བཤེས་པའི་སྤྲིང་ཡིག་གི་བསྡུས་དོན།

༼ན༽

༄༅། །བཤེས་པའི་སྤྲིང་ཡིག་གི་བསྡུས་དོན་བཞུགས་སོ།།

ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བཤེས་པའི་ཕྲིན་ཡིག་ལ་དོན་གསུམ་སྟེ། རྩོམ་པ་ལ་འཇུག་པ་ཀླད་ཀྱི་དོན་དང༌། གཞུང་བསླབ་པ་གསུམ་གྱི་རང་བཞིན་དང༌། འཇུག་བསླབ་པར་རྗེས་སུ་གདམས་པའོ། །དང་པོ་ལ་གཉིས་ཏེ། ཕྲིན་ཡིག་སྤྲིང་བའི་རྒྱུ་དང༌། སྤྲིངས་པའི་དོན་གཟུང་བར་གདམས་པའོ། །དེ་ལ་གཉིས་ཏེ། གཟུང་བར་འོས་པ་དང༌། བཟུང་བའི་ཕན་ཡོན་ནོ། །གཞུང་གི་དོན་ལ་གཉིས་ཏེ། རྗེས་སུ་དྲན་པ་དྲུག་གིས་མདོར་བསྟན་པ་དང༌། བསླབ་པ་གསུམ་གྱིས་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དེ་ལ་བཞི་སྟེ། གཏོང་བ་རྗེས་སུ་དྲན་པ་དང༌། ཚུལ་ཁྲིམས་རྗེས་སུ་དྲན་པ་དང༌། ཆོས་རྗེས་སུ་དྲན་པ་དང༌། ལྷ་རྗེས་སུ་དྲན་པའོ། །བསླབ་པ་གསུམ་གྱིས་མཐར་ཕྱིན་པར་བྱ་བ་ལ་གསུམ་སྟེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་བོ། །དང་པོ་ལ་གཉིས་ཏེ། རབ་ཏུ་བྱུང་བ་དང་ཐུན་མོང་པའི་བསླབ་བྱ་དང༌། ཁྱིམ་པ་དང་ཐུན་མོང་གི་བསླབ་བྱའོ། །དང་པོ་ལ་གཉིས་ཏེ། བསླབ་བྱ་བསྒྲུབ་པ་དང༌། དེའི་གཉེན་པོ་བསྒོམ་པའོ། །དང་པོ་ལ་གསུམ་སྟེ། ལུས་ངག་གི་བསླབ་བྱ་དང༌། སེམས་ཀྱི་བསླབ་བྱ་དང༌། །དེ་དག་གི་བསླབ་བྱ་སྤྱིར་བསྟན་པའོ། །སེམས་ཀྱི་བསླབ་བྱ་ལ་གསུམ་སྟེ། ཉོན་མོངས་པ་སྤོང་བ་དང༌། བག་ཡོད་པ་བསྒྲུབ་པ་དང༌། བཟོད་པ་བསྒོམ་པའོ། །དེ་དག་གི་བསླབ་བྱ་སྤྱིར་བསྟན་པ་ལ་བཞི་སྟེ། སེམས་ཀྱི་རིགས་བརྟགས་ཏེ་བསླབ་པ་དང༌། ངག་གི་རིགས་བརྟགས་ཏེ་བསླབ་པ་དང༌། གང་ཟག་གི་རིགས་བརྟགས་ཏེ་བསླབ་པ་དང༌། སྤྱོད་པའི་རིགས་བརྟགས་ཏེ་བསླབ་པའོ། །གཉིས་པ་གཉེན་པོ་བསྒོམ་པ་ལ་གཉིས་ཏེ། ཉོན་མོངས་པའི་གཉེན་པོ་དང༌། །རྣམ་པར་རྟོག་པའི་གཉེན་པོའོ། །དང་པོ་ལ་གསུམ་སྟེ། ཆགས་པའི་ཡུལ་མ་ཡིན་པར་བརྟགས་ཏེ་དགག་པ་དང༌། སྐྱོན་དང་ཉེས་དམིགས་བརྟགས་ཏེ་དགག་པ་དང༌། སོ་སོའི་ཆ་བརྟགས་ཏེ་དགག་པའོ། །དེ་ལ་གསུམ་སྟེ། བདག་མེད་པ་དང༌། སྙིང་པོ་མེད་པ་དང༌། ཚིམ་པ་མེད་པའོ། །གཉིས་པ་རྣམ་པར་རྟོག་པའི་གཉེན་པོ་ལ་གསུམ་སྟེ། ཚུལ་བཞིན་དུ་བརྟགས་ཏེ་དགག་པ་དང༌། དེའི་ཕན་ཡོན་དང༌། འཇིག་རྟེན་གྱི་ཆོས་བརྒྱད་བརྟགས་ཏེ་དགག་པའོ། །གཉིས་པ་ཁྱིམ་པ་དང་ཐུན་མོང་གི་བསླབ་བྱ་ལ་གཉིས་ཏེ། གཞན་གྱི་ཕྱིར་སྡིག་པ་མི་བྱ་བ་དང༌། རང་གི་དགེ་བ་ལ་འབད་པའོ། །དང་པོ་ལ་གཉིས་ཏེ། སྡིག་པ་མི་བྱ་བ་དང༌། དེའི་འཐད་པའོ། །རང་གི་དགེ་བ་ལ་འབད་པ་ལ་གཉིས་ཏེ། དགེ་ལེགས་ཀྱི་རྒྱུ་བསྒྲུབ་པ་དང༌། འདོད་པ་གེགས་སུ་མི་འགྱུར་བར་བྱ་བའོ། །དང་པོ་ལ་གསུམ་སྟེ། འཕགས་པའི་ནོར་བདུན་བསྒྲུབ་པ་དང༌། གྲགས་པ་ངན་པའི་རྒྱུ་དྲུག་སྤང་བ་དང༌། འབྱོར་པའི་ནོར་གཅིག་བླང་བའོ། །འདོད་པ་གེགས་སུ་མི་འགྱུར་བར་བྱ་བ་ལ་གསུམ་སྟེ། འཁྲིག་པའི་བདེ་བ་གེགས་སུ་མི་འགྱུར་བ་དང༌། ཁམས་ཀྱི་ཟས་གེགས་སུ་མི་འགྱུར་བ་དང༌། གཏི་མུག་གི་གཉིད་གེགས་སུ་མི་འགྱུར་བར་བྱ་བའོ། །ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་ལ་གཉིས་ཏེ། མངོན་པར་མཐོ་བ་བསྒྲུབ་པ་དང༌། ངེས་པར་ལེགས་པ་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། དགེ་བའི་ཆོས་བཞི་བསྒོམ་པ་དང༌། དེ་བསྒོམས་ནས་སྡིག་པས་མི་བརྫི་བའོ། །ངེས་པར་ལེགས་པ་ལ་གཉིས་ཏེ། མི་མཐུན་ཕྱོགས་སྤང་བ་དང༌། གཉེན་པོ་བསྒོམ་པའོ། །དེ་ལ་གཉིས་ཏེ། ཐར་པ་ལ་སྒྲིབ་པའི་གཉེན་པོར་ངེས་པར་འབྱུང་བའི་ལམ་བསྒོམ་པ་དང༌། ཁམས་གསུམ་ལ་ཞེན་པའི་གཉེན་པོར་འཁོར་བའི་ཉེས་དམིགས་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། ཕྱིན་ཅི་ལོག་གི་གཉེན་པོ་བསྒོམ་པ་དང༌། དེའི་རྒྱུ་ཡང་དག་པའི་ལམ་བསྟེན་པའོ། །དང་པོ་ལ་གཉིས་ཏེ། གང་བསྒོམས་པའི་དོན་དང༌། ཇི་ལྟར་བསྒོམ་པའི་ཚུལ་ལོ། །དེ་ལ་གཉིས་ཏེ། གཉེན་པོ་བསྒོམ་པ་དང༌། ལྟ་བ་བསྒོམ་པའོ། །དེ་ལ་གཉིས་ཏེ། ལྟ་བ་བསྒོམ་པར་གདམས་པ་དང༌། ལྟ་བ་དངོས་སོ། །དེ་ལ་གཉིས་ཏེ། ཡང་དག་པའི་ལྟ་བ་བསྒྲུབ་པ་དང༌། མཐའ་གཞན་དུ་རྟོག་པ་དགག་པའོ། །དེ་ལ་གཉིས་ཏེ། བྱེད་པ་པོར་རྟོག་པ་དྲུག་དགག་པ་དང༌། ཀུན་ཏུ་སྦྱོར་བར་འཛིན་པ་གསུམ་དགག་པའོ། །གཉིས་པ་དེའི་རྒྱུ་ཡང་དག་པའི་ལམ་བསྟེན་པ་ལ་གསུམ་སྟེ། བདེན་པ་བཞི་བསྒོམ་པ་དང༌། བསླབ་པ་གསུམ་བསྒོམ་པ་དང༌། མི་བརྗེད་པའི་དྲན་པ་བསྒོམ་པའོ། །ཁམས་གསུམ་ལ་ཞེན་པའི་གཉེན་པོར་འཁོར་བའི་ཉེས་དམིགས་བསྒོམ་པ་ལ་གཉིས་ཏེ། སྡུག་བསྔལ་གྱི་ངོ་བོ་ཡིད་ལ་བྱ་བ་དང༌། དེས་ན་འཁོར་བ་ལ་ཡིད་དབྱུང་བར་གདམས་པའོ། །དང་པོ་ལ་གསུམ་སྟེ། འཁོར་བ་མི་རྟག་པར་ཡིད་ལ་བྱ་བ་དང༌། དལ་འབྱོར་རྙེད་པར་དཀའ་བ་ཡིད་ལ་བྱ་བ་དང༌། འགྲོ་བ་སྡུག་བསྔལ་གྱི་ངོ་བོར་ཡིད་ལ་བྱ་བའོ། །དང་པོ་ལ་གསུམ་སྟེ། དངོས་སུ་མི་རྟག་པ་དང༌། མཐར་འཇིག་པ་དང༌། དོན་བསྡུ་བའོ། །དལ་འབྱོར་རྙེད་པར་དཀའ་བ་ལ་དོན་གསུམ་སྟེ། རྙེད་པར་དཀའ་བ་དང༌། འབྱོར་པ་ཐོབ་པ་དང༌། མི་ཁོམ་པ་སྦང་པའོ། །འགྲོ་བ་སྡུག་བསྔལ་གྱི་ངོ་བོ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དེ་ལ་གསུམ་སྟེ། འདུ་བྱེད་ཀྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་ལོ། །དང་པོ་ལ་གསུམ་སྟེ། ངེས་པ་མེད་པ་དང༌། ཚིམ་པ་མེད་པ་དང༌། ཐུག་པ་མེད་པའོ། །འགྱུར་བའི་སྡུག་བསྔལ་བ་ལ་གཉིས་ཏེ། ཇི་ལྟར་འགྱུར་བའི་ཚུལ་དང༌། དེས་ན་དགེ་བ་ལ་འབད་པའོ། །སྡུག་བསྔལ་གྱི་སྡུག་བསྔལ་བ་ལ་གཉིས་ཏེ། ངན་འགྲོའི་སྡུག་བསྔལ་དང༌། མཐོ་རིས་ཀྱི་སྡུག་བསྔལ་ལོ། །དང་པོ་ལ་གསུམ་སྟེ། དམྱལ་བ་དང༌། དུད་འགྲོ་དང༌། ཡི་དྭགས་སོ། །གཉིས་པ་ལ་གཉིས་ཏེ། ལྷ་དང༌། ལྷ་མ་ཡིན་ནོ། །དེས་ན་འཁོར་བ་ལ་ཡིད་འབྱུང་བར་གདམས་པ་ལ་གཉིས་ཏེ། གང་ཐོབ་པར་བྱ་བའི་འབྲས་བུ་དང༌། གང་གིས་ཐོབ་བྱེད་ཀྱི་ལམ་མོ། །དེ་ལ་གཉིས་ཏེ། བསླབ་པ་རིན་པོ་ཆེ་གསུམ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །ལྷག་པ་ཤེས་རབ་ཀྱི་བསླབ་པ་ལ་གསུམ་སྟེ། ཤེས་རབ་བསྒོམས་པའི་ཕན་ཡོན་དང༌། ཕན་ཡོན་ཅན་གྱི་ཤེས་རབ་དང༌། ཤེས་རབ་བསྒོམ་པར་གདམས་པའོ། །གཉིས་པ་ལ་གཉིས་ཏེ། བསམ་པར་མི་བྱ་བའི་གནས་དང༌། བསྒོམ་པར་བྱ་བའི་ལམ་མོ། །དེ་ལ་གསུམ་སྟེ། རྟེན་འབྲེལ་བཅུ་གཉིས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་དང༌། བདེན་པ་རྣམ་པ་བཞི་བསྒོམ་པའོ། །དང་པོ་ལ་གསུམ་སྟེ། ལུགས་ལས་འབྱུང་བ་དང༌། ལུགས་ལས་ལྡོག་པ་དང༌། དེའི་ཕན་ཡོན་ནོ། །ཤེས་རབ་བསྒོམ་པར་གདམས་པ་ལ་གཉིས་ཏེ། སྒྱིད་ལུག་པར་མི་བྱ་བ་དང༌། སེམས་ལ་འབད་པར་བྱ་བའོ། །གསུམ་པ་འཇུག་རྗེས་སུ་གདམས་པ་ལ་གཉིས་ཏེ། ཇི་ལྟར་སྤྱོད་པའི་ཚུལ་གྱི་གདམས་པ་དང༌། དེ་ལྟར་སྤྱད་པའི་འབྲས་བུ་གདམས་པའོ། །དང་པོ་ལ་གཉིས་ཏེ། དགེ་བས་ཚེ་དོན་ཡོད་པར་གདམས་པ་དང༌། བསྔོ་བས་དགེ་བ་དོན་ཡོད་པར་གདམས་པའོ། །གཉིས་པ་ལ་གཉིས་ཏེ། གཟུགས་ཀྱི་སྐུ་ཐོབ་པར་གདམས་པ་དང༌། ཆོས་ཀྱི་སྐུ་ཐོབ་པར་གདམས་པའོ། །བཤེས་པའི་ཕྲིན་ཡིག་གི་དོན་བསྡུས་པ། དཔལ་ལྡན་ས་སྐྱ་པཎྜི་ཏས་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*