ཆོས་རྗེ་པའི་བསྟོད་པ་གོང་མ།

༼པ༽

༄༅། །ཆོས་རྗེ་པའི་བསྟོད་པ་གོང་མ་བཞུགས།།

༄༅། །ཤྲཱི་མཱ་ན་པ་ར་མ་གུ་རུ་ཙ་ར་ཎཾ་ཀ་མ་ལ་སྱ་བན་ད་ནཾ་ཀ་རོ་མི། བློ་ཆེན་ལྡན་པ་གཞན་ལ་ཕན་དགོངས་ཤིང༌། །སྲིད་པའི་གདུང་བ་སེལ་བའི་མཐུ་སྟོབས་ཅན། །ཆོས་ཀྱི་རྒྱལ་པོ་འགྲོ་བའི་མིག་གཅིག་པུ། །དཔལ་ལྡན་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་གསུང་གི་ཟེར་གྱིས་བདག་གི་བློ། །ཀུན་ཏུ་གསལ་བར་བགྱིས་མོད་དེ་ལྟ་ནའང༌། །སྲིད་པའི་དྲྭ་བ་དྲལ་བར་རབ་དཀའ་ཞིང༌། །ལོག་པར་གོམས་པའི་དབང་དུ་གྱུར་པས་ན། །ད་དུང་དུ་ཡང་འདི་ལྟར་སྲིད་ན་གདུང༌། །འདི་ལ་མགོན་པོ་ཁྱོད་ཀྱི་ཐུགས་རྗེ་ཡི། །ལྕགས་ཀྱུས་བཟུང་ནས་ཐར་པ་ཆེན་པོའི་གྲོང༌། །མཆོག་ཏུ་བདེ་བའི་གནས་སུ་གཞག་ཏུ་གསོལ། །ཁྱོད་ལས་གཞན་པའི་སྐྱབས་གཞན་མ་མཆིས་ཤིང༌། །དཀོན་མཆོག་གསུམ་ཡང་ཁྱོད་ལས་གཞན་མིན་ལ། །སྐྱབས་གཞན་གྱི་ན་ལགས་པར་བདག་གིས་ཁུམས། །དེ་ལྟར་དགོངས་ན་ཇི་ལྟར་ཡལ་བར་འདོར། །ཇི་ལྟ་ཇི་ལྟར་སྲིད་པའི་སྡུག་བསྔལ་གྱིས། །གདུངས་པར་གྱུར་པ་དེ་ལྟ་དེ་ལྟ་བུར། །ཉོན་མོངས་ཕྱིར་ཞིང་འཕེལ་བ་དེ་བས་ན། །ཤིན་ཏུ་མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །དེ་ལྟར་གསོལ་ཡང་གལ་ཏེ་མ་དགོངས་ན། །དེ་ཡིས་ཐམས་ཅད་གཟིགས་པ་ཅི་ཞིག་ཀྱེ། །ཅི་སྟེ་དགོངས་ཀྱང་རྗེས་སུ་མི་འཛིན་ན། །གང་གི་ཐུགས་རྗེ་ཆེན་པོ་ཇི་ལྟར་ལགས། །འོན་ཏེ་འཛིན་ཡང་དེ་ལྟར་མི་སྤྱོད་ན། དབང་འབྱོར་དམ་པའང་གྱི་ནར་འགྱུར་ལགས་གྲང༌། །གལ་ཏེ་བདག་ལ་བཟུང་བའི་སྐལ་མེད་ན། །སྐལ་མཆོག་རྣམས་ལ་བཟུང་ཡང་ཅི་ཞིག་འཚལ། །དེ་སྐད་གསོལ་ཡང་གལ་ཏེ་ནོངས་མཆིས་ན། །དེ་ཡང་ཉིད་ལ་བཟོད་པར་གསོལ་ཞིང་མཆིས། །དེ་སླད་ཀུན་ནས་ནོངས་པར་མི་འགྱུར་བར། །ཐུགས་དམ་བརྟན་པ་ཉིད་ཀྱིས་མཛད་འཚལ་ལོ། །དེ་ལྟར་གསོལ་བས་ཐུགས་རྗེ་ལྡན་པའི་ཐུགས། །གཡེལ་བ་མེད་པར་བདག་ལ་ཉེར་དགོངས་ནས། །དེ་ཡིས་འཚལ་བའི་དོན་རྣམས་གང་ལགས་པ། །ད་ལྟ་ཉིད་དུ་སྩལ་བར་མཛད་དུ་གསོལ། །གང་ཞིག་མཐོང་བས་དད་པའི་ཡིད་འཕེལ་ཞིང༌། །དེ་ཉིད་བསྟེན་པས་བློ་གྲོས་མཆོག་འགྱུར་ལ། །གསོལ་བ་བཏབ་ན་དགོས་འདོད་ཀུན་འབྱུང་བ། །བླ་མ་དེ་ལ་སླར་ཡང་ཕྱག་འཚལ་ལོ། །ཞེས་འཕགས་པས་མེ་འབྲུག་རྒྱལ་གྱི་ཟླ་བ་ལ་གསོལ་བ་བཏབ་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*