྒྱུན་མ་ཆད་པས་འོད་གསལ་ལས། ཀུན་གཞི་ད་ལྟར་བ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་འགྲུབ་པ་ལ་སྟོང་པ་ཆེན་པོ་ཞེས་བྱ། དེ་ཉིད་ལ་དྲི་མའི་ཚུལ་གྱིས་ཉོན་མོངས་པ་ཅན་གྱི་ཡིད་དང་བཅས་པར་འབྱུང་བ་ལ་ཤིན་ཏུ་སྟོང་པ་ཞེས་བྱ། དེ་ལ་སྔོན་གྱི་བག་ཆགས་ཀྱི་འཕེན་པ་དང༌། ཡུལ་གྱི་རྐྱེན་གྱི་བྱེད་པས་རྣམ་ཤེས་ཚོགས་དྲུག་དང་བཅས་པར་འབྱུང་བ་ལ་སྟོང་པའི་བདག་ཉིད་ཅན་ཞེས་བྱ་ཞིང༌། དེ་དག་ལ་སེམས་སྣང་བ་དང༌། སྣང་བ་མཆེད་པ་དང༌། སྣང་བ་ཉེར་ཐོབ་ཅེས་བྱ་བར་ཡང་འདོགས་སོ། །བཞི་པ་སྐྱེ་གནས་བཞིའི་རིམ་པ་བཤད་པ་ལ་གཞིའི་ལུས་ལེན་པའི་ལས་ཀྱི་འཕེན་པ་དྲག་པོས་འཕངས་པས། རྐྱེན་མང་པོ་དང༌། དུས་རིང་པོ་ལ་མི་ལྟོས་པར་འཕྲལ་དུ་ལུས་ལེན་པ་ལ་རྫུས་སྐྱེས་ཟེར། དེ་བས་འཕེན་པ་ཞན་པས་ཕྱིའི་དྲོད་གཤེར་ལ་སོགས་པའི་རྐྱེན་དང༌། དུས་ཅི་རིགས་པའི་འགྱུར་བ་ལས་ལུས་འགྲུབ་པ་དྲོད་གཤེར་སྐྱེས་ཞེས་ཟེར། དེ་བས་ཀྱང་འཕེན་པ་ཞན་པ། ཕ་མ་ལ་ལྟོས་པའམ། མ་ལྟོས་པའི་འབྱུང་བའི་ནུས་པ་དང༌། དུས་ཀྱི་འགྱུར་བས་སྒོ་ང་གྲུབ་ནས། དེ་རྡོལ་ཏེ་ལུས་འགྲུབ་པ་ལ་སྒོང་སྐྱེས་ཞེས་ཟེར། ལས་ཀྱི་དྲི་མ་མཐུག་ཅིང་ཕ་མ་དང་ལས་མཐུན་པར་བསགས་པས་ཕ་མ་ལ་སོགས་པའི་རྐྱེན་མང་པོ་ལ་ལྟོས་ནས་སྐྱེ་བ་ལ་མངལ་སྐྱེས་ཞེས་ཟེར། འདི་སྦྱང་དཀའ་བས་རྒྱས་པར་བཤད་པ་ལ་གསུམ་ཡོད་པ་ལས། དང་པོ་དངོས་པོ་དང་དངོས་མེད་ལས་སྐྱེ་བའི་ལུགས། མུ་སྟེགས་ཆད་ལྟ་བ་ཕ་མ་ལ་སོགས་པའི་དངོས་པོ་དང༌། ངོ་བོ་ཉིད་དངོས་པོ་མེད་པ་ལས་སྐྱེ་བར་འདོད་ལ་དེ་རྗེས་སུ་གཟུང་བའི་ཕྱིར། སཾ་པུ་ཊ་ལས། རྡོ་རྗེ་པདྨ་མཉམ་སྦྱོར་བས། །དངོས་དང་དངོས་མེད་རོ་གཅིག་འགྱུར། །ཞེས་གསུངས་པས། ཁུ་ཁྲག་དངོས་པོ་དང་སེམས་གཟུགས་ཀྱི་དངོས་པོར་མ་གྲུབ་པ་འདུས་ནས་སྐྱེ་བ་ལ་དགོངས་ནས་གསུངས། གཉིས་པ་རྡུལ་མུན་པ་སྙིང་སྟོབས་ལས་སྐྱེ་བར་འདོད་པ་ནི། གྲངས་ཅན་པས་དེ་ལྟར་འདོད་པས་དེ་རྗེས་སུ་གཟུང་བའི་དོན་དུ། སཾ་པུ་ཊ་ལས། མུན་པ་སེམས་ཀྱི་རང་བཞིན་ཏེ། །སྙིང་སྟོབས་ཁུ་བ་རིན་ཆེན་རྡུལ། །ཞེས་གསུངས་པས། རྡུལ་ཁྲག མུན་པ་བར་དོའི་སེམས་སྙིང་སྟོབས་ཁུ་བ་རྣམས་སམ། ཡང་ཉོན་མོངས་པ་གསུམ་ལས་སྐྱེ་བ་ལ་དགོངས་པ་ཡིན་ནོ། གསུམ་པ་ཁྱབ་འཇུག་གི་འཇུག་པ་བཅུ་ལས་སྐྱེ་བར་འདོད་པ་ནི། མུ་སྟེགས་ཁྱབ་འཇུག་པས། སྲིད་པ་འགྲུབ་པ། ཁྱབ་འཇུག་གི་འཇུག་པའི་རིམ་པས་སྐྱེ་བར་འདོད་དེ། ཉ་དང་རུས་སྦལ་ཕག་རྒོད་དང༌། །ར་མ་གཉིས་དང་ནག་པ་དང༌། །མི་ཡི་སེང་གེ་མིའུ་ཐུང་དང༌། །སངས་རྒྱས་ངང་པ་ཅན་ཏེ་བཅུ། །ཞེས་འབྱུང༌། དེ་གཟུང་བའི་ཕྱིར་བརྟག་གཉིས་ལས། ཟླ་བ་བཅུ་ཡང་ས་རྣམས་ཏེ། །སེམས་ཅན་ས་བཅུའི་དབང་ཕྱུག་གོ །ཞེས་གསུངས་པས། མངལ་དུ་སྐྱེ་བའི་རིམ་པ་ཟླ་བ་བཅུ་ལ། འཇུག་པ་བཅུའི་ཚུལ་གྱིས་ཆགས་ཏེ། ཟླ་བ་བཅུ་ཚང་བ་དང་སྐྱེ་ལ། དེ་ཉིད་བྱང་ཆུབ་སེམས་དཔའི་ས་བཅུ་དང་ཡང་མཐུན་པར་དགོངས་སོ། །དོན་གསུམ་པ་བར་དུ་ཇི་ལྟར་གནས་པའི་ཚུལ་ལ། རྟེན་དཀྱིལ་འཁོར་གསུམ་དང༌། དེ་ལ་དབང་བྱེད་པ་སྙིང་པོ་ཡེ་ཤེས་རླུང་གཏན་ལ་དབབ་པ་གཉིས་སུ་ཡོད་པ་ལས། ཐོག་མར་རྟེན་དཀྱིལ་འཁོར་གསུམ་ལ་དང་པོ་ལུས་རྩའི་དཀྱིལ་འཁོར་ལ་ལྔ་ཡོད་པའི་དང་པོ། རྩ་གསུམ་ནི་ཉོན་མོངས་པ་གསུམ་དང༌། རླུང་ལྡང་འཇུག་གནས་པ་གསུམ་གྱི་དབང་གིས་ལུས་ཀྱི་དབུས་སོ། །རོ་རྐྱང་ཀུན་འདར་མ་འགྲུབ་སྟེ། བརྟག་གཉིས་ལས། རྩ་རྣམ་གསུམ་ནི་གཙོ་མོ་སྟེ། རྐྱང་མ་དང༌། རོ་མ་དང་ཀུན་འདར་མའོ། །ཞེས་གསུངས་སོ། །རྩ་གསུམ་པོ་དེ་དག་ལས་འཕྲོས་ནས། ལུས་ཀྱི་ཆ་ཤས་རྣམས་སུ་མི་ཕྱེད་མ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་འབབ་པའི་རྩ་སུམ་ཅུ་རྩ་གཉིས་འགྲུབ་སྟེ། རྩ་རྣམས་ནི་སུམ་ཅུ་རྩ་གཉིས་ཏེ། བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པ་ཞེས་གསུངས་སོ། །དེ་ནས་དབུ་མ་ལ་བརྟེན་པའི་འཁོར་ལོ་བཞི་འགྲུབ་ཅིང༌། དེའི་རྩ་འདབ་ཡི་གེའི་རྟེན་དུ་གྱུར་པ་བརྒྱ་ཉི་ཤུ་འགྲུབ་སྟེ། སཾ་པུ་ཊ་ལས། འཁོར་ལོ་བཞི་ཡིས་རབ་དབྱེ་བས། །བརྒྱ་ཕྲག་གཅིག་དང་ཉི་ཤུ་ལྷག །ཅེས་གསུངས་སོ། །དེ་ནས་ཡན་ལག་རྣམས་ལ་བརྟེན་པའི་རྩ་ཕྲན་སྟོང་ཕྲག་བདུན་ཅུ་དོན་གཉིས་འགྲུབ་སྟེ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། ཉོན་ཅིག་ལྷ་མོ་སྐལ་ཆེན་མོ། །རྩ་ཡི་འཁོར་ལོ་འབྱུང་བ་མཆོག །སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ། །རྩ་རྣམས་ཀྱི་ནི་རིགས་བཤད་དོ། །ཞེས་གསུངས་སོ། །དེ་ནས་བ་སྤུའི་བུ་ག་དང་འབྲེལ་བའི་རྩ་བྱེ་བ་ཕྲག་ཕྱེད་དང་བཞི་འགྲུབ་སྟེ། རྡོ་རྗེ་སྙིང་པོའི་འགྲེལ་པ་ལས། བ་སྤུའི་བུ་གའི་གྲངས་སྙེད་ཀྱི། །རྩ་རྣམས་བྱེ་བ་ཕྱེད་དང་བཞི། །ཞེས་གསུངས་སོ། །རྩའི་འཁོར་ལོ་དེ་རྣམས་ཀྱི་དབང་གིས་ལུས་ཀྱི་དབྱིབས་དང་སྟོབས་འགྲུབ་པ་ཡིན་ནོ། །གཉིས་པ་ཡི་གེ་བྷ་གའི་དཀྱིལ་འཁོར་ལ་ལྔ་ལས། དང་པོ་ལྟེ་བའི་ཨ་ཆགས་ཏེ། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་གསུངས། དེ་ནས་ཕྱི་རོལ་དུ། ཨེ་བྃ་ཐབས་ཤེས་རབ་ཀྱི་རང་བཞིན་ཆགས། དེ་ནས་སྙིང་གའི་བྷྲཱུྃ་ཨཱྃ་ཛྲཱིཾ་ཁྃ་ཧཱུྃ། ཉོན་མོངས་པ་ལྔ་དང༌། བདུད་རྩི་ལྔའི་རྟེན་འགྲུབ། དེ་ནས་ར་ཧ་སྱ་ལ་སོགས་པའི་ཡི་གེ་བཅུ་དྲུག དེ་ནས་ཡུལ་ཉི་ཤུ་རྩ་བཞིའི་ཡི་གེ་ཉི་ཤུ་རྩ་བཞི། དེ་ནས་ཡི་གེ་བརྒྱ་ཉི་ཤུ་དང༌། བསམ་གྱིས་མི་ཁྱབ་པའི་བར་གྲུབ་པར་རླུང་རྒྱུས་པས་ངག་གི་ཡི་གེའི་སྒྲ་དང་ལྡན་པར་གྲུབ་པ་ཡིན་ནོ། །གསུམ་པ་ཁམས་བདུད་རྩིའི་དཀྱིལ་འཁོར་ལ་ལྔ་ལས། དང་པོར་ཕ་མ་གཉིས་ལས་ཐོབ་པའི་ཁུ་བ་དང་ཁྲག་གཉིས་སྨིན་མཚམས་དང་ལྟེ་བར་ཆགས། དེ་ནས་སྙིང་གར་བདུད་རྩི་ལྔ། དེ་ནས་ལུས་ཀྱི་ཆ་ཤས་བཅུ་དྲུག་ཏུ་ཁྲག་ལ་སོགས་པའི་ཁམས་བཅུ་དྲུག དེ་ནས་ཡུལ་ཉི་ཤུ་རྩ་བཞིར་ཁམས་ཉི་ཤུ་རྩ་བཞི། དེ་ནས་སུམ་ཅུ་རྩ་བདུན། དེ་ནས་རྒྱ་མཚོའི་ནང་དུ་སྐར་མ་ཤར་བ་ལྟ་བུ། ཐིག་ལེ་ཕྲ་མོ་བསམ་གྱིས་མི་ཁྱབ་པ་འགྲུབ་པ་ལ་རྣམ་ཤེས་བརྟེན་པས་ཡིད་ཀྱི་རྒྱུ་བ་རྣམས་འགྲུབ་པ་ཡིན་ནོ། །དོན་གཉིས་པ་དེ་ལ་དབང་བྱེད་པའི་སྙིང་པོ་ཡེ་ཤེས་རླུང་གཏན་ལ་དབབ་པ་ལ་རླུང་རང་གི་ངོ་བོ། རླུང་དེའི་རབ་ཏུ་དབྱེ་བ། བྱེད་པའི་ལས། རྒྱུ་བའི་ཚུལ། ལམ་དུ་བྱས་ན་ཇི་ལྟར་འགྱུར་བ་ལྔ་ཡོད་པ་ལས། དང་པོ་རང་གི་ངོ་བོ་ནི་འབྱུང་བ་ཆེན་པོའི་ཁོངས་སུ་གཏོགས་པ་ནང་གི་རླུང་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་ཅིག་ཡིན་ཏེ། སཾ་པུ་ཊ་ལས། དེ་ནི་མགོན་པོར་བརྗོད་པའི་རླུང༌། །ཧ་ནི་རབ་ཏུ་འགྲོ་བར་བརྗོད། །ཅེས་གསུངས་སོ། །གཉིས་པ་རབ་ཏུ་དབྱེ་བ་ལ་གསུམ་ཡོད་པ་ལས། དང་པོ་ངོ་བོའི་སྒོ་ནས་དབྱེ་བ། རྩ་བའི་རླུང་ལྔ་དང༌། ཡན་ལག་གི་རླུང་ལྔ་སྟེ་བཅུ་ཐམ་པ་ཡོད་དེ། དེ་ཡང་རིམ་ལྔ་ལས། རླུང་ཞེས་བྱ་བས་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ལྔ་ཡི་བདག་ཉིད་བཅུ་མིང་ཅན། །ཞེས་གསུངས་སོ། །གཉིས་པ་རྒྱུ་ཚུལ་གྱི་སྒོ་ནས་དབྱེ་ན། ཡེ་ཤེས་ཀྱི་རླུང་གསལ་བར་རྒྱུ་བ་མེད་པ་དང༌། ལས་ཀྱི་རླུང་རྒྱུ་བ་དང་བཅས་པ་གཉིས་ཡིན། གསུམ་པ་བྱེད་ལས་ཀྱིས་དབྱེ་ན། སྤྱིའི་བྱེད་ལས་རྣམ་ཤེས་ཀྱི་རྟེན་བྱེད་པ་དང༌། སོ་སོའི་བྱེད་ལས་རྩ་བ་དང་ཡན་ལག་གི་ལས་བཅུ་བྱེད་པ་ཡིན་ནོ། །དོན་གསུམ་པོ་བྱེད་པའི་ལས་ལ་གཉིས་ལས། སྤྱིའི་བྱེད་ལས་ནི། རྣམ་ཤེས་ཀྱི་རྟེན་བྱེད་པ་སྟེ། སཾ་པུ་ཊ་ལས། ཧ་ནི་དབྱངས་ཀྱི་དྲུག་ལྡན་པ། །རྣམ་པར་ཤེས་པར་ཡོངས་སུ་གྲགས། །ཞེས་འབྱུང་བས། དང་པོ་སྐྱེ་བའི་ཚེ་ཡང་རྣམ་ཤེས་རླུང་ལ་ཞོན་ནས་ལུས་ལེན། བར་དུ་གནས་པའི་ཚེའང་ལུས་སེམས་མི་འབྲལ་བའི་རྟེན་རླུང་གིས་བྱེད། ཐ་མ་འཇིག་པའི་ཚེའང་རྣམ་ཤེས་རླུང་ལ་ཞོན་ནས་ཕྱི་རོལ་དུ་འགྲོ་སྟེ། དེའང་རྡོ་རྗེ་ཕྲེང་བ་ལས། འདི་ནི་རླུང་ཁམས་ཆེན་པོ་སྟེ། །རྣམ་ཤེས་གསུམ་གྱི་བཞོན་པ་ཡིན། །ཞེས་གསུངས་སོ། །གཉིས་པ་སོ་སོའི་བྱེད་ལས་ལ་བཅུ་ལས་སྲོག་འཛིན་ཆུའི་རླུང་སྙིང་གར་གནས་ནས་ལུས་སེམས་མི་འབྲལ་བ་དང༌། ང་བདག་ཏུ་འཛིན་པ་ལ་སོགས་པའི་ལས་བྱེད་དེ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། དབང་པོའི་སྒོ་ཡི་ལམ་ནས་ནི། །སྲོག་དང་རྩོལ་བར་རྒྱུ་བ་དང༌། །རྟག་ཏུ་རླུང་གི་རབ་འགྲོ་བ། །འདི་ནི་སྲོག་ཅེས་བྱ་བར་བརྗོད། །ཅེས་གསུངས་སོ། །གྱེན་རྒྱུ་མེ་རླུང་མགྲིན་པར་གནས་ནས། སྨྲ་བ་དང་དགོད་པ་ལ་སོགས་པའི་ལས་བྱེད་དེ། གྱེན་དུ་འགྲོ་ཞིང་སྡུད་པ་དང༌། །བཟའ་དང་མྱང་སོགས་ཟ་བ་དང༌། །ཤེས་དང་ལྷན་ཅིག་འབྱོར་པ་ནི། །གྱེན་རྒྱུའི་ལས་སུ་ཤེས་པར་བྱ། །ཞེས་གསུངས་སོ། །ཐུར་སེལ་རླུང་གི་རླུང་བཤང་གཅིའི་ལམ་ལ་གནས་ནས། ཐུར་སེལ་ཐུར་དུ་འབྱིན་པ་དང༌། སྡོམ་པ་ལ་སོགས་པའི་ལས་བྱེད་དེ། རླུང་དང་གཅི་བ་ཕྱི་ས་དང༌། །དེ་བཞིན་དུ་ནི་ཁུ་བ་སོགས། །འོག་འདྲེན་དེ་ནི་ཐུར་སེལ་བར། །རྟག་ཏུ་རྣལ་འབྱོར་པས་ཤེས་བྱ། །ཞེས་གསུངས་སོ། །མཉམ་གནས་ས་རླུང་ལྟེ་བར་གནས་ནས་ཁ་ཟས་འཇུ་བ་དང༌། དྭངས་སྙིགས་འབྱེད་པ་ལ་སོགས་པའི་ལས་བྱེད་དེ། མྱང་དང་ཟ་དང་ལྡག་པ་དང༌། །ཀུན་དུ་འཐུང་དང་འཇིབ་པ་ནི། །གང་ཞིག་ཀུན་དུ་མཉམ་གནས་པ། །མཉམ་དུ་གནས་པ་ཞེས་བྱ་ཡིན། །ཞེས་གསུངས་སོ། །ཁྱབ་བྱེད་ནམ་མཁའི་རླུང་ལུས་ཀྱི་ཚིགས་རྣམས་ལ་གནས་ནས། འདེགས་པ་དང་འཇོག་པ་ལ་སོགས་པའི་ལས་བྱེད་དེ། ཁྱབ་དང་འཛིན་པ་ཉིད་དང་ནི། །འགྲོ་དང་དེ་བཞིན་ལྡོག་པ་དང༌། །ཚིགས་རྣམས་ཀུན་ལ་ཁྱབ་པ་ནི། །ཁྱབ་བྱེད་ཅེས་ནི་བྱ་བར་བཤད། །ཅེས་གསུངས་སོ། །ཡན་ལག་གི་རླུང་ལྔའི་ལས་ནི། རྒྱུ་བ་ས་རླུང་མིག་ལ་གནས་ནས། གཟུགས་རབ་འབྲིང་གསུམརིག་པར་བྱེད། མཉམ་རྒྱུ་ཆུ་རླུང་རྣ་བ་ལ་གནས་ནས་སྒྲ་ཡང་དག་རྒྱུ། མེ་རླུང་སྣ་ལ་གནས་ནས་དྲི། རབ་ཏུ་རྒྱུ་བ་དང་རླུང་གི་རླུང་ལྕེ་ལ་གནས་ནས་རོ་ངེས་པར་རྒྱུ། ནམ་མཁའི་རླུང་ཚིགས་རྣམས་ལ་གནས་ནས་རེག་བྱ་ཚོར་བ་ལ་སོགས་པ་བྱེད་དེ། རིམ་པ་ལྔ་ལས། རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །སེམས་དང་ཡང་དག་འདྲེས་གྱུར་ནས། །དབང་པོའི་ལམ་ལས་བྱུང་ནས་སུ། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །ཅེས་གསུངས་སོ། །དོན་བཞི་པ་རྒྱུ་བའི་ཚུལ་ལ་ལྔ་ཡོད་པ་ལས། དང་པོ་རླུང་རྒྱུ་བ་ཉིད་གང་ཡིན་པ་ནི། གཞན་རྣམས་སོ་སོའི་གནས་སུ་རང་རང་གི་ལས་བྱེད་པ་ལ་རྒྱུ་བ་ཟེར་ལ། སྲོག་འཛིན་པའི་རླུང་སྙིང་གར་གནས་ནས། སྣ་སྒོ་ནས་ལྡང་འཇུག་གནས་པའི་ཚུལ་གྱིས་རྒྱུའོ། །གཉིས་པ་ཇི་ལྟར་རྒྱུ་ན་རྣམ་ཤེས་ཀྱི་རླུང་སྟེ། གསལ་བར་མི་རྒྱུ་ཞིང༌། ཐམས་ཅད་ལ་ཁྱབ་པའི་ཚུལ་གྱིས་རྒྱུ་སྟེ། རྡོ་རྗེ་ཕྲེང་བ་ལས། འཁོར་ལོ་བཞི་ཡི་རབ་དབྱེ་བས། །ཐུན་བཞིར་བྱིན་གྱིས་བརླབ་པ་དང༌། །རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་ནི། །འདི་ནི་ཇི་ལྟར་བདེ་བར་རོལ། །ཞེས་གསུངས་སོ། །ནམ་མཁའི་རླུང་ད་ལྟ་འཁོར་གྱི་ཚུལ་གྱིས་རྒྱུ་ཞིང༌། འཆི་ཁར་དེས་གཙོ་བྱས་ནས་རྒྱུ་སྟེ། རྡོ་རྗེ་ཕྲེང་བ་ལས། ལུས་ཀུན་ལ་ནི་ཁྱབ་པའི་རླུང༌། །བྱ་བ་ཀུན་ལ་འཇུག་པ་པོ། །འདི་ནི་རྣམ་སྣང་ངོ་བོ་སྟེ། །འཆི་བའི་དུས་ལ་འབྱུང་བར་འགྱུར། །ཞེས་གསུངས། གཞན་བཞི་པོ་སྣ་སྒོ་ལས་རྒྱུ། རྣམ་པ་ཇི་ལྟར་རྒྱུ་ན། མེ་རླུང་དམར་པོ་སྣ་བུག་གི་སྟེང་དུ་སོར་བཞིར། རླུང་གི་རླུང་ལྗང་སེར་ངོས་སུ་སོར་དྲུག ས་རླུང་སེར་པོ་ཐད་ཀར་སོར་བཅུ་དྲུག ཆུ་རླུང་དཀར་པོ་འོག་ཏུ་སོར་བཅུ་གཉིས། དེ་དག་གི་གྲངས་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ལྔ་རྒྱུ་སྟེ། སཾ་པུ་ཊ་ལས། མེ་ཉིད་དང་ནི་རླུང་ཉིད་དང༌། །དབང་ཆེན་དང་ནི་དེ་བཞིན་ཆུ། །འཁོར་ལོ་སེམས་ཀྱི་ཀུན་སྤྱོད་པ། །སྟེང་དང་ངོས་དང་བྲང་འོག་འགྲོ། །ཞེས་བྱ་བ་དང༌། རྡོ་རྗེ་ཕྲེང་བ་ལས། གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་ཞིང་གསལ་བ་འདི། །པདྨ་མགོན་པོའི་རྒྱུ་བའོ། །གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་ཞེས་བྱ་བ། །ལྗང་སེར་དུ་ནི་སྣང་བ་སྟེ། །ལས་ཀྱི་མགོན་པོའི་རྒྱུ་བའོ། །གཉིས་ཀ་ནས་ནི་འབྱུང་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོའི་རྒྱུ་བའོ། །དལ་ཞིང་རྒྱུ་བ་ཞན་པའི་ཁམས། །དག་པ་ཤེལ་ལྟར་སྣང་བ་ནི། །ཆུ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །རྡོ་རྗེ་མགོན་པོའི་རྒྱུ་བའོ། །ཞེས་གསུངས་སོ། །གསུམ་པ་གང་ནས་རྒྱུ་ན། ཡེ་ཤེས་ཀྱི་རླུང་རྩ་དབུ་མའི་དཀྱིལ་ན་གཡོ་བ་མེད་པར་གནས་ལ། དེའི་དབང་གིས་རོ་རྐྱང་གཉིས་ནས་གཡོ་བ་དང་བཅས་པ་རྒྱུས་པས། འཁོར་ལོ་རྣམས་དང་ཡུལ་ཉི་ཤུ་རྩ་བཞི་ནས་བརྒྱུད་དེ། མགྲིན་པའི་སྒོ་བཞི་གསུང་གི་ལམ་དང༌། སྣ་བུག་གཉིས་ཐུགས་ཀྱི་ལམ་དང༌། བུ་ག་དགུ་སྐུའི་ལམ་ནས་རྒྱུ་སྟེ། སཾ་པུ་ཊ་ལས། སྐུ་གསུང་ཐུགས་ཀྱི་རང་བཞིན་གྱིས། །ཐ་མ་འབྲིང་དང་དམ་པ་ཉིད། །ཅེས་གསུངས། བཞི་པ་གྲངས་དུ་ཞིག་རྒྱུ་ན། རྣལ་འབྱོར་པ་ཁམས་སྙོམས་པས། ཉིན་ཞག་ཕྲུགས་གཅིག་ལ། སྣ་སྒོ་ནས་རླུང་ལྡང་འཇུག་གནས་པ་གསུམ་གཅིག་ཏུ་བསྡོམས་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་སྟེ། རྡོ་རྗེ་ཕྲེང་བ་ལས། ཐོག་མར་འབྱུང་དང་རྔུབ་པའི་གྲངས། །ཉི་ཁྲི་དང་ནི་ཆིག་སྟོང་དང༌། །དེ་བཞིན་གྲངས་ནི་བརྒྱ་ཕྲག་དྲུག །ཉིན་དང་མཚན་མོར་ངེས་པར་རྒྱུ། །ཞེས་གསུངས་སོ། །ལྔ་པ་གྲངས་དེ་ལྟར་རྒྱུ་བའི་རྒྱུ་མཚན་ནི། ཚེ་རབས་སྔ་མའི་བག་ཆགས་སེམས་ལ་གནས་པ་ནང་དུ་ལུས་ལ་སྨིན། དེའི་དབང་གིས་ཕྱི་རོལ་གྱི་ཡུལ་དུ་སྣང༌། དེས་ན་ནང་གི་ཚུལ་ཇི་ལྟར་ཕྱི་རོལ་གྱི་ཆུ་ཚོད་ལ་སོགས་པའི་དུས་རྣམས་འབྱུང་ལ། དེ་རྣལ་འབྱོར་པས་ནང་དུ་རླུང་ལ་བརྩི་བ་ཡིན། དེའང་གསང་བ་འདུས་པའི་དགོངས་པས། དགོངས་པ་ལུང་བསྟན་ལས། གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་རུ་ལེགས་པར་བསྒྲེས་པ་ཡི། །སྦྱོར་བཞི་བསྡུས་པས་བརྒྱ་ཕྲག་དགུ། །དགུ་བརྒྱ་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་བཞིའི་རིམ་གྱིས་ནི། །དེ་ནི་སོ་སོར་འབྱུང་བ་ལས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞེས་གསུངས་པས། ནང་གི་ཡུལ་ཉི་ཤུ་རྩ་བཞི་ནས། རིམ་གྱིས་རླུང་དགུ་བརྒྱ་ཕྲག་རེ་རྒྱུས་པས་ཉིན་ཞག་ཕྲུགས་གཅིག་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཡིན་ནོ། །ཀྱེའི་རྡོ་རྗེའི་དགོངས་པས། འཕོ་བ་བཅུ་དྲུག་ནས། ཐུན་ཚོད་བཞིའི་བར་གསུངས་པས། དབུགས་སུམ་བརྒྱ་སོ་ཕྱེད་དང་བརྒྱད་ལ་ཆུ་སྲང་གཅིག ཆུ་སྲང་གཉིས་ལ་ཆུ་ཚོད་གཅིག ཆུ་ཚོད་གཉིས་ལ་འཕོ་བ་གཅིག འཕོ་བ་གཉིས་ལ་ཐུན་ཚོད་ཕྱེད་པ་གཅིག ཐུན་ཚོད་ཕྱེད་དང་གཉིས་ལ་ཐུན་ཚོད་གཅིག ཐུན་ཚོད་བཞི་ལ་ཉིན་ཞག་ཕྲུགས་གཅིག་འབྱུང་བས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཡིན་ནོ། །ལྔ་པ་རླུང་སྦྱངས་ན་གྲོལ་བར་འགྱུར་བ་ནི། རླུང་ཟིན་པས་སེམས་ཟིན། སེམས་ཟིན་པས་ཞི་གནས་སྐྱེ། དེ་ལ་བརྟེན་ནས་ལྷག་མཐོང་འབྱུང༌། དེ་གཉིས་ཟུང་དུ་ཆུད་པས་སངས་རྒྱས་པ་ཡིན་ཏེ། རྡོ་རྗེ་ཕྲེང་བ་ལས། རྣལ་འབྱོར་པས་ནི་རླུང་བསྒོམས་ན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་པས་སོ། །བསྐྱེད་པའི་རིམ་པ་རྫོགས་པའི་རིམ་པ་དང་འབྲེལ་ཞིང༌། དེའི་དངོས་གཞི་རླུང་ལ་བསྣུན་པས་རྟོགས་པ་དང་ཡེ་ཤེས་ཁྱད་པར་ཅན་འཕྲལ་དུ་མངོན་དུ་བྱས་ནས་འཚང་རྒྱ་བ་ཡིན་ནོ། །མངོན་པར་རྟོགས་པ་གང་དང་འབྲེལ་ན། ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་མངོན་པར་རྟོགས་པ་དང་འབྲེལ། དེ་ལ་ལྔ། དེ་བཞིན་གཤེགས་པའི་ཐུགས་སྙིང་པོས་བསྐུལ་བའི་ཕྱིར་སྔགས་ཀྱི་བཟླས་པ། བར་ཆད་ཞི་བར་བྱེད་པའི་ཐབས་གཏོར་མ། སྐུ་གཟུགས་བྱིན་གྱིས་བརླབས་པས་འགྲུབ་པའི་ཕྱིར་རབ་གནས། དངོས་གྲུབ་མྱུར་དུ་འགྲུབ་པར་བྱེད་པའི་ཐབས་སྦྱིན་སྲེག སེམས་ཅན་དངོས་གྲུབ་དམན་པ་ལ་མོས་པ་རྗེས་སུ་གཟུང་བའི་སླད་དུ་ལས་ཀྱི་ཚོགས་རབ་འབྱམས་དང་ལྔ་ཡོད་པ་ལས། རབ་གནས་སྦྱིན་སྲེག་གཏོར་མ་རྣམས་བརྟག་པ་འོག་མས་འཆད། འདིར་བཟླས་པ་དང་ལས་ཀྱི་ཚོགས་གཉིས་སྟོན་པ་ལས། དང་པོ་སྔགས་ཀྱི་བཟླས་པ་ལ། སྔགས་ཀྱི་ངོ་བོ། རབ་ཏུ་དབྱེ་བ། སོ་སོའི་རང་བཞིན། མིང་གི་དོན་དང་བཞི་ཡོད་པ་ལས། དང་པོ་ངོ་བོ་ནི། ཡི་གེ་དང་ཡི་གེ་འདུས་པ་གང་ཞིག་བཟླས་པ་དང་བསྒོམས་པས་དངོས་གྲུབ་འབྱུང་བར་འགྱུར་བ་ཞིག་ཡིན། གཉིས་པ་རབ་ཏུ་དབྱེ་ན། དོན་དམ་པའི་སྔགས། ནང་ལྟར་བཤད་པའི་སྔགས། ཕྱི་དོན་གྱི་སྔགས་དང་གསུམ་ཡིན། གསུམ་པ་སོ་སོའི་དོན་ལ་གསུམ་ལས། དོན་དམ་པའི་སྔགས་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བ་ལ་སྤྲོས་པ་དང་བྲལ་བར་ཤེས་པ་ཉིད། སྔགས་ཉིད་དེ། སཾ་པུ་ཊ་ལས། རང་བཞིན་གྱིས་ནི་མ་སྐྱེས་པ། །སྔགས་ནི་ཡིག་འབྲུའི་དབང་ཕྱུག་གོ །ཞེས་གསུངས་པ་ཡིན། གཉིས་པ་ནང་ལྟར་བཤད་པའི་སྔགས་ནི། རང་གི་ལུས་ལ་གནས་པའི་ལྟེ་བའི་ཨྃ་ལ་སོགས་པ་ཡི་གེའི་ཚོགས་རྣམས། ནང་གི་ལུས་ལ་དེ་བསྒོམས་པས་རྣལ་འབྱོར་དུ་བྱེད་པ་ནང་གི་བཟླས་པ་ཡིན་ཏེ། སཾ་པུ་ཊ་ལས། ལས་ཅན་རྣམས་ནི་ཐམས་ཅད་ཀྱི། །སྒྲ་ནི་སྔགས་ཞེས་བརྗོད་པར་བྱ། །ཞེས་གསུངས་སོ། །གསུམ་པ་ཕྱི་དོན་གྱི་སྔགས་ལ། སྔགས་དག་པའི་དོན་དུ་བཏུ་བ། བཏུས་པའི་སྔགས་དངོས། བཟླས་པའི་ཡུལ་ཕྲེང་བ། དེ་དུས་ཀྱི་ཁ་ཟས། བཟླས་པའི་མན་ངག བཟླས་པའི་དགོས་པ་སྟེ་དྲུག་ཡོད་པ་ལས། དང་པོ་བཏུ་བ་ལ་བཞི་ལས། ལུས་དང་ཡན་ལག་གི་བཏུ་བ་ནི། བཏུ་བའི་གཞི་ཨཱ་ལི་དང༌། ཀཱ་ལི་ཡིན་ལ། ཀཱ་ལི་སྡེ་ཚན་བདུན་ལས་ལུས་འཐུ། ཨཱ་ལི་བཅུ་དྲུག་ལས་ཡན་ལག་འཐུ་སྟེ། དེ་ལའང་འཁོར་ལོ་ལ། བརྟེན་པ་དང༌། མ་བརྟེན་པ་དང༌། ལྷའི་ས་བོན་ལ་བརྟེན་ནས་བཏུ་བ་དང་གསུམ་ཡིན་ནོ། །གཉིས་པ་ཚིགས་སུ་བཅད་པས་བཏུ་བ་ནི། སྔགས་ཀྱི་རྒྱུན་ཚིག་རྐང་པ་གཉིས་བསྡེབས་ནས་རྐང་པ་མ་ཆོག་པ་བསྣན་ཞིང་དེ་ཟློས་པའི་ཚེ་བླ་མའི་མན་ངག་གིས་ཕྱུང་ནས། ཟློས་པ་ཨཥྚ་ལྟ་བུའོ། །བཟློག་ནས་བཏུ་བ་ནི། སྔགས་བཟློག་ནས་བཀོད་པ་དང༌། མ་བཟློག་པ་གཉིས་ཕན་ཚུན་བསྡེབས་པས་མཐུན་ན་དག་པར་འགྱུར་བ་ཡིན་ནོ། །སྤེལ་ནས་བཏུ་བ་སྔགས་ཚིག་རྐང་མཉམ་པ་གཉིས་སྤེལ་ཚིག་བར་རེ་རེ་ཕན་ཚུན་བཀོད་པ་སྔགས་གཉིས་འོང་བ་ཡིན། འདི་གཉིས་བདེ་མཆོག་གི་རྒྱུད་ལས་འབྱུང་བ་ཡིན་ནོ། །གཉིས་པ་བཏུས་པའི་སྔགས་དངོས་ལ་གསུམ་ལས། སྦྱོར་ཚུལ་གྱིས་དབྱེ་ན། ཐོག་མཐའ་ན། ཨོཾ་དང་སྭཱ་ཧཱ་ཡོད་པ་སྦྲུལ་ལྟ་བུ་དང༌། ཨོཾ་མེད་པ་མགོ་མེད། སྭཱ་ཧཱ་མེད་པ་མཇུག་མེད། གཉིས་ཀ་མེད་པ་མགོ་མཇུག་མེད་པ་དེ་བཞི་ཟླ་བ་གྲགས་པས་གསུངས་སོ། །རིགས་ཀྱིས་དབྱེ་ན། གསང་སྔགས་དང༌། རིག་སྔགས་དང༌། གཟུང་སྔགས་གསུམ་དུ་དབྱེ་བ་ཡོ་གའི་རྒྱུད་ལས་གསུངས། དགོས་པའམ་བྱེད་ལས་ཀྱིས་དབྱེ་ན། བཟླས་པ་དང༌། གཏོར་མ་དང༌། ལས་ཚོགས་བྱིན་གྱིས་བརླབ་པ། ས་སྦྱང་བ། ས་བོན་གྱི་སྔགས་ཏེ་དྲུག་ཏུ་དབྱེ་བ་རྩ་བའི་རྒྱུད་འདི་ཉིད་ལས་གསུངས་སོ། །གསུམ་པ་བཟླས་པའི་ཡུལ་ཕྲེང་བ་ལ་བདུན་ལས། རྒྱུ་ནི། ཤེལ་གྱིས་རེངས་པའི་བཟླས་པ་ནས། མ་ཧེ་ཡིས་ཀྱང་གསད་པ་ལ། །ཞེས་གསུངས་པ་ལྟ་བུ་ཡིན། གྲངས་ནི། སཾ་པུ་ཊ་ལས། སྔགས་ཀྱི་བཟླས་པ་ལྔ་བཅུ་སྟེ། །དབང་ལ་དེ་ཡི་ཕྱེད་ཉིད་དོ། །བརྒྱ་ཕྲག་གཅིག་ནི་ཞི་བ་ལ། །དེ་བཞིན་རྒྱས་ལ་ལྷག་པར་བརྒྱད། །མངོན་སྤྱོད་ལ་ནི་དྲུག་ཅུ་ཉིད། །ཅེས་གསུངས་པ་ལྟར་རོ། །ཕྲེང་ཐག་ཀྱང༌། སཾ་པུ་ཊ་ལས། ལྷ་དགུ་ལ་སོགས་སྲད་བུ་ལ། །ལྷ་དགུས་བྱིན་གྱིས་བརླབ་པར་བྱ། །ཞེས་གསུངས་པས་སྲད་བུ་དགུ་བསྒྲིལ་ལ་བརྒྱུ། མདོ་འཛིན་ནི་ཉིས་བརྩེགས་ཏེ། གཟུགས་སྐུ་དང་ཆོས་སྐུ་གཉིས་མཚོན་པར་བྱེད་དོ། །དེ་ཡང་སཾ་པུ་ཊ་ལས། མཆོད་རྟེན་ཆོས་ཀྱི་དབང་པོའི་ཕྱིར། །སྟེང་དུ་ཡང་ནི་ཆོས་ཀྱི་དབྱིངས། །ཞེས་གསུངས། བརྒྱུ་བའི་ཚུལ་ནི་ལག་པ་གཡོན་པས་ཕྲེང་བ་བཟུང་སྟེ། གཡས་པས་ཕྲེང་ཐག་བརྒྱུས་ལ། ཧཱུྃ་ཞེས་བརྗོད་དེ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་བསྒོམ་ཞིང་བརྒྱུ་སྟེ། སཾ་པུ་ཊ་ལས། ཧཱུྃ་གིས་སྲད་བུ་བརྒྱུ་བ་ཉིད་ཅེས་གསུངས་པ། ཕྲེང་བ་བྱིན་གྱིས་བརླབ་པ་ནི། རང་ལྷའི་ང་རྒྱལ་གྱིས་ལག་པ་གཉིས། གཡས་རྡོ་རྗེ་རྩེ་ལྔ་པ་དང༌། གཡོན་པདྨ་འདབ་མ་ལྔ་པར་བསྐྱེད་པའི་བར་དུ་ཕྲེང་བ་བཞག་ནས། ཐབས་ཤེས་རབ་ཀྱི་སྦྱོར་བས་ཕྲེང་བའི་གྲངས་དང་མཉམ་པའི་ལྷར་ཡན་ལག་བཞི་རྫོགས་ཀྱིས་བསྐྱེད་ནས། ལྷ་དེ་དག་སྙོམས་པར་ཞུགས་པ་ལས་བྱུང་བའི་ཕྲེང་བར་གྱུར་ནས། ཨོཾ་པ་དེ་པ་དེ་ལ་སོགས་པའི་སྔགས་ཀྱིས་སྦྱང་བར་བྱ་སྟེ། སཾ་པུ་ཊ་ལས། སོར་མོ་རྡོ་རྗེ་རྩེ་མོ་སྟེ། །གཡོན་པ་པདྨ་འཛིན་པ་ཉིད། །པདྨར་རྡོ་རྗེ་འཇུག་པ་ཡི། །ཡང་དག་སྦྱོར་བ་ཉི་མའི་ནང༌། །ཀུན་གྱི་དེ་ཉིད་བསྒོམ་བྱ་ཞིང༌། །ཕྲེང་བ་བྱིན་གྱིས་བརླབ་པར་བྱ། །ཞེས་གསུངས། བགྲང་བའི་ཚུལ་ནི། ཞི་བ་ལ་མཛུབ་མོ། རྒྱས་པ་ལ་གུང་མོ། དབང་ལ་སྲིན་ལག དྲག་པོ་ལ་མཐེའུ་ཆུང་དང༌། མཐེ་བོས་བགྲང་སྟེ། སོར་མོ་ལ་སོགས་བྱེ་བྲག་ལས། །ཕྱིས་ནི་སྔགས་པས་བཟླས་པར་བྱ། །ཞེས་གསུངས་སོ། །བཞི་པ་དེའི་དུས་ཀྱི་ཁ་ཟས་ནི། བདུད་རྩི་ལྔ་དང་ཤ་ལྔ་ཡིན་ཏེ། རེངས་པ་འོ་མའི་བཏུང་བ་ཉིད། །དབང་ལ་རང་གི་འདུན་པས་སྤྱད། །ཅེས་བྱ་བ་ལ་སོགས་པ་ལྟར་ཡིན། ལྔ་པ་བཟླས་པའི་མན་ངག་ལ་གཉིས་ལས། བསྒོམ་པའི་མན་ངག་ལ་གཉིས་པའི་བཟླས་པ་ནི། སྙིང་ག་ལ་སོགས་པར་སྔགས་ཀྱི་ཡིག་འབྲུ་བཀོད་ནས། དེ་ལ་དམིགས་ནས་ཟློ་བ་བཀོད་པའི་བཟླས་པ་ཡིན། སྤྲོ་བསྡུའི་བཟླས་པ་ནི། སྔགས་ཀྱི་ཡིག་འབྲུ་འཕྲོས་པས་སངས་རྒྱས་ཀྱི་ཐུགས་རྒྱུད་བསྐུལ་བ་དང༌། སེམས་ཅན་གྱི་དོན་བྱས་ཚུར་འདུས་ནས། རང་གི་སྙིང་གར་ཐིམ་པར་བསྒོམ་ཞིང་ཟློས་པ་ཡིན། འཁོར་བའི་བཟླས་པ་ལ་གཉིས་སུ་ཡོད་པ་ལས་ཡབ་ཡུམ་ཞལ་སྦྱོར་གྱི་སྟེང་འོག་གི་སྒོ་གཉིས་ནས་འཁོར་བས་རང་བཞིན་གྱི་དོན་བྱས་པར་བསམ་ཞིང་ཟློས་པ་དང༌། ལྷ་ཡབ་ཡུམ་རྐྱང་པ་ལ་འཁོར་བར་བསྒོམ་པ་མ་ནིང་གི་བཟླས་པ་བྱ་བ་ཡིན་པས་གསུམ་ཡོད་དོ། །ཟློས་པའི་ཚུལ་གྱི་མན་ངག་ལ་ངག་ཏུ་མི་བརྗོད་པར་ཡིད་ཀྱིས་ཟློས་པ། ཡིད་ཀྱི་བཟླས་པ། རླུང་བསྡམས་ནས་ཡིད་ཀྱིས་ཟློས་པ་འགོག་པའི་བཟླས་པ། རླུང་འགྲོ་འོང་དང་སྦྱར་ནས་ཟློས་པ་རྡོ་རྗེའི་བཟླས་པ། ལྕེ་རྩེ་དང་མཆུ་གཡོ་བ་ཙམ་གྱིས་ཟློས་པ་ཤུ་བུའི་བཟླས་པ། ཡི་གེ་རིང་ཐུང་ཕྱེད་ཅིང་སྐད་གསང་ཆེན་པོས་ཟློས་པ་རིག་བྱེད་འདོན་པ་ལྟ་བུའི་བཟླས་པ་སྟེ་ལྔ་ཡིན་ནོ། །དྲུག་པ་བཟླས་པའི་དགོས་པ་ནི་སངས་རྒྱས་ཀྱི་ཐུགས་བསྐུལ་བས། རང་གི་མཆོག་དང་ཐུན་མོང་གི་དངོས་གྲུབ་འགྲུབ་པ་ཡིན་ཏེ། རྡོ་རྗེ་གུར་ལས། མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ནི་སྙན་གསན་འབེབས་པར་བརྗོད། །དཔེར་ན་སྐྱེས་བུ་ལ་ལ་ཞིག །སྐད་ཀྱི་ང་རོས་བོས་པ་དང༌། །མངོན་སུམ་དུ་ནི་འོང་བར་འགྱུར། །དེ་བཞིན་དེ་བཞིན་གཤེགས་ཀུན་གཤེགས། །ཞེས་གསུངས་པ་ལྟར་རོ། །བཞི་པ་མིང་གི་དོན་ནི་རྣམ་པར་རྟོག་པ་ལས་ཡིད་སྐྱོབ་པ་ཡིན་ནོ། །དམན་པ་ལ་མོས་པའི་སེམས་ཅན་རྗེས་སུ་གཟུང་བའི་དོན་དུ། ལས་ཀྱི་ཚོགས་རབ་འབྱམ་ལ། སྒྲུབ་པའི་ཐབས་དང༌། བསྒྲུབས་པའི་འབྲས་བུ་གཉིས་ཡོད་པའི་ཐོག་མར་སྒྲུབ་པའི་ཐབས་ལ། ཞི་སོགས་དམན་པ། འབྲིང་གྲུབ་པ་ཆེན་པོ་བརྒྱད། འབྲིང་གི་རབ་མཁའ་ལ་སྤྱོད་པ་དང་གསུམ་ཡིན། ཞི་སོགས་དམན་པ་ལ། རྐྱང་དུ་བསྒྲུབ་པ་དང༌། ཚོགས་པས་བསྒྲུབ་པ་གཉིས་ཡོད། རྐྱང་དུ་བསྒྲུབ་པ་ལ། རྫས་སྦྱོར་ལ་བརྟེན་ནས་བསྒྲུབ་པ། འཁྲུལ་འཁོར་ལ་བརྟེན་ནས་བསྒྲུབ་པ། སྦྱིན་སྲེག་ལ་བརྟེན་ནས་བསྒྲུབ་པ། བཟླས་བརྗོད་ལ་བརྟེན་ནས་བསྒྲུབ་པ། བསམ་གཏན་ལ་བརྟེན་ནས་བསྒྲུབ་པ་དང་ལྔ་ཡོད། གཉིས་པ་ཚོགས་པས་བསྒྲུབ་པ་ནི། རྐྱང་དུ་བསྒྲུབ་པ་དེ་དག་གཉིས་ནས། ལྔའི་བར་ཚོགས་པ་ལ་བརྟེན་ནས་བསྒྲུབ་པའོ། །གཉིས་པ་གྲུབ་པ་ཆེན་པོ་བརྒྱད་ཀྱིས་བསྒྲུབ་པ་ལ། སྤྱིའི་བསྒྲུབ་པ་དང༌། སོ་སོའི་བསྒྲུབ་པ་གཉིས་ཡོད་དེ། །དང་པོ་ནི། རོ་ལངས་ཀྱི་བསྒྲུབ་པ་དང༌། ཤ་བཙོང་བའི་བསྒྲུབ་པ་ལྟ་བུ་སྤྱིའི་བསྒྲུབ་པ་གཅིག་ལ་བརྟེན་ནས། གང་འདོད་པའི་དངོས་གྲུབ་རེ་རེ་འགྲུབ་པ་ཡིན། གཉིས་པ་སོ་སོའི་བསྒྲུབ་པ་ནི། གང་ཆེད་དུ་གཉེར་བའི་བསྒྲུབ་པ་དེ་ལ་བརྟེན་ནས། དངོས་གྲུབ་རེ་འགྲུབ་པ་སྟེ། རིལ་བུའི་བསྒྲུབ་པ་ལ་སོགས་པ་བརྒྱད་ཡོད་དོ། །གསུམ་པ་མཁའ་སྤྱོད་ཀྱི་བསྒྲུབ་པ་ནི། རྩ་བའི་རྒྱུད་ལས། སྐྱེ་བ་བདུན་པའི་ཤ་ལ་བརྟེན་ནས་བསྒྲུབ་པར་བཤད་ལ། རྒྱུད་གཞན་ནས་སྒྲུབ་པའི་ཐབས་ལ་གཞན་ཡང་གསུངས་སོ། །གཉིས་པ་བསྒྲུབས་པའི་འབྲས་བུ་ནི། ཞི་སོགས་དམན་པའི་འབྲས་བུ་ལ། ཞི་རྒྱས་དབང་དང་མངོན་སྤྱོད་དེ་རྩ་བའི་ལས་བཞི་དང༌། དགུག་པ་དང་རེངས་པ་ལ་སོགས་པ་ཡན་ལག་དུ་མ་ཡོད་པ་ཡིན། འབྲིང་གི་འབྲས་བུ་ལ་གྲུབ་པ་བརྒྱད་དེ། རྡོ་རྗེ་གུར་ལས། མིག་སྨན་དང་ནི་རྐང་བྱུག་དང༌། །རལ་གྲི་ས་འོག་བསྒྲུབ་པ་དང༌། །རིལ་བུ་མཁའ་ལ་སྤྱོད་པ་དང༌། །མི་སྣང་བ་དང་བཅུད་ཀྱིས་ལེན། །རིག་འཛིན་འཁོར་ལོས་སྒྱུར་བ་དང༌། །བུ་མོ་དམ་པ་དགུག་པ་ཉིད། །བདག་བརྙེས་པས་ནི་སྒྲུབ་པ་པོས། །དངོས་གྲུབ་རྡོ་རྗེ་རྣམས་ཐོབ་བོ། །ཞེས་གསུངས་སོ། །འབྲིང་གི་རབ་ནི་རིག་པ་འཛིན་པ་དང་མཁའ་ལ་སྤྱོད་པ་སྟེ། ལྷའི་ལུས་ནམ་མཁའ་ལ་བརྟེན་པ་སངས་རྒྱས་ཀྱི་ཞིང་དུ་མར་འགྲོ་བ། ཚེ་ཉི་ཟླ་དང་མཉམ་པ་ཡིན། འཁོར་ལོས་སྒྱུར་བའང་དེ་དང་སྐལ་བ་མཉམ་པའོ། །མངོན་པར་རྟོགས་པ་གང་དང་འབྲེལ་ན། རྫོགས་པའི་རིམ་པའི་རྟེན་བསྐྱེད་པའི་རིམ་པ་དང་འབྲེལ། དེ་ལ་གང་ཟག་གནས་དུས་བསམ་པ་ལྷའི་རྣལ་འབྱོར་དང་ལྔ་ཡོད་པའི། དང་པོ་གང་ཟག་ནི། དབང་ཐོབ་ཅིང་དམ་ཚིག་དང་ལྡན་པའི་ལུང་ཐོབ་པའི་རྣལ་འབྱོར་པས་བསྒོམ། གནས་ལས་དང་པོ་པས་ཡིད་ཕེབས་པས་རང་གི་ཁྱིམ། སེམས་བརྟན་པ་ཐོབ་པ་བརྩོན་འགྲུས་འཕེལ་བས་དུར་ཁྲོད། བརྟན་པ་ཆེར་ཐོབ་པས་དངོས་གྲུབ་འགྲུབ་ཅིང་གཞན་དོན་འཕེལ་བས་ཡུལ་ཉི་ཤུ་རྩ་བཞིའམ་མ་ངེས་པར་བསྒོམ་མོ། །བསམ་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པས་བསྒོམ། དུས་ལས་དང་པོ་པས་སེམས་མི་འཕྲོ་ཞིང་ལྷས་བྱིན་གྱིས་རློབ་པས་མཚན་མོའོ། །སེམས་བརྟན་པ་ཐོབ་པའི་རྣལ་འབྱོར་འཕེལ་བས་ཐུན་བཞིའམ། །ལྔའམ། དྲུག་གི་ངེས་པ་ཅན། བརྟན་པ་ཆེར་ཐོབ་པས་ཏིང་ངེ་འཛིན་རྒྱུན་མི་འཆད་པ་རྒྱུན་དུ་བསྒོམ་མོ། །ལྷའི་རྣལ་འབྱོར་ལ་གཉིས་ཡོད་པའི་ངོ་བོའམ་མཚན་ཉིད་ཐབས་གང་ཞིག་ལྷའི་སྐུའི་རྣམ་པ་བསྒོམས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་འགྲུབ་པར་འགྱུར་བ་ཡིན་ནོ། །དབྱེ་ན་བསྐྱེད་པར་བྱ་བ་ལྷའི་རྣམ་གྲངས་དང༌། སྐྱེད་ཆོག་གི་མངོན་པར་རྟོགས་པ་གཉིས་ཡོད་པའི། དང་པོ་བསྐྱེད་བྱ་ལྷའི་རྣམ་པ་ལ། མཆོག་གི་དངོས་གྲུབ་སྒྲུབ་པའི་ལྷ་དང༌། ལས་རྒྱས་པའི་ལྷ་གཉིས་ཡོད། དང་པོ་ནི་ལྷའི་རྣམ་པ་གང་ལ་རྣམ་དག་ཁྱད་པར་ཅན་ཡོད་པས་ཐ་མལ་གྱི་རྣམ་པར་རྟོག་པ་སྦྱོང་ཞིང་སྒྲུབ་པའི་ཐབས་སུ་འགྱུར་བ་ལ་མཆོག་སྒྲུབ་པའི་རྣལ་འབྱོར་ཟེར་ལ། དེའང་རྩ་བའི་རྒྱུད་ལས། ཧེ་རུ་ཀ་བཞི། བདག་མེད་མ་དང་ལྔ། རྡོ་རྗེ་འཆང་དང་དྲུག་གསུངས། རྡོ་རྗེ་གུར་ལས། དཀྱིལ་འཁོར་རེ་རེ་བསྒོམ་པའམ། ཡང་ན་བསྡུས་པའི་དཀྱིལ་འཁོར་རོ། །བརྒྱད་བརྒྱད་དབུས་སུ་གནས་པའམ། །ཡང་ན་ཉི་ཤུ་རྩ་ལྔའི་བར། །ཞེས་གསུངས་པས། རིགས་ལྔ་སོ་སོར་བསྒོམ་པ་རྐྱང་པ་ལྔ། རིགས་ལྔ་ལ་ལྷ་བརྒྱད་བརྒྱད་ཀྱིས་བསྐོར་བ་བསྡུས་པའི་རྒྱས་པ་ལྔ། རིགས་ལྔ་ལ་ལྷ་བཞི་བཞིས་བསྐོར་བ་བསྡུས་པའི་བསྡུས་པ་ལྔ་སྟེ་བཅོ་ལྔའོ། །མི་བསྐྱོད་པ་ལ་ཧེ་རུ་ཀ་བཞི་ཡོད་པ་བཞིན་དུ། བླ་མའི་མན་ངག་གི་རིགས་གཞན་ལའང་ཡོད་པས་ཉི་ཤུ། དེ་ལྟར་རིགས་རྐྱང་པ་ཉི་ཤུ། བསྡུས་པའི་བསྡུས་པ་ཉི་ཤུ། བསྡུས་པའི་རྒྱས་པ་ཉི་ཤུ་སྟེ་དྲུག་ཅུའོ། །ཕྱག་གིས་ཕྱེ་ན། ཕྱག་གཉིས་པས་གཙོ་བྱས་པ་བཅོ་ལྔ། ཕྱག་བཞི་པས་གཙོ་བྱས་པ་བཅོ་ལྔ། ཕྱག་དྲུག་པས་གཙོ་བྱས་པ་བཅོ་ལྔ། ཕྱག་བཅུ་དྲུག་པས་གཙོ་བྱས་པ་བཅོ་ལྔ་སྟེ། དེ་ལྟར་ན་དྲུག་ཅུ། རྗེ་བཙུན་མ་བཅུ་གསུམ་མ་དང༌། བཅོ་ལྔ་མ་གཉིས་ཏེ། དྲུག་ཅུ་རྩ་གཉིས་བཤད། སཾ་པུ་ཊ་ལས། ཧེ་རུ་ཀ་བཞི། ལྷ་མོ་བཅོ་ལྔ། ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ། རྡོ་རྗེ་དབྱིངས་ལྷ་སོ་བདུན། དྲག་པོ་གདན་ཅན་ལྷ་བཅུ་བདུན་ཏེ། བརྒྱད་གསུངས། དེའི་རྡོ་རྗེ་དབྱིངས་ལ་གཙོ་བོ་འཕོ་བས་ལྔར་འགྱུར་བས་དཀྱིལ་འཁོར་བཅུ་གཉིས་གསུངས། གཉིས་པ་ལ་རྒྱས་པའི་ལྷ་ནི། ལྷའི་རྣམ་པ་གང་ལ་རྣམ་དག་ཁྱད་པར་ཅན་མ་གསུངས་པས། ཐ་མལ་གྱི་རྣམ་པར་རྟོག་པ་མི་སྦྱོང་ཡང༌། ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་སུ་གྱུར་པ་ལ་ལས་རྒྱས་པའི་ལྷ་ཞེས་ཟེར། དེ་རྩ་བའི་རྒྱུད་ལས། རྡོ་རྗེ་མ་ལ་སོགས་པ་བདུན། ཀུ་རུ་ཀུལླེ་དང་བརྒྱད། ཆར་འབེབས་པ་དང་དགུ་གསུངས། རྡོ་རྗེ་གུར་ལས། འབྱུང་པོ་འདུལ་བ་དང༌། སྟོབས་པོ་ཆེ་ལ་སོགས་པ་ཉི་ཤུ་རྩ་བརྒྱད་གསུངས། སཾ་པུ་ཊ་ལས། རིགས་བཞི་ཡུམ་བཞི་ལ་སོགས་པ་ཉི་ཤུ་རྩ་བརྒྱད་གསུངས་པ་ཡིན་ན། གཉིས་པ་སྐྱེད་ཆོག་གི་མངོན་པར་རྟོགས་པ་ལ་སྔོན་དུ་འགྲོ་བ། དངོས་གཞི་ལྷའི་རྣལ་འབྱོར། རྗེས་རྫོགས་པར་བྱེད་པའི་ཡན་ལག་དང་གསུམ་ཡོད་པ་ལས། སྔོན་དུ་འགྲོ་བ་ལ། བསོད་ནམས་ཀྱི་ཚོགས་བསག་པ། ཡེ་ཤེས་ཀྱི་ཚོགས་བསག་པ། སྲུང་བའི་འཁོར་ལོ་བསྒོམ་པ་དང་གསུམ་ཡོད། དངོས་གཞི་ལྷའི་རྣལ་འབྱོར་ལ། དོན་བསྡུས་པ་དང༌། ཚུལ་ཇི་ལྟར་བསྐྱེད་པ་གཉིས། དེ་ལ་ཐོག་མར་དོན་བསྡུས་པ་ལ་གསུམ་ཡོད་པ་ལས། ཏིང་ངེ་འཛིན་གསུམ་གྱིས་བསྡུས་པ། རྡོ་རྗེ་རྩེ་མོ་ལས། དང་པོ་སྦྱོར་བའི་ཏིང་འཛིན་གྱིས། །རྣལ་འབྱོར་པས་ནི་སྙོམས་འཇུག་བྱ། །དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག །དེ་ནས་ཡང་ནི་ལས་རྒྱལ་མཆོག །ཅེས་གསུངས། ཡན་ལག་དྲུག་གིས་བསྡུས་པ་ནི། རྡོ་རྗེ་གུར་ལས། སངས་རྒྱས་གནས་ནི་རྫོགས་པ་དང༌། །ཀུན་ཏུ་བཟང་པོའི་རང་བཞིན་དང༌། །རང་གི་ལྷག་པའི་ལྷར་བསྒྲུབ་དང༌། །དཀྱིལ་འཁོར་རྣམས་ཀྱི་དགོད་པ་དང༌། །མཆོད་བསྟོད་བདུད་རྩི་མྱང་ལ་སོགས། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་གསུངས་སོ། །བསྙེན་སྒྲུབ་ཡན་ལག་བཞིས་བསྡུས་པ་ནི། གསང་བ་འདུས་པ་ལས། བསྙེན་པའི་དམ་ཚིག་སྦྱོར་བ་དང༌། །ཉེ་བར་སྒྲུབ་པ་འབྱུང་བ་དང༌། །སྒྲུབ་པའི་དོན་གྱི་དམ་ཚིག་དང༌། །སྒྲུབ་པ་ཆེན་པོ་དག་དང་བཞི། །ཞེས་གསུངས་སོ། །གཉིས་པ་ཇི་ལྟར་བསྐྱེད་པའི་ཚུལ་ལ། སྦྱང་གཞི་དྲོད་གཤེར་ལས་སྐྱེ་བ་སྦྱོང་བ་མངོན་བྱང་ལྔ་ལས་བསྐྱེད་པ་དང༌། སྒོང་སྐྱེས་སྦྱོང་བ་རྡོ་རྗེ་ཆོ་ག་ཡན་ལག་གསུམ་ལས་བསྐྱེད་པ་དང༌། རྫུས་སྐྱེས་སྦྱོང་བ་དཀྲོངས་བསྐྱེད་དང༌། སྙིང་པོ་ཚིག་ཙམ་དང༌། དབུགས་ཀྱི་སྤྲོ་བསྡུ་ལས་བསྐྱེད་པ་དང༌། མངལ་སྐྱེས་སྦྱོང་བ་མངལ་ནས་འབྱིན་པ་སྟེ་དྲུག་ཡོད། མངོན་པར་རྟོགས་པ་ཤིན་ཏུ་ཟབ་པ་ལས་བསྐྱེད་ཚུལ་ཐམས་ཅད་ཚང་བའང་ཡོད་དོ། །གསུམ་པ་རྗེས་རྫོགས་པར་བྱེད་པའི་ཡན་ལག་ནི། ཉལ་བ། ལྡང་བ། ཁྲུས། མཆོད་གཏོར་བཟླས་པ། ཁ་ཟས། སྤྱོད་ལམ། རྗེས་སུ་ཆགས་པའི་རྣལ་འབྱོར་ཏེ་བརྒྱད་ཡོད་དོ། །དེ་དག་གི་ཀུན་དུ་སྤྱོད་པ་ཐམས་ཅད་ལམ་དུ་བསྒྱུར་ཞིང་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མངོན་དུ་བྱེད་པ་ཡིན་ནོ། །མངོན་པར་རྟོགས་པ་གང་དང་འབྲེལ་ན་རིམ་པ་གཉིས་ལ་གནས་པ་དེས་དྲོད་ཐོབ་ནས། རང་གི་སེམས་ཀྱི་བརྟན་གཡོ་བརྟག་པའི་ཕྱིར་སྤྱོད་པ་དང་འབྲེལ། དེ་ལ་སྤྱོད་པའི་སྔོན་དུ་འགྲོ་བའི་དྲོད་དང་དྲོད་ཐོབ་ནས་ཇི་ལྟར་སྤྱོད་པའི་ཚུལ་གཉིས་ཡོད། དང་པོ་དྲོད་ལ་དྲོད་རང་གི་ངོ་བོ། རབ་ཏུ་དབྱེ་བ། སོ་སོའི་མཚན་ཉིད། མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས། ཐོབ་པ་བརྟན་པར་བྱེད་པའི་དུས། དྲོད་དང་སྤྱོད་པ་མཚམས་སྦྱར་བ་དང་དྲུག་ཡོད། དེ་ལ་དང་པོ་དྲོད་ཀྱི་ངོ་བོ་བསྒོམས་པའི་དབང་གིས་སྔར་མ་རྟོགས་པའི་ཡེ་ཤེས་སྐྱེ་བའི་སྔ་ལྟས་སུ་གྱུར་པ། ཉམས་སུ་མྱོང་བའི་ཁྱད་པར་ཞིག་ལ་ཟེར། གཉིས་པ་དབྱེ་ན་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་དང་གསུམ་ཡོད། གསུམ་པ་སོ་སོའི་མཚན་ཉིད་ལ། དྲོད་ཆུང་ངུའི་མཚན་ཉིད། འཇིག་རྟེན་ཆོས་བརྒྱད་ཀྱི་རྟོག་པ་མགོ་ཅུང་ཟད་སྙོམས་ཤིང༌། ཉོན་མོངས་པ་གློ་བུར་བ་དྲག་པོ་དང༌། འཇིགས་པ་དང་མྱ་ངན་ལ་སོགས་པས་ཤིན་ཏུ་གཟིར་བར་མི་འགྱུར་བ་སྦྱོར་ལམ་སྐྱེ་བའི་རྟགས་ཡིན་ཏེ། བརྟག་གཉིས་ལས། འཇིགས་སྨྱོ་ནས་ཉོན་མི་མོངས་ཀྱི་བར་དང༌། སཾ་པུ་ཊ་ལས། དེ་བཞིན་འཇིག་རྟེན་ཆོས་བརྒྱད་ནི། །ཐམས་ཅད་ཤིན་ཏུ་རིང་དུ་སྤངས། །ཞེས་གསུངས་སོ། །དྲོད་འབྲིང་གི་རྟགས་ནི། ཚར་གཅད་པའི་ལྟ་སྟངས་རྣམས་ཐོགས་པ་མེད་པར་འགྲུབ་སྟེ། མཐོང་ལམ་སྐྱེ་བའི་རྟགས་སོ། །དྲོད་ཆེན་པོ་ཚར་གཅད་པ་དང་རྗེས་སུ་གཟུང་བའི་ལྟ་སྟངས་གཉིས་ཀ་ཚེགས་མེད་པར་འགྲུབ་པ་ཡིན་ཏེ། བསྒོམ་ལམ་སྐྱེ་བར་འགྱུར་བའི་རྟགས་སོ། །དེ་གཉིས་བརྟག་གཉིས་ལས། ཕན་དང་གནོད་པའི་ནས། རྣལ་འབྱོར་པ་རྣམས་ངུ་འབོད་གནས། །ཞེས་གསུངས་སོ། །བཞི་པ་དྲོད་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་ལ། དྲོད་ཆུང་ངུ་ཐོབ་པར་བྱེད་པའི་ཐབས་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བྱེད་པ་ཉིད་ཡིན་ཏེ། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱི་ནས། སྤྲོས་མེད་ཅེས་གསུངས། དྲོད་འབྲིང་པོ་ཐོབ་པར་བྱེད་པའི་ཐབས་ཀུན་འདར་གྱི་གསང་སྤྱོད་བྱེད་པ་ཡིན་ཏེ། སཾ་པུ་ཊ་ལས། དེ་ནས་བསྒོམས་པའི་ནུས་པ་ནི། །བརྫུས་ཏེ་བྱིས་པའི་རྩེ་བ་བྱ། །ཞེས་གསུངས། དྲོད་ཆེན་པོ་ཐོབ་པར་བྱེད་པའི་ཐབས། ལྷ་གནད་ལ་བོར་བ་དྲག་ཤུལ་གྱི་སྦྱོར་བ་ཡིན་ཏེ། རྡོ་རྗེ་གུར་ལས། གང་ཚེ་དངོས་གྲུབ་མི་སྟེར་ན། །རྡོ་རྗེ་སེམས་དཔའ་གསད་པར་བྱ། །ཞེས་གསུངས་སོ། །ལྔ་པ་ཐོབ་པ་བརྟན་པར་བྱེད་པའི་དུས་ནི། ཆུང་ངུ་བརྟན་པར་བྱེད་པའི་དུས་ཞག་བཅོ་ལྔ་ཡིན་ཏེ། །བརྩེ་བས་དངོས་གྲུབ་དོན་དུ་ཡང༌། །ཟླ་བ་ཕྱེད་དུ་ཡོངས་སུ་བརྟག །ཅེས་གསུངས། འབྲིང་བརྟན་པར་བྱེད་པའི་དུས་ཟླ་བ་གཅིག་ཡིན་ཏེ། ཟླ་བ་གཅིག་ཏུ་གསང་ལ་སྤྱོད། །ཅེས་གསུངས། ཆེན་པོ་བརྟན་པར་བྱེད་པའི་དུས་ཉེ་རྒྱུ་སྤྱོད་པར་བྱེད་པའི་དུས་ཡིན་པས་ངེས་པ་མེད། དྲུག་པ་དྲོད་དང་སྤྱོད་པ་མཚམས་སྦྱར་བ་ནི། བརྟག་གཉིས་ལས། ཅུང་ཟད་དྲོད་ནི་སྤྱད་པ་ཉིད་ཅེས་གསུངས་པས། དྲོད་ཆུང་ངུ་ཐོབ་པ་ཀུན་འདར་གྱི་གསང་སྤྱོད་བྱེད། ཆེན་པོ་ཐོབ་པ་ཀུན་ཏུ་བཟང་པོའི་སྤྱོད་པ་བྱེད་པ་ཡིན་ནོ། །དྲོད་ཐོབ་ནས་སྤྱོད་པ་ཇི་ལྟར་སྤྱོད་པ་ལ། སྤྱོད་པ་རང་གི་ངོ་བོ། རབ་ཏུ་དབྱེ་བ། སོ་སོའི་མཚན་ཉིད། སྤྱོད་པའི་དུས། གང་གིས་སྤྱོད་པའི་གང་ཟག དེ་ལྟར་སྤྱད་པའི་དགོས་པ་སྟེ། དྲུག་ཡོད་པ་ལས་དང་པོ་ངོ་བོ་ནི་ནང་དུ་དེ་ཁོ་ན་ཉིད་རྟོགས་པའི་དབང་གིས་ཕྱི་རོལ་དུ་ལུས་ངག་བླང་དོར་མེད་པར་སྤྱད་པས་རྟོག་པ་དང་ཉོན་མོངས་པ་བཙན་ཐབས་སུ་གཅོད་པའོ། །དེའང་ལུས་ཀྱི་ཆ་ལུགས་རེས་ཅོ་རེག་དང༌། རེས་རལ་པ་ཅན་ལ་སོགས་པ་སྣ་ཚོགས་སུ་བྱེད། ངག་ཏུ་བྱེད་པ་ལའང་རེས་མིའི་སྐད་སྣ་ཚོགས་དང༌། རེས་སཾ་སྐྲྀ་ཏ་ལ་སོགས་པར་སྨྲ་སྟེ། སཾ་པུ་ཊ་ལས། རེས་འགའ་ལེགས་སྦྱར་ཟུར་ཆག་དང༌། །བཟློག་པ་ཡིས་ནི་འདོན་པར་བྱེད། །ཅེས་གསུངས། ཁ་ཟས་ལ་ངེས་པ་མེད་དེ། བཟའ་བཅའ་དེ་བཞིན་བཏུང་བ་ཉིད། །ཇི་ལྟར་རྙེད་པ་རབ་ཏུ་བཟའ། །ཞེས་གསུངས། །གོས་ལ་སོགས་པ་ལ་ངེས་པ་མེད་དེ། བགོ་བ་སྟག་གི་པགས་པ་ཉིད། །ཅེས་པ་དང༌། སྨད་གཡོགས་ཁ་དོག་སྣ་ཚོགས་དང༌། །ཞེས་པ་དང༌། རོ་ཡི་དཀྲིས་མའི་གོས་བཟངས་དང༌། །ཞེས་གསུངས། རྒྱན་ལ་ངེས་པ་མེད་དེ། མེ་ཏོག་སྣ་ཚོགས་འབྲས་བུར་བཅས། །འོལ་མ་གཟི་སོགས་དེ་བཞིན་བརྒྱན། །ཅེས་གསུངས་པ་དང༌། རོ་བསྲེགས་ཐལ་བས་དེ་བཞིན་བརྒྱན། །ཅེས་གསུངས། སྣོད་ལ་ངེས་པ་མེད་དེ། དུར་ཁྲོད་ཕྲུ་ཆག་ཐོགས་ནས་སུ། །ཞེས་བྱ་བ་ལ་སོགས་པ་གསུངས། གྲོགས་ལ་ངེས་པ་མེད་དེ། བགྲོད་དང་བགྲོད་མིན་སྔགས་པ་ཡིས། །རྣམ་རྟོག་ཉིད་དུ་མི་བྱའོ། །ཞེས་གསུངས་པས་བླང་དོར་གང་ཡང་མེད་པར་སྤྱོད་པ་བྱེད་པའོ། །འོན་ཀྱང་རང་གི་བླ་མ་ལ་གུས་པ་བྱེད་པ་དང༌། སེམས་ཅན་ལ་བརྩེ་བ་མི་སྤོང་བ་ཡེ་ཤེས་ཀྱི་དམ་ཚིག་ཡིན་པས་དེའི་དུས་སུའང་མི་སྤོང་བ་ཡིན་ཏེ། སཾ་པུ་ཊ་ལས། བླ་མ་དང་སེམས་ཅན་ནི་ཡེ་ཤེས་ཀྱི་དམ་ཚིག་སྟེ། ནམ་དུ་ཡང་སྤང་བར་བྱ་བ་མ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་རབ་ཏུ་དབྱེ་ན་ས་མ་ཐོབ་པ་ཐོབ་པར་བྱ་བ་ཀུན་འདར་གྱི་སྤྱོད་པ་དང༌། ས་ཐོབ་ནས་ཀུན་ཏུ་བཟང་པོའི་སྤྱོད་པ་གཉིས་སོ། །གསུམ་པ་སོ་སོའི་མཚན་ཉིད་ནི། ཅིའི་ཕྱིར་ཀུན་འདར་གྱི་སྤྱོད་པ་ཞེས་བྱ་སྙམ་ན། རྣལ་འབྱོར་པ་དེའི་ནུས་པས། འཇིག་རྟེན་པ་ཀུན་འཇིགས་ཤིང་འདར་བར་བྱེད་པས་ཀུན་འདར། ཡང་ན་བླང་བ་དང་དོར་བའི་སྤྱོད་པ་གཉིས་སྤངས་པས་ན་གཉིས་སྤངས་ཏེ། ཨ་བ་དྷཱུ་ཏཱིའི་དོན་ནོ། །དེ་ཉིད་ལ་སྨྱོན་པའི་བརྟུལ་ཞུགས་དང༌། རྒྱལ་པོ་གཞོན་ནུ་དང༌། བྱིས་པའི་སྤྱོད་པ་དང༌། གསང་སྤྱོད་ཅེས་བྱ་བར་འདོགས་པ་ཡིན་ནོ། །ཅིའི་ཕྱིར་ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་བྱ་སྙམ་ན། རང་གིས་རྟོགས་པའི་ཡེ་ཤེས་ཀྱི་སྣང་ངོར་ཆོས་ཐམས་ཅད་བཟང་པོར་འཆར་བས་ཀུན་ཏུ་བཟང་པོ་ཞེས་བྱ། དེ་ཉིད་ལ་ཕྱོགས་ལས་རྣམ་པར་རྒྱལ་བ་དང༌། རྒྱལ་ཚབ་ཆེན་པོ་དང༌། ཚོགས་བདག་ཆེན་པོའི་སྤྱོད་པ་ཞེས་བྱ་བ་ཡིན། བཞི་པ་དུས་ལ་གཉིས་ལས། ནམ་སྤྱོད་པའི་དུས་ནི། དྲོད་ཆུང་ངུ་ཐོབ་ནས། ཀུན་འདར་གྱི་གསང་སྤྱོད་དང༌། འབྲིང་ཐོབ་ནས་ཀུན་འདར་གྱི་མངོན་སྤྱོད་དང༌། ཆེན་པོ་ཐོབ་ནས་ཀུན་ཏུ་བཟང་པོའི་སྤྱོད་པ་སྤྱད་ལ། དྲོད་དེ་དག་མ་ཐོབ་པར་སྤྱོད་པ་དེ་དག་སྤྱད་དུ་མི་རུང་སྟེ། ཡེ་ཤེས་གྲུབ་པ་ལས། དེ་བཞིན་དེ་ཉིད་མེད་བཞིན་དུ། །ངོ་མཚར་ཆེ་བ་ལྟར་བྱེད་པ། །ཇི་སྲིད་ནམ་མཁའ་གནས་ཀྱི་བར། །ཤི་བའི་འོག་ཏུ་དམྱལ་བར་སྐྱེ། །ཞེས་གསུངས། གཉིས་པ་ཇི་སྲིད་སྤྱོད་པའི་དུས་ནི། ཀུན་འདར་གྱི་གསང་སྤྱོད་ཟླ་བ་ཕྱེད་སྤྱོད། ཀུན་འདར་མངོན་སྤྱོད་དྲོད་ཆེན་པོ་མ་ཐོབ་ཀྱི་བར་དུ་སྤྱོད། ཀུན་ཏུ་བཟང་པོའི་སྤྱོད་པ་ཉེ་རྒྱུའི་བར་དུ་སྤྱོད་དོ། །ལྔ་པ་གང་ཟག་གང་གིས་སྤྱད་ན། དྲོད་ཐོབ་ཅིང་ཚེ་འདི་ཉིད་ལ་འཚང་རྒྱ་བར་འདོད་པའི་མཚན་ཉིད་གཉིས་ལྡན་གྱིས་སྤྱད་པ་ཡིན་ཏེ། བརྟག་གཉིས་ལས་ཅུང་ཟད་དྲོད་ནི་ནས། སྤྱོད་པ་སྤྱད་པ་ཉིད་ཀྱི་བར་དུ་གསུངས་པ་ཡིན་ནོ། །དྲུག་པ་དེ་ལྟར་སྤྱོད་པའི་དགོས་པ་ལ། ཀུན་འདར་སྤྱད་པའི་དགོས་པ། རང་གི་རྟོགས་པ་བརྟན་པར་བྱེད་པ་ཡིན་ཏེ། ཡིད་ནི་བརྟན་ནམ་གཡོའམ་ཅི། །རང་གི་སེམས་ནི་སོ་སོར་བརྟག །ཅེས་འབྱུང་བ་ཡིན། ཀུན་ཏུ་བཟང་པོའི་སྤྱོད་པས་སེམས་ཅན་གྱི་དོན་བྱེད་པ་ཡིན་ཏེ། སཾ་པུ་ཊ་ལས། སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། །བློ་ལྡན་ཆེན་པོས་རྒྱུ་བར་བྱ། །ཞེས་གསུངས་སོ། །མངོན་པར་རྟོགས་པ་གང་དང་འབྲེལ་ན་འབྲས་བུ་དང་འབྲེལ། དེ་ལ་གནས་སྐབས་ཀྱི་འབྲས་བུ་བྱང་ཆུབ་སེམས་དཔའི་ས་བཅུ་གཉིས་དང༌། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་ས་གཉིས་སུ་ཡོད་པ་ལས་འདིར་བྱང་ཆུབ་སེམས་དཔའི་ས་བཅུ་གཉིས་སྟོན། དེ་ལ་སྤྱིར་ས་ཐོབ་པའི་རྣམ་གྲངས་དང༌། སའི་མངོན་པར་རྟོགས་པ་རྒྱས་པར་བཤད་པ་གཉིས་ལས། དང་པོ་ས་ཐོབ་པའི་རྣམ་གྲངས་ནི། མོས་པས་ཐོབ་པ་ཆོས་སྤྱོད་དགེ་བ་བཅུ་ལ་མོས་པས་འཇུག་སྟེ། ཚོགས་ལམ་གྱི་གནས་སྐབས་དང༌། སྤྱོད་པས་ཐོབ་པ་ཆོས་སྤྱོད་དགེ་བ་བཅུ་ཚུལ་བཞིན་དུ་སྤྱོད་པ་སྦྱོར་ལམ་གྱི་གནས་སྐབས་ཏེ། སོ་སོ་སྐྱེ་བོའི་ས་དང༌། རྟོགས་པས་ཐོབ་པ་ཆོས་ཉིད་རྟོགས་པ་སྟེ། ས་དང་པོ་ཡན་ཆད་དང༌། གྲུབ་པས་ཐོབ་པ་ཡེ་ཤེས་ལྷུན་གྱིས་གྲུབ་པ་ས་བརྒྱད་པ་མན་ཆད་དེ་བཞི་ཡོད་དོ། །དེའང་མདོ་སྡེ་རྒྱན་ལས། ས་ཐོབ་པ་ནི་མོས་པ་དང༌། །སྤྱོད་པ་དག་ལ་འཇུག་པ་དང༌། །རྟོགས་པའི་ཕྱིར་ན་ས་རྣམས་ནི། །གྲུབ་པའི་སྒོ་ནས་རྣམ་པ་བཞི། །ཞེས་གསུངས་སོ། །བཞི་པོ་དེའང་དང་པོ་གཉིས་སོ་སོ་སྐྱེ་བོའི་ས་ཡིན་པས་མ་གྲུབ་པའི་ས་ཡིན་ལ། འོག་མ་གཉིས་འཕགས་པའི་ས་ཡིན་པས་གྲུབ་པའི་ས་ཡིན་ཞིང༌། དེའང་སྤངས་རྟོགས་ཀྱི་ཁྱད་པར་གྱིས། མ་དག་པའི་ས་བདུན་མ་གྲུབ་ཅིང༌། ས་བརྒྱད་པ་ཡན་ཆད་གྲུབ་པའི་སར་འཇོག་སྟེ། མདོ་སྡེ་རྒྱན་ལས། ས་རྣམས་ཐམས་ཅད་མ་གྲུབ་དང༌། །གྲུབ་པ་དག་ཏུ་ཤེས་པར་བྱ། །གྲུབ་པ་དག་དང་མ་གྲུབ་དང༌། །གྲུབ་པ་དག་ཏུ་ཡང་དག་འདོད། །ཅེས་གསུངས་སོ། །གཉིས་པ་སའི་མངོན་པར་རྟོགས་པ་རྒྱས་པར་བཤད་པ་ལ། ས་རྣམས་ཀྱི་རྒྱུ། རྟོགས་པའི་ཁྱད་པར། གྲུབ་པའི་རྟགས། མིང་གི་དོན་དང་བཞི་ཡོད་པ་ལས། དང་པོ་རྒྱུ་ལ་གཉིས་སུ་ཡོད་པའི་རིང་བའི་རྒྱུ་ནི། རིམ་པ་གཉིས་དང་སྤྱོད་པའི་ཐབས་ལས་བྱུང་བ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡིན། ཉེ་བའི་རྒྱུ་ནི་རྟེན་དཀྱིལ་འཁོར་བཞིས་བསྡུས་པའི་ཡུལ་སུམ་ཅུ་སོ་གཉིས་ཀྱི་རླུང་སེམས་དབུ་མར་ཐིམ་པ་ལས། ས་བཅུ་གཉིས་ཀྱི་རྟོགས་པ་སྐྱེ་བས་ནང་གི་རྟེན་དཀྱིལ་འཁོར་བཞི་པོ་ཉིད་ཡིན་ཏེ། སཾ་པུ་ཊ་ལས། བྱང་སེམས་སུམ་ཅུ་སོ་གཉིས་ཀྱིས། །གང་ཚེ་འདི་ནི་གང་གྱུར་པ། །ཞེས་གསུངས་སོ། །གཉིས་པ་རྟོགས་པའི་ཁྱད་པར་ལ། ཆོས་ཀྱི་དབྱིངས་ལ་དབྱེ་བ་མེད་པས། ཆོས་ཉིད་རྟོགས་པ་ཁྱད་པར་མེད་ཀྱང༌། ཆོས་ཅན་རྟོགས་པ་དང་ཡོན་ཏན་རིམ་པ་རིམ་པས་ཁྱད་པར་འཕགས་པ་ཡིན། གསུམ་པ་གྲུབ་པའི་རྟགས་ལ་གཉིས་ལས། ས་དང་པོ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གསུམ་འབྱུང་བ་ནི། སངས་རྒྱས་ཕལ་པོ་ཆེ་ལས་བྱུང་བའི་དོན། ཏིང་འཛིན་བརྒྱ་ཐོབ་དེ་ལ་འཇུག་པ་དང༌། །སངས་རྒྱས་བརྒྱ་མཐོང་དེ་ཡི་བྱིན་རླབས་རིག །ཞིང་བརྒྱར་འགྲོ་ཞིང་འཇིག་རྟེན་ཁམས་བརྒྱ་བསྒུལ། །དེ་བརྒྱ་སྣང་བྱེད་འགྲོ་བརྒྱ་སྨིན་པར་བྱེད། །བསྐལ་པ་བརྒྱར་གནས་སྔོན་དང་ཕྱི་མཐར་འཇུག །ཆོས་བརྒྱ་འབྱེད་ཅིང་ལུས་བརྒྱ་སྟོན་པ་དང༌། །ལུས་རེ་ལ་ཡང་བྱང་སེམས་གང་ཟག་གི །འཁོར་གྱིས་ཀུན་ནས་ཡོངས་སུ་བསྐོར་བར་སྟོན། །ཞེས་པ་ལྟར། དུས་གཅིག་ལ་ཡོན་ཏན་དེ་དག་ཐོབ་པ་ཡིན་ནོ། །གཉིས་པ་ས་ལྷག་མ་རྣམས་ལ་དེས་བསྒྲེ་བ་ནི། སྟོང་དང་འབུམ་དང་བྱེ་བ་བརྒྱ། །བྱེ་བ་ཕྲག་སྟོང་བྱེ་བ་འབུམ། །བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དང༌། །འཇིག་རྟེན་ཁམས་ཀྱི་འབུམ་ཕྲག་རྡུལ། །གྲངས་མེད་འབུམ་ཕྲག་བཅུ་རྡུལ་དང༌། །ཐུབ་པའི་ཞིང་ཁམས་འབྱམ་ཀླས་རྡུལ། །དེས་ཀྱང་དཔེར་བརྗོད་མི་ནུས་དང༌། །དེ་བས་གྱ་ནོམ་འདི་དག་ནི། །གཉིས་ནས་བཅུ་གཉིས་བར་དག་གི །ས་ལ་གོ་རིམ་བཞིན་དུ་སྤེལ། །ཞེས་བྱ་བའི་ཚུལ་གྱིས། ཡོན་ཏན་དེ་དག་གྲངས་དེ་སྙེད་དུ། བསྒྲེས་པས་སོ་སོ་ལ་ཐོབ་པ་ཡིན་ནོ། །བཞི་པ་མིང་དོན་ལ། ཐུན་མོང་མ་ཡིན་པའི་མིང་དོན་དང༌། ཐུན་མོང་བའི་མིང་དོན་གཉིས་ལས། ཐུན་མོང་མ་ཡིན་པའི་མིང་དོན་ནི། བརྟག་གཉིས་ལས། གནས་དང་ཉེ་བའི་གནས་དང་ནི་ནས་དང༌། འདི་རྣམས་ས་ནི་བཅུ་གཉིས་ཏེ། །ཞེས་བྱ་བ་དང༌། སཾ་པུ་ཊ་ལས། གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་ཅན། །ཙྪནྡོ་མངོན་དུ་གྱུར་པ་སྟེ། །ཉེ་བའི་ཙྪནྡོ་སྦྱང་དཀའ་བ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཏེ། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། །རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །བུ་ལ་སོགས་པ་ཅི་གསུངས་པ། །ཕྱི་དང་ནང་དུ་ཡང་དག་བསམ། །ཞེས་བྱ་བ་དང༌། རྒྱུད་རྒྱས་པའི་ལུང་ཀུ་མུ་ཏར་དྲངས་པ། འཐུང་གཅོད་དཔེ་མེད་ཡེ་ཤེས་ཏེ། །ཉེ་བའི་འཐུང་གཅོད་ཡེ་ཤེས་ཆེ། །ཞེས་གསུངས་པས། གནས་ལ་སོགས་པ་བཅུ་གཉིས་ཀྱིས་བསྡུས་པའི་རླུང་སེམས་དབུ་མར་ཐིམ་པས་ས་བཅུ་གཉིས་ཀྱི་རྟོགས་པ་སྐྱེ་བས། ས་དེ་དག་ལ་གནས་ལ་སོགས་པའི་མིང་གིས་འདོགས་པ་ཡིན་ནོ། །གཉིས་པ་ཐུན་མོང་གི་མིང་དོན་ལ། སྤྱིའི་མིང་དོན་དང༌། སོ་སོའི་མིང་དོན་གཉིས་ཡོད། སྤྱིའི་མིང་དོན་ལ། སར་བཏགས་པ་ནི། མདོ་སྡེ་རྒྱན་ལས། འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་བགྲོད་ལྡན་པས། །དེ་དག་ཉིད་ནི་སར་འདོད་དོ། །ཞེས་གསུངས་པའི་དོན་ནོ། །ས་ལ་བྷཱུ་མི་ཟེར་ལ། དེ་ལ་དྲས་ན་བྷཱུ་ཏ་འབྱུང་པོ། ཨ་མཱི་ཏ་དཔག་མེད། ཨ་བྷ་ཡ་འཇིགས་མེད། ཡང་ཨ་མཱི་ཏ་དཔག་མེད། བྷཱུ་ཡ་བྷཱུ་ཡ་ཕྱི་བཞིན་ཕྱི་བཞིན། བྷཱུའི་ཨཱུ་ལ་དྲངས་ནས། ཨཱུ་རྡྷཾ་ཞེས་པ་གོང་དུ། ག་མ་ན་ཞེས་པ་བགྲོད་པ་ལ་འཇུག དེ་ལྟར་ན་འབྱུང་པོ་དཔག་ཏུ་མེད་པ་འཇིགས་པ་དཔག་ཏུ་མེད་པ་ལས་སྐྱོབ་པའི་རྟེན་བྱེད་པ་དང༌། ཡོན་ཏན་དཔག་ཏུ་མེད་པ་ཕྱི་བཞིན་དུ་འཕེལ་བའི་རྟེན་བྱེད་པས། ས་དང་འདྲ་བའི་ཕྱིར་ས་ཞེས་བརྗོད་པ་ཡིན། དེ་ཉིད་ལ་གནས་ཞེས་ཀྱང་བརྗོད་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། དགེ་བ་བསྒྲུབ་པ་སྣ་ཚོགས་ལ། །དགའ་བས་རྟག་པར་ཐམས་ཅད་དུ། །གནས་ཕྱིར་བྱང་ཆུབ་སེམས་དཔའ་ཡི། །ས་རྣམས་གནས་པ་ཡིན་པར་འདོད། །ཅེས་གསུངས་པས། དགེ་བ་བསྒྲུབ་པ་དང༌། གཞན་དོན་བསྒྲུབ་པའི་གཞིར་གྱུར་པས། གནས་ཞེས་བརྗོད་པ་ཡིན་ནོ། །གཉིས་པ་སོ་སོའི་མིང་དོན་ལ། ཕ་རོལ་ཏུ་ཕྱིན་པ་དང་མཐུན་པ་གསང་སྔགས་ནས་གསུངས་པ་ནི། ཨ་བྷི་དྷ་ན་ལས། རབ་ཏུ་དགའ་དང་དྲི་མ་མེད། །འོད་བྱེད་པ་དང་འོད་འཕྲོ་ཅན། །སྦྱང་དཀའ་བ་དང་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །དཔེ་མེད་པ་དང་ཡེ་ཤེས་ཆེ། །ཞེས་གསུངས་ལ། དེ་དག་གི་མིང་དོན་ནི། མདོ་སྡེ་རྒྱན་ལས། བྱང་ཆུབ་ལ་ནི་ཉེ་བ་དང༌། །སེམས་ཅན་དོན་གྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །འཆལ་ཚུལ་རྩོམ་པའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པ། །འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་སྲེག་པས་འོད་འཕྲོ་ཅན། །སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང༌། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བྱའོ། །ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བཤད། །བགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་བརྗོད། །སོ་སོ་ཡང་དག་རིག་བློ་བཟང༌། །ས་དེ་ལེགས་པའི་བློ་གྲོས་ཡིན། །སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཁམས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་གསུངས་པ་ལྟར་རོ། །ས་བཅུ་པའི་སྤངས་རྟོགས་ཀྱིས་དཔེར་བྱར་མེད་པའི་ཕྱིར། དཔེ་མེད་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་དང་འདྲ་བའི་ཕྱིར་ཡེ་ཤེས་ཆེན་པོའོ། །ལེའུ་བརྒྱད་པའི་རིམ་པ་གཉིས་འབྲེལ་པར་བསྒོམ་པའི་སྐབས་སུ་རིམ་པ་གཉིས་ཀྱི་མངོན་རྟོགས་ལ། རིམ་པ་གཉིས་ཀྱི་དབྱེ་བའི་གཞི། དབྱེ་བའི་དོན། གྲངས་ངེས་པ། མིང་གི་དོན། བསྒོམ་པའི་གོ་རིམ། གྲོལ་བའི་རྒྱུ་མཚན་ཏེ་དྲུག་ཡོད་པ་ལས། དེ་ལ་དབྱེ་བའི་གཞི། དབང་བཞིས་སྨིན་པར་བྱས་པའི་གང་ཟག་གིས་ཉམས་སུ་བླང་བར་བྱ་བ་ཟུང་དུ་འཇུག་པའི་ལམ་ཙམ་ཡིན་ནོ། །གཉིས་པ་དབྱེ་བའི་དོན་ནི། བུམ་དབང་ཐོབ་པས་བསླབ་པར་བྱ་བ་བསྐྱེད་པའི་རིམ་པ་དང༌། མཆོག་གི་དབང་གསུམ་ཐོབ་པས་བསླབ་པར་བྱ་བ་རྫོགས་པའི་རིམ་པ་སྟེ། རིམ་པ་གཉིས་པ་ནི། དེའང་གསང་བ་འདུས་པ་ལས། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པ་ཡི་ནི་རིམ་པ་དང༌། །དེ་བཞིན་རྫོགས་པའི་རིམ་པའོ། །ཞེས་གསུངས་སོ། །གསུམ་པ་གྲངས་ངེས་པ་ལ་གསུམ་སྟེ། སྦྱང་གཞི་གཉིས་སུ་ངེས་པའི་ཕྱིར། རིམ་པ་གཉིས་སུ་གྲངས་ངེས་པ་ནི། སྦྱང་གཞི་ཐ་མལ་པའི་རྣམ་པར་རྟོག་པ་དང༌། གྱ་ནོམ་པ་ལྷར་ཞེན་པའི་རྣམ་པར་རྟོག་པ་གཉིས་ལས་མེད་པས། རིམ་པ་གཉིས་སུ་གྲངས་ངེས་ཏེ། རྡོ་རྗེ་གུར་ལས། ཕལ་པའི་གནས་སྐབས་གཞོམ་པའི་ཕྱིར། །བསྒོམ་པ་ཡང་དག་རབ་ཏུ་གྲགས། །དེ་བཞིན་རྣམ་རྟོག་གཞོམ་པའི་ཕྱིར། །བསྒོམ་པ་ཉིད་ནི་བསྒོམ་པ་མིན། །ཞེས་གསུངས། གཉིས་པ་ལམ་གྱི་ངོ་བོ་རྟེན་དང་བརྟེན་པ་ཡིན་པའི་ཕྱིར་འབྲེལ་པ་ཅན་དུ་བསྒོམ་པའི་འཐད་པ་ནི། མེ་ཏོག་མེད་ན་མེ་ཏོག་གི་དྲི་མི་འབྱུང་བ་དང༌། ལུས་མེད་ན་ལུས་ལ་བརྟེན་པའི་བདེ་བ་མི་འབྱུང་བ་ལྟར། རྟེན་བསྐྱེད་རིམ་མེད་ན་བརྟེན་པ་རྫོགས་རིམ་མི་འབྱུང་ལ། དེ་གཉིས་མེད་ན་གསང་སྔགས་ཀྱི་ཡོན་ཏན་གང་ཡང་རྒྱུད་ལ་མི་སྐྱེ་བས་མཐར་ཉམས་པར་འགྱུར་ཏེ། བརྟག་གཉིས་ལས་རྡོ་རྗེ་སྙིང་པོས་གསོལ་པ། རྫོགས་པའི་རིམ་པའི་རྣལ་འབྱོར་གྱི་ནས། དམིགས་མི་འགྱུར། ཞེས་གསུངས། གསུམ་པ་འབྲས་བུ་སྐུ་གཉིས་ཡིན་པའི་ཕྱིར། འབྲེལ་པ་ཅན་དུ་བསྒོམ་པའི་འཐད་པ་ནི། གསང་སྔགས་ཀྱི་ལམ་གྱིས་བསྒྲུབ་པར་བྱ་བ་མཐར་ཐུག་པ་སངས་རྒྱས་ཡིན་ལ། དེ་སྐུ་གཉིས་ཀྱི་བདག་ཉིད་ཅན་ཏེ། དོན་དམ་པའི་ཆ་བརྟེན་པ་རང་དོན་ཆོས་ཀྱི་སྐུ་དང༌། ཀུན་རྫོབ་ཀྱི་ཆ་བརྟེན་པ་གཞན་དོན་གཟུགས་ཀྱི་སྐུ་གཉིས་ཕན་ཚུན་མི་འདོར་བས། དེའི་སྒྲུབ་བྱེད་རིམ་པ་གཉིས་ཡིན་ཏེ། རྡོ་རྗེ་གུར་ལས། སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ནི་མངོན་པར་འགྲུབ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །དེ་དག་ཐབས་ཀྱི་གཟུགས་ཅན་ནོ། །ཞེས་བྱ་བ་དང༌། སཾ་པུ་ཊ་ལས། རང་བྱུང་ངོ་བོ་འདི་ཉིད་ནི། །ཆོས་ཀྱི་སྐུར་ནི་རབ་ཏུ་གྲགས། །ཞེས་གསུངས་སོ། །བཞི་པ་མིང་གི་དོན་ནི། དང་པོ་གསང་འདུས་ཀྱི་རྗེས་སུ་འབྲངས་ནས། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱིས། གཙོ་བོར་སྦྱང་གཞི་ལ་མིང་བཏགས་པར་བཞེད་དེ། སྦྱང་གཞི་སྐྱེ་བ་བསྐྱེད་པ་རིམ་གྱིས་གྲུབ་པས་ན་རིམ་པ། དེ་སྦྱོང་བའི་ལམ་ལ་བསྐྱེད་པའི་རིམ་པ་ཞེས་བརྗོད་དེ། སྦྱང་གཞི་འཆི་བ་ལ་རྫོགས་པ། ས་ཆུ་ལ་ཐིམ་པ་ལ་སོགས་པས་རིམ་གྱིས་འཆི་བ་ལ་རིམ་པ། དེ་སྦྱོང་བར་བྱེད་པའི་ལམ་ལ་རྫོགས་པའི་རིམ་པ་ཞེས་བརྗོད་དོ། །གང་ཞིག་སྐྱེ་བ་བསྐྱེད་པའི་རིམ་པ་སྟེ། །འཆི་བའི་མིང་ཡང་རྫོགས་པའི་རིམ་པ་ཡིན། །རིམ་པ་འདི་གཉིས་བླ་མའི་དྲིན་གྱིས་ནི། །རྙེད་པ་གང་དེ་མ་འོངས་སངས་རྒྱས་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དུས་འཁོར་གྱི་རྗེས་སུ་འབྲངས་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཙོ་བོར་འབྲས་བུ་ལ་མིང་དུ་བཏགས་པར་བཞེད་དེ། འབྲས་བུ་མཆོག་གི་དངོས་གྲུབ་ལ་རྫོགས་པ། རིམ་གྱིས་སྒྲུབ་པ་ལ་རིམ་པ། དེའི་སྒྲུབ་བྱེད་ཡན་ལག་དྲུག་པ་ལ་སོགས་པ་ལ་རྫོགས་པའི་རིམ་པ། འབྲས་བུ་ཐུན་མོང་གི་དངོས་གྲུབ་ཀྱིས་བྲོད་པ་བསྐྱེད་པ་ལ་བསྐྱེད་པ། རིམ་གྱིས་སྒྲུབ་པ་ལ་རིམ་པ། དེའི་སྒྲུབ་བྱེད་ལྷ་བསྒོམ་པ་ལ་བསྐྱེད་པའི་རིམ་པ་ཞེས་འདོགས་གསུངས་པ་ཡིན། གསུམ་པ་དགེས་པ་རྡོ་རྗེའི་རྗེས་སུ་འབྲངས་ནས། སློབ་དཔོན་བིརྺ་པ་གཙོ་བོར་ལམ་ལ་བཏགས་པར་བཞེད། ལྷ་རྟེན་དང་བརྟེན་པའི་རྣམ་པ་བློས་བསྐྱེད་པས་ན་བསྐྱེད་པ། བསྙེན་སྒྲུབ་ཡན་ལག་བཞིས་གསལ་འདེབས་པས་ན་རིམ་པ། སེམས་དང་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དང༌། ལུས་ཀྱི་རྩ་དང༌། ཡི་གེ་ལ་སོགས་པ་གྲུབ་ཟིན་པས་ན་རྫོགས་པ། རིམ་གྱིས་བསྒོམས་པས་ན་རིམ་པ་ཞེས་འདོགས་པར་དགོངས་ལ། བླ་མ་གོང་མ་རྣམས་ཀྱང་དེ་ལྟར་བཞེད་པ་ཡིན་ནོ། །ལྔ་པ་བསྒོམ་པའི་གོ་རིམ་ནི། ལས་དང་པོ་པས་བསྐྱེད་པའི་རིམ་པ་གཙོ་བོར་བསྒོམས་ནས། རྫོགས་པའི་རིམ་པ་ཤས་ཆུང་བར་བསྒོམ། སེམས་བརྟན་པ་ཐོབ་པས་རིམ་པ་གཉིས་ཆ་མཉམ་པར་བསྒོམ། བརྟན་པ་ཆེར་ཐོབ་པས་བསྐྱེད་རིམ་ལམ་གྱི་རྟེན་ཙམ་དུ་བསྒོམས་ནས། དངོས་གཞི་རྫོགས་པའི་རིམ་པ་བསྒོམ་པ་ཡིན། གང་ལྟར་ཀྱང་བསྐྱེད་རིམ་སྔོན་དུ་འགྲོ་བའི་རིམ་པ་གཉིས་ཟུང་འཇུག་ཏུ་བསྒོམ་པ་ཡིན་ཏེ་འདི་ཉིད་ལས། རིམ་གཉིས་མཉམ་པར་གནས་ནས་ནི། །ཞེས་འབྱུང་བས་ཟུང་འཇུག་ཏུ་བསྒོམ་མོ། །དྲུག་པ་གྲོལ་བའི་རྒྱུ་མཚན་ལ་གསུམ་ལས། ཐོག་མ་དག་པ་གསུམ་གྱི་རང་བཞིན་ཡིན་པའི་ཕྱིར་གྲོལ་བར་འཐད་པ་ནི། རྒྱུ་སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་དག་པ་དེ་བཞིན་ཉིད་ཀྱི་དག་པ། ལུས་ལྷའི་ཞལ་ཕྱག་གི་རྣམ་པར་གྲུབ་པ་ལྷ་སོ་སོའི་དག་པ། སེམས་རིག་པ་དང་སྟོང་པ་ཟུང་དུ་འཇུག་པ་རང་རིག་པའི་དག་པ་སྟེ་རྒྱུ་རྒྱུད་ཀྱི་དག་པ་གསུམ། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བ་ལ་དེ་ལྟར་ཤེས་པའི་ལྟ་བ་དེ་བཞིན་ཉིད་ཀྱི་དག་པ། རྟེན་དང་བརྟེན་པར་བཅས་པའི་བསྐྱེད་པའི་རིམ་པ་བསྒོམ་པ་ལྷ་སོ་སོའི་དག་པ། རྫོགས་པའི་རིམ་པ་ཟུང་འཇུག་གི་ཡེ་ཤེས་མངོན་དུ་བྱེད་པ་རང་རིག་པའི་དག་པ་སྟེ་ཐབས་རྒྱུད་ཀྱི་དག་པ་གསུམ། དག་པ་གཉིས་དང་ལྡན་པའི་ཆོས་ཀྱི་སྐུ་མངོན་དུ་བྱེད་པ་དེ་བཞིན་ཉིད་ཀྱི་དག་པ། སྤྲུལ་པའི་སྐུ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ལྷ་སོ་སོའི་དག་པ། ལོངས་སྤྱོད་རྫོགས་པའི་སྐུ། ཟུང་འཇུག་གི་བདེ་བ་ཆེན་པོ་བརྙེས་པ་རང་རིག་པའི་དག་པ། འབྲས་བུའི་རྒྱུད་ཀྱི་དག་པ་གསུམ་མོ། །ངེས་པར་དངོས་པོ་ཐམས་ཅད་ཀྱི་ནས། འདི་ལྟར་འགྲོ་བ་སངས་རྒྱས་འགྱུར་གྱི་བར་གསུངས་སོ། །དེ་ལྟར་རྒྱུ་དང་ལམ་དང༌། འབྲས་བུ་དག་པ་གསུམ་གྱི་རང་བཞིན་ཡིན་པས་ཀྱང་གྲོལ་བར་འཐད་ལ། གཉིས་པ་རིགས་དང་རིགས་ཀྱི་བདག་པོ་ཡིན་པའི་ཕྱིར། གྲོལ་བར་འཐད་པ་ནི། མ་དག་པ་འཁོར་བའི་སེམས་ཅན། དག་པ་སངས་རྒྱས་ཀྱི་རྒྱུའམ་རིགས་ཡིན་ཞིང༌། སངས་རྒྱས་ཀྱང་འབྲས་བུའམ་རིགས་བདག་ཡིན་ལ། ཁྱད་པར་དུ་སེམས་ཅན་གྱི་ལུས་ངག་ཡིད་གསུམ་ལས། སངས་རྒྱས་ཀྱི་སྐུ་གསུང་ཐུགས་དང༌། ཕུང་པོ་ལྔ་ལས་རིགས་ལྔ་དང༌། ཉོན་མོངས་པ་ལྔ་ལས་ཡེ་ཤེས་ལྔ་འབྱུང་སྟེ། རིགས་དང་འབྱུང་བ་ལྔ་རྣམས་དང་ནས། མངོན་པར་བརྗོད་པར་བྱ་ཞེས་གསུངས་པས། སེམས་ཅན་དང་སངས་རྒྱས་རིགས་དང༌། རིགས་ཀྱི་བདག་པོ་ཡིན་པའི་ཕྱིར་ཅིས་ཀྱང་གྲོལ་བར་འཐད་དོ། །གསུམ་པ་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་ཕྱིར་གྲོལ་བར་འཐད་པ་ནི། དཔེར་ན་ཁྱི་སྨྱོན་གྱི་མཆེ་བ་ལ་སོགས་པ་གཡོ་བའི་དུག་གིས་ཟིན་པའི་གཉེན་པོར། བཙན་དུག་ལ་སོགས་པ་བརྟེན་པའི་དུག་འགྲོ་བ་ལྟར། ཐ་མལ་གྱི་རྣམ་པར་རྟོག་པའི་གཉེན་པོར། ལམ་གྱི་རྣམ་པར་རྟོག་པ་བསྒོམ་པ་རིགས་འདྲ་གཉེན་པོར་ཆེ་བ་སྟེ། དུག་གི་དུམ་བུ་གང་ཉིད་ནས། འབིགས་པར་བྱེད་ཀྱི་བར་གསུངས་སོ། །ཡང་སྣོད་བཅུད་ཀྱི་སྲིད་པ་ལ་ཞེན་པའི་གཉེན་པོར་གཞལ་ཡས་ཁང་དང་ལྷའི་སྲིད་པ་བསྒོམ་པ་བཟློག་པ་གཉེན་པོར་ཆེ་བ་སྟེ། ཇི་ལྟར་རླུང་གིས་ཟིན་པ་ནས། སྣུན་པར་བྱེད་ཀྱི་བར་གསུངས། ཡང་མགོ་གཅིག་ཏུ་ཞེན་པའི་རྣམ་པར་རྟོག་པ་སྦྱང་པའི་དོན་དུ། ཞལ་བརྒྱད་བསྒོམ་པ་ལ་སོགས་པ་སྦམས་པ་གཉེན་པོར་ཆེ་བ་སྟེ། ཇི་ལྟར་རྣ་བར་ཆུ་ཞུགས་པ་ནས། སྦྱང་བར་བྱ་ཞེས་གསུངས། ཡང་ཐ་མལ་གྱི་འདོད་ཆགས་ཀྱི་གཉེན་པོར་དཀྱིལ་འཁོར་འཁོར་ལོའི་ལམ་བསྒོམ་པ་བསྣན་པ་གཉེན་པོར་ཆེ་བ་སྟེ། ཇི་ལྟར་འཚེད་པ་ནས། གདུང་བར་བྱ་ཞེས་གསུངས། གཞན་ཡང་ལྟ་བ་རྣམ་པར་དག་པ་དང་ལྡན་པས། དངོས་པོ་དང་མཚན་མས་མི་འཆིང་ཞིང་གྲོལ་བར་འགྱུར་བ་དང༌། བསྐྱེད་པའི་རིམ་པའི་ཐབས་དང་ལྡན་པས་འདོད་ཡོན་གྱི་བདེ་བ་ལ་ལོངས་སྤྱོད་པས་ལམ་དུ་འགྱུར་བ་དང༌། རྫོགས་རིམ་གྱི་ཐབས་དང་ལྡན་པས། ཉོན་མོངས་པ་དང་རྟོག་པ་ཐམས་ཅད་ལམ་དུ་འགྱུར་བས། མི་འཆིང་ཞིང་གྲོལ་བའི་རྒྱུར་འགྱུར་བ་ཡིན་ཏེ། དངོས་པོ་ཉིད་ཀྱིས་གྲོལ་བར་ནས། དེ་ལྟར་ཧེ་རུ་ཀ་བསྒོམ་བྱ། །ཞེས་གསུངས། དེས་གྲོལ་བའི་རྒྱུ་མཚན་བཤད་དེ། དེ་དག་གིས་རིམ་པ་གཉིས་ཀྱི་སྤྱིའི་མངོན་པར་རྟོགས་པ་བསྟན་ཏོ།།  །།མངོན་པར་རྟོགས་པ་ལམ་གྱི་སྔོན་དུ་འགྲོ་བ། སྨིན་པར་བྱེད་པ་དབང་དང་འབྲེལ། དེ་ལ་གཞན་དོན་སློབ་མ་རྗེས་སུ་གཟུང་བ། སྔོན་དུ་བསྙེན་པ། སའི་ཆོ་ག སྟ་གོན། དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ་པ། སྒྲུབ་ཅིང་མཆོད་པ། འཇུག་ཅིང་དབང་བསྐུར་བ། མཇུག་གི་ཆོ་ག་དང་བརྒྱད་ཡོད། དེ་ལ་ཐོག་མར་སློབ་མ་རྗེས་སུ་གཟུང་བ་ནི། སློབ་མ་དད་པ་དང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་དང་ལྡན་པ། བླ་མ་དང་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་དཔལ་ཧེ་རུ་ཀའི་གོ་འཕང་ཐོབ་པར་འདོད་པ་གཅིག་ནས་ཉི་ཤུ་རྩ་ལྔའི་བར་ཁ་ཡར་བས། བླ་མ་ལ་མཎྜལ་ཕུལ་ནས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གྱིས། །གཙོ་བོས་བདག་ལ་བཀའ་དྲིན་སྐྱོབས། །ཞེས་གསོལ་བ་འདེབས་པ་ལ་རྗེས་སུ་འཛིན་པར་ཁས་བླངས་ནས། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ལ་སོགས་པ་སྔོན་དུ་འགྲོ་བའི་ཆོས་ལ་སློབ་དུ་གཞུག་གོ །གཉིས་པ་བསྙེན་པ་ལ། རབ་མཚན་མའི་བསྙེན་པ། ལྷས་དངོས་སམ་རྨི་ལམ་དུ་གནང་བ་བྱིན་པའམ། འབྲིང་དུས་ཀྱི་བསྙེན་པ་ཟླ་བ་དྲུག་གམ། ཐ་མ་གྲངས་ཀྱི་བསྙེན་པ་གཙོ་བོ་ལ་འབུམ་ཕྲག་གཅིག་དང༌། འཁོར་རྣམས་ལ་ཁྲི་ཕྲག་གཅིག་བཟླའོ། །སའི་ཆོ་ག་ལ་ལྔ་ལས། བརྟག་པ་ནི། འཚེ་བ་མེད་ཅིང་ཡོ་བྱད་ཕུན་སུམ་ཚོགས་ལ། ཁ་དོག་དང༌། དབྱིབས་དང༌། མཚན་མ་བཟང་བའི་ས་བཙལ་ལོ། །བསླང་བ་ནི། མངོན་པ་ལས་བསླང་བ། སའི་བདག་པོ་ལ་དཀྱིལ་འཁོར་གྱི་གཞི་རེ་ཞིག་བསླང་བའམ། གཡར་བ་ཡིན། མི་མངོན་པ་ལས་བསླང་བ་ནི། སའི་ལྷ་མོ་དང་གཞི་བདག་ལ་སློང་བ་ཡིན་ཏེ། བརྟག་པ་གཉིས་པ་ལས། གོང་གི་ཨ་སོགས་སྔགས་ཉིད་ཀྱིས། །དེ་ལ་གཏོར་མ་རྣམ་པར་སྦྱིན་ཞེས་གསུངས། སྦྱང་བ་ལ་གཉིས། ལས་དང་བྱ་བས་སྐྱོན་སྦྱང་བས་སའི་ཟུག་རྔུ་བསལ་བ་དང༌། ཏིང་ངེ་འཛིན་གྱིས་བགེགས་སྦྱང་བ། རང་ཉིད་གཙུག་ཏོར་འཁོར་ལོས་སྒྱུར་བ། ཁྲོ་བོ་བཅུའི་ང་རྒྱལ་དང་ལྡན་པས། ཁྲོ་བོ་བཅུ་སྤྲོས་ནས་བགེགས་ཚར་གཅོད་པའོ། །བསྲུང་བ་ནི་སླར་བགེགས་མི་འཇུག་པའི་ཕྱིར་སྲུང་བའི་འཁོར་ལོ་བསྒོམ་པ་ཡིན། གཟུང་བ་ནི་ཤར་དུ་གཡས་བརྐྱང་ལ་སོགས་པའི་སྟང་སྟབས་དང༌། སའི་ཕྱོགས་འདིར་དཀྱིལ་འཁོར་བཞེངས་ནས་སེམས་ཅན་གྱི་དོན་བྱའོ་སྙམ་དུ་བློས་ཡོངས་སུ་འཛིན་པའོ། །བཞི་པ་སྟ་གོན་ལ། སའི་ལྷ་མོ་སྟ་གོན། ལྷ་སྟ་གོན། བུམ་པ་སྟ་གོན། སློབ་མ་སྟ་གོན་དུ་གནས་པ་དང་བཞི་ཡིན། ལྔ་པ་བྲི་ཞིང་རྒྱན་དགྲམ་པ་ལ། ཐིག་གིས་བྲི་བ། ཚོན་གྱིས་བྲི་བ། མཚན་མ་དགོད་པ། རྒྱན་དགྲམ་པ་སྟེ་བཞི་ཡིན། དྲུག་པ་སྒྲུབ་ཅིང་མཆོད་པ་ལ། མདུན་གྱི་དཀྱིལ་འཁོར་བདུན་བསྲེས་ཀྱི་སྒོ་ནས་བསྒྲུབས་ནས། ཡན་ལག་བཞི་རྫོགས་སུ་བྱས་ཏེ་བྱིན་གྱིས་རློབ་པ་དང༌། ཕྱི་ནང་ཡིད་ལས་བྱུང་བས་མཆོད་པ་དང་བསྟོད་པ་གཉིས་ཡིན། བདུན་པ་འཇུག་ཅིང་དབང་བསྐུར་བ་ལ། སློབ་དཔོན་རང་ཉིད་འཇུག་ཅིང་དབང་བླང་བ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བ་གཉིས་ཡིན་ནོ། །སློབ་མ་གཞུག་པ་ལ། ཡོལ་བའི་ཕྱིར་གཞུག་པ་དང༌། ནང་དུ་འཇུག་པ་གཉིས། དབང་བསྐུར་བ་ལ། རྡོ་རྗེ་གུར་ལས། བུམ་པའི་དབང་གིས་དང་པོ་སྟེ། གཉིས་པ་གསང་བའི་དབང་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་པས། དབང་རྣམ་པ་བཞི་བསྐུར་བ་ཡིན་ནོ། །བརྒྱད་པ་མཇུག་གི་ཆོ་ག་ལ། བླ་མ་ལ་གཏང་རག་དབུལ་བ། དཀྱིལ་འཁོར་ལ་མཆོད་ཅིང་བསྟོད་ནས་དངོས་གྲུབ་བླང་བ། དགེ་བའི་རྩ་བ་བསྔོ་བ། བཟོད་པར་གསོལ་ནས་གཤེགས་སུ་གསོལ་བ། རྡུལ་ཚོན་བསྡུས་ནས་ཆུ་བོར་དོར་བ། དགའ་སྟོན་ལ་ལོངས་སྤྱོད་པ། སློབ་མ་ལ་དམ་ཚིག་དང་བསླབ་བྱ་བསྟན་པ་སྟེ་བདུན་ཡོད་དོ།།  །།མངོན་པར་རྟོགས་པ་གཙོ་བོར་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་དང་འབྲེལ་པ་ལས། འདིར་རབ་ཏུ་གནས་པ་དང་སྦྱིན་སྲེག་སྟོན། དེ་ལ་རབ་གནས་ལ། རབ་ཏུ་གནས་པ་དངོས། དེའི་མིང་གི་རབ་དབྱེ། རབ་ཏུ་གནས་པའི་ཕན་ཡོན་དང་གསུམ་ལས། དང་པོ་རབ་གནས་དངོས་ལ། གང་ལ་རབ་ཏུ་གནས་པར་བྱ་བའི་རྟེན་ཡོངས་སུ་དག་པ་བཟང་པོ། གང་དུ་རབ་ཏུ་གནས་པར་བྱེད་པའི་གནས་ཡོངས་སུ་དག་པ་བཟང་པོ། གང་དག་གིས་རབ་ཏུ་གནས་པར་བྱེད་པའི་ཡོ་བྱད་ཡོངས་སུ་དག་པ་བཟང་པོ། ཇི་ལྟར་རབ་ཏུ་གནས་པར་བྱེད་པའི་ཆོ་ག་སྟེ། ཡོངས་སུ་དག་པ་བཟང་པོ་དྲུག་ལས་དེ་ལ་དང་པོ་རྟེན་ནི། རྟེན་མཚན་ཉིད་དང་ལྡན་ཞིང༌། བཟོའི་བྱ་བ་རྫོགས་པ་སྟེ། རབ་གནས་ཀྱི་རྒྱུད་ལས། ཚད་ཀྱིས་ཚད་ལ་ཕབ་ཅིང་ཤིས། །དེ་འདྲར་རབ་ཏུ་གནས་བྱར་བསྔགས། །ཞེས་གསུངས། གཉིས་པ་སློབ་དཔོན་ནི། དབང་ཡོངས་སུ་རྫོགས་པ་ཐོབ་ཅིང་དམ་ཚིག་དང་ལྡན་པ། ལྷའི་རྣལ་འབྱོར་ལ་བརྟེན་པ། བསྙེན་པར་རྫོགས་པ་གསང་སྔགས་རྒྱ་མཚོའི་ཕ་རོལ་དུ་སོན་པ། རབ་ཏུ་གནས་པའི་ཆོ་ག་མཐོང་བ་ཅིག་དགོས་ཏེ། བརྟག་གཉིས་ལས། རང་འདོད་ལྷ་མཉམ་ཕ་རོལ་སོན། །ཞེས་གསུངས། གསུམ་པ་དུས་ནི། གཟའ་དང༌། སྐར་མ་དང༌། སྦྱོར་བ་བཟང་པོ་འཛོམ་པའི་ཡར་གྱི་ངོ་ལ་བྱའོ། །བཟང་ན་མར་གྱི་ངོ་ལའང་ཉེས་པ་མེད་དེ། རབ་ཏུ་གནས་པའི་རྒྱུད་ལས། དབང་བསྐུར་དང་ནི་རབ་གནས་དག །ཡར་གྱི་ངོ་ལ་བརྟག་པར་བྱ། །གཟའ་དང་སྐར་མ་འཛོམ་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །ཅེས་གསུངས། བཞི་པ་གནས་ནི། འཚེ་བ་མེད་ཅིང་ཡོ་བྱད་ཕུན་སུམ་ཚོགས་ལ་ཡིད་སྤྲོ་ཞིང་བཀྲ་ཤིས་པའི་མཚན་མ་དང་ལྡན་པའི་གནས་སུ་བྱ། ལྔ་པ་ཡོ་བྱད་ནི། དཀྱིལ་འཁོར་དང༌། སྦྱིན་སྲེག་དང༌། རབ་གནས་དང་འབྲེལ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་འཛོམ་པས་བྱའོ། །དྲུག་པ་ཆོ་ག་ལ་གསུམ་ལས། དང་པོ་སྦྱོར་བ་ལ། རྟེན་སྦྱང་བ། སྐུ་ཁྲུས་གསོལ་བ། ཡན་ལག་བཞི་རྫོགས་སུ་བསྐྱེད་པ། མཆོད་ཅིང་བསྟོད་པ། ནང་པར་རབ་གནས་བྱེད་པར་སྙན་གསན་དབབ་པ། ཡེ་ཤེས་པ་མཆོད་ནས་གཤེགས་སུ་གསོལ་བ། རྟེན་ཞལ་དགབ་ཅིང་བསྲུང་བ་དང་བདུན་ཡོད། གཉིས་པ་དངོས་གཞི་ལའང་སྦྱང་བ། ཁྲུས་བཞི་རྫོགས་སུ་བསྐྱེད་པ། མཆོད་བསྟོད་དང་བཞི་སྟ་གོན་དང་འདྲ། སྤྱན་དབྱེ་བ། བརྟེན་པར་བཞུགས་སུ་གསོལ་བ། མངའ་དབུལ་རྒྱས་པར་བྱ་བ་རྣམས་དངོས་གཞིའི་ཆོ་གའོ། །རྗེས་ཀྱི་བྱ་བ་ལ། རྟེན་བཞུགས་སར་སྤྱན་དྲང་བ། རྟེན་ལ་སྲུང་མ་བསྒོ་བ། རྟེན་ཡོན་བདག་ལ་གཏད་པ། ཆོ་ག་ལྷག་ཆད་ཁ་བསྐང་བ། བླ་མ་ལ་ཡོན་དབུལ་ལ། སྨོན་ལམ་གདབ་པ། དགའ་སྟོན་བྱ་བ་སྟེ་བདུན་ནོ། །གཉིས་པ་མིང་གི་དོན་ནི། སྐུ་གཟུགས་ལ་ཡེ་ཤེས་པ་གནས་པར་བྱ་བའི་ཕྱིར། རབ་ཏུ་གནས་པ། རྟེན་དེ་སེམས་ཅན་གྱི་དོན་ལ་འཇུག་པའི་ནུས་པ་དང་ལྡན་པར་བྱ་བའི་ཕྱིར་སྤྱན་དབྱེ་བ། མཆོད་པ་ཐོབ་ཅིང་བྱིན་གྱིས་རློབ་པ་མཐུ་དང་ལྡན་པར་བྱ་བའི་ཕྱིར་མངའ་དབུལ་བ་ཞེས་བྱ་བར་འགྱུར་བའོ། །གསུམ་པ་ཕན་ཡོན་ནི། རབ་ཏུ་གནས་པའི་རྟེན་གཅིག་ལ་མཆོད་པ་བྱས་པས། སངས་རྒྱས་ཐམས་ཅད་ལ་མཆོད་པར་འགྱུར་བས་དགེ་བ་འཕེལ་བ་དང༌། དངོས་གྲུབ་སྩོལ་བར་འགྱུར་བ་སྟེ། རབ་གནས་ཀྱི་རྒྱུད་ལས། སྐྱེ་བོ་རབ་ཏུ་དང་བ་ཡིས། །བྱེད་པ་དགེ་བ་འཕེལ་བའི་ཕྱིར། །རབ་གནས་བསྟན་བཅོས་ལས་བཤད་པ། །ཐ་སྙད་ཙམ་དུ་བྱས་པ་ཡིན། །ཞེས་གསུངས་སོ།།  །།དངོས་གྲུབ་མྱུར་དུ་འགྲུབ་པར་བྱེད་པའི་ཐབས་སྦྱིན་སྲེག་ལ། སྦྱིན་སྲེག་ཇི་ལྟར་བྱ་བ་དང༌། དེའི་མིང་དོན། དེའི་ཕན་ཡོན་དང་གསུམ་དུ་ཡོད་པ་ལས། དང་པོ་སྦྱིན་སྲེག་དངོས་ལ། སྦྱོར་བ། དངོས་གཞི། རྗེས་གསུམ་ཡོད་པའི། སྦྱོར་བ་ལ། ཐབ་བུད་ཤིང་དང་བཅས་པ། མེ་ཡམ་ཤིང་དང་བཅས་པ། མཆོད་རྫས་བསྲེག་རྫས་དང་བཅས་པ། བཤམ་ཚུལ་དུས་དང་བཅས་པ། སྒྲུབ་པ་པོའི་ཁྱད་པར་དང་ལྔ་ཡོད་པ་ལས། དང་པོ་ཐབ་ལ་དྲུག་ཡོད་པའི། དབྱིབས་ནི་ཞི་བ་ལ་ཟླུམ་པོ། རྒྱས་པ་ལ་གྲུ་བཞི། དབང་ལ་ཟླ་གམ། དྲག་པོ་ལ་གྲུ་གསུམ། གཉིས་པ་ཁ་དོག་ནི། ཞི་བ་ལ་ཁ་དོག་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོར་བྱ། གསུམ་པ་ཚད་ནི། ཞི་བ་ལ་རྒྱར་ཁྲུ་གང༌། དཔངས་སུ་ཁྲུ་བྱེད། རྒྱས་པ་ལ་རྒྱར་ཁྲུ་དོ། དཔངས་སུ་ཁྲུ་གང༌། དྲག་པོ་ལ་རྒྱར་སོར་ཉི་ཤུ། དཔངས་སུ་དེའི་ཕྱེད། དབང་ལ་ཞི་བའི་ཚད་དང་མཚུངས་པ་ཡིན་ནོ། །བཞི་པ་མུ་རན་ནི་ཞི་བ་ལ་སོར་བཞི། རྒྱས་པ་ལ་སོར་བརྒྱད། དབང་ལ་སོར་བཞི། དྲག་པོ་ལ་སོར་གསུམ་རྣམས། རྒྱར་བཀྱེད་པ་ནི་ཁ་ཁྱེར། དེའི་ཚད་ཀྱིས་དཔངས་སུ་བརྩིག་པ་ནི་མུ་རན་ནོ། །ལྔ་པ་མཚན་མ་ནི། མུ་རན་ལ། ཞི་བ་ལ་རྡོ་རྗེ་ཁ་ཟུམ་པ། རྒྱས་པ་ལ་རིན་པོ་ཆེ། དབང་ལ་པདྨ། དྲག་པོ་ལ་རྡོ་རྗེ་གདེངས་པ་བཀོད་ནས། དབུས་སུ་མཚན་མ་དགོད་པ་ཡིན། དྲུག་པ་བུད་ཤིང་ནི། ཞི་བ་ལ་འོ་མ་ཅན་གྱི་རྩེ་མོ། རྒྱས་པ་ལ་འབྲས་བུ་ཅན་གྱི་རྐེད་པ། དབང་ལ་མེ་ཏོག་དམར་པོ་ཅན་གྱི་རྩེ་མོ། དྲག་པོ་ལ་ཚེར་མ་ཅན་གྱི་རྩ་བའི་ཆ་སྟེ། རིང་ཐུང་ཐབ་དང་འཚམ་པར་བགྱེད། དོན་གཉིས་པ་མེ་དང་ཡམ་ཤིང་ནི། ཞི་བ་ལ་བྲམ་ཟེ་རྒྱུན་ཞག་གམ། ཤིང་བསྲུབས་པའི་མེ། ཡམ་ཤིང་སོར་མོའི་སྦོམ་ཕྲ་ཙམ་སོར་བཅུ་གཉིས་པ། རྒྱས་པ་ལ་རྒྱལ་རིགས་ཀྱི་ཁྱིམ་གྱི་མེའམ། རིན་པོ་ཆེ་གཙུབས་པའི་ཡམ་ཤིང་མཐེ་བོའི་སྦོམ་ཕྲ་ཙམ་ཁྲུ་གང་པ། དབང་ལ་སྨད་འཚོང་མའི་ཁྱིམ་གྱི་མེའམ་ཤིང་དམར་པོ་བསྲུབས་པའི་མེ་ཡམ་ཤིང་ཞི་བ་དང་འདྲ། དྲག་པོ་ལ་གདོལ་བའི་ཁྱིམ་གྱི་མེའམ། རོ་བསྲེགས་པའམ། རྡོ་བསྲུབས་པའི་མེ། ཡམ་ཤིང་མཐེའུ་ཆུང་གི་སྦོམ་ཕྲ་ཙམ་པ་ཁུ་ཚུར་གཉིས་བཅངས་པའི་རིང་ཐུང་ཙམ་དུ་བྱེད། གསུམ་པ་མཆོད་རྫས་བསྲེག་རྫས་ནི། ཆུ་བཞི་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། གཏོར་མ་དང༌། ཡམ་ཤིང་དང་མར་ལ་སོགས་པ་ནི་         རྗེས་མ། >>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*