ཆོས་རྗེ་པ་ལ་བསྟོད་པ་རི་བོ་རྩེ་ལྔར་བྲིས་པ།

༼པ༽

༄༅། །ཆོས་རྗེ་པ་ལ་བསྟོད་པ་རི་བོ་རྩེ་ལྔར་བྲིས་པ་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་གུས་པའི་ཕྱག་འཚལ་ལོ། །ཚོགས་གཉིས་ཚོགས་ནི་རྫོགས་གྱུར་ཅིང༌། །དོན་གྲུབ་བསམ་པ་གྲུབ་པ་བོ། །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་སྟོན་གྱུར་པ་ཁྱོད། །ཤིན་ཏུ་བདག་ལ་ཆགས་པ་རྣམས། །སྲིད་ལས་སྐྱོ་བ་བསྐྱེད་བྱའི་ཕྱིར། །ཆོས་ཀྱི་ཕུང་པོ་ཆེ་བའི་སྐུ། །དབང་པོའི་ཡུལ་ལ་རྣམ་པར་འདས། །དེ་ལྟ་མོད་ཀྱི་བཅོམ་ལྡན་ཁྱོད། །གར་ཡང་གཤེགས་པ་མ་མཆིས་ཤིང༌། །གཞན་དུ་གྱུར་པའང་མ་ལགས་ལ། །ཆད་པ་ཉིད་ཀྱང་མ་ལགས་ཞེས། །བདག་ཉིད་ཀྱིས་ནི་ངེས་པར་འཚལ། །དེ་སླད་ཕྱག་བགྱིར་འོས་པ་ཁྱོད། །མངོན་སུམ་བཞིན་དུ་རྣམ་བསམ་སྟེ། །ཤིན་ཏུ་གུས་པས་ཕྱག་འཚལ་ཞིང༌། །ཉེ་བར་སྐྱབས་སུ་མཆི་བར་བགྱི། །འདི་ལ་ཐུགས་རྗེ་ཆེར་ལྡན་པ། །ཁྱོད་ཀྱི་ཐུགས་རྗེ་ཅིས་མི་འཇུག །འདི་ཙམ་གྱིས་ཀྱང་ངན་འགྲོའི་རྒྱུན། །ངེས་པར་གཅོད་པའང་བདག་གིས་འཚལ། །དེ་ལྟ་མོད་ཀྱི་མགོན་པོའི་ཐུགས། །ཀུན་ལ་ཐུགས་རྗེའི་དབང་གྱུར་པས། །ཁྱོད་ཀྱི་ཐུགས་དགོངས་རྫོགས་བགྱིའི་སླད། །ནམ་མཁའི་རྒྱ་ཁྱོན་གྱིས་ཁྱབ་པའི། །སེམས་ཅན་རྣམས་ཀྱིས་བསགས་པའི་སྡིག །མ་ལུས་བདག་ལ་སྨིན་ནས་ཀྱང༌། །བདག་གི་དགེ་བ་དེར་སྨིན་ནས། །དེ་དག་ཁྱོད་ཀྱི་གནས་ཐོབ་ཤོག །དེ་ལྟ་བསམ་ལས་དགེ་བ་གང༌། །གྲུབ་པ་དེ་ཡིས་སྨོན་ལམ་འདི། །རྣམ་པ་ཀུན་དུ་མི་བསླུ་བར། །ད་ལྟ་ཉིད་དུ་འགྲུབ་པར་ཤོག །འགྲོ་བ་མཆོད་བྱར་གང་གྱུར་པ། །དེ་དག་ཀུན་ལ་ཀུན་བཟང་གི །རྣམ་འཕྲུལ་ལྟ་བུའི་མཆོད་སྤྲིན་གྱི། །རྒྱ་མཚོས་རྟག་ཏུ་མཆོད་པར་ཤོག །འགྲོ་བ་བསྟོད་བྱར་གང་གྱུར་པ། །དེ་དག་ཀུན་ལ་བསྟོད་པའི་དབྱངས། །རྒྱ་མཚོའི་སྤྲིན་གྱི་སྒྲ་དབྱངས་ཀྱིས། །རྣམ་པ་ཀུན་ཏུ་བསྟོད་པར་ཤོག །དེ་སྐད་སྨྲ་དེའང་སྨྲ་བའི་རྗེ། །སྨྲ་བའི་སེང་གེ་མཚུངས་མེད་པ། །སྨྲ་མཆོག་ཆོས་རྗེའི་གསུང་ཟེར་གྱིས། །ཡིད་གསལ་བྱས་པའི་འཕགས་པ་ཡིན། །མེ་མོ་སྦྲུལ་གྱི་ལོ་དབྱར་ཟླ་ཐ་ཆུངས་ཀྱི་ཡར་གྱི་ངོ་ལ་འཕགས་པ་འཇམ་དཔལ་གྱིས་ངེས་པར་བསྟན་པའི་གནས་རྒྱའི་རི་བོ་རྩེ་ལྔར་བྲིས་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*