བསྔོ་བ་ཡོན་བཤད་དང་བཅས་པ།

༼ན༽

༄༅། །བསྔོ་བ་ཡོན་བཤད་དང་བཅས་པ་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྒྱལ་བ་དགྲ་རྒྱལ་ཆོས་ཀྱི་རྒྱལ་པོ་ཡི། །རྗེས་སུ་རྒྱལ་བའི་སྲས་པོ་གང་འཇུག་པ། །དེ་ཡིས་དགེ་བ་ཇི་སྙེད་བསྒྲུབས་པ་ཀུན། །བྱང་ཆུབ་དམ་པ་ཐོབ་པར་བྱ་ཕྱིར་བསྔོ། །དེ་ལ་སྦྱིན་བདག་འགའ་ཞིག་གིས། །ཇི་ལྟར་འབྱོར་པའི་བསོད་ནམས་བསགས་ཏེ། གུས་པས་ཕྱག་འཚལ་ཐལ་མོ་སྦྱར་ནས་མདུན་དུ་འཁོད་པ་ལ་འདི་ལྟར་བསྔོ་བ་བྱ་སྟེ། དེའང་སྦྱོར་བ་དང༌། དངོས་གཞི་དང༌། རྗེས་གསུམ་མོ། །དང་པོ་ལ་གཉིས། བདག་གི་རྒྱུད་དག་པར་བྱ་བའི་ཕྱིར་སྡིག་པ་བཤགས་པ་དང༌། དགེ་བའི་རྩ་བ་སྤེལ་བར་བྱ་བའི་ཕྱིར་བསོད་ནམས་ལ་རྗེས་སུ་ཡི་རང་བའོ། །དང་པོ་སྡིག་པ་བཤགས་དགོས་པའི་རྒྱུ་མཚན་ནི། སེམས་མ་དག་པས་བསྔོ་བ་བྱས་ཀྱང་མི་འགྲུབ་སྟེ། དཔེར་ན་སྣམ་བུ་དྲི་མ་ཅན་ལ་ཚོས་མི་ཆགས་པ་བཞིན་ནོ། །སྡིག་པ་བཤགས་པས་འདག་པའི་འཐད་པ་ཡང་སྡིག་པ་འདུས་བྱས་ཡིན་ལ་འདུས་བྱས་ཐམས་ཅད་མི་རྟག་པའི་ཕྱིར་དང༌། སྡིག་པ་ཡོད་པར་ཡང་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་ལ། བཤགས་ན་འདག་པར་ཡང་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པའི་ཕྱིར་རོ། །ཞེས་བརྗོད་ལ་རྗེས་ཟློས་བྱེད་དུ་གཞུག་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས། ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བའི་ལས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིས་པ་ལ་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་སོ་སོར་བཤགས་ཤིང་ཡང་མི་བགྱིད་དོ། །ཞེས་ལན་གཅིག་གམ་གསུམ་བཟླས་ལ། སྡིག་པ་ཐམས་ཅད་དག་ངེས་སྙམ་པའི་འདུ་ཤེས་བསྐྱེད་དུ་གཞུག་གོ །དེ་ནས་གཉིས་པ་བསོད་ནམས་ལ་རྗེས་སུ་ཡི་རང་བ་ནི། གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ་མ་བྱས་ན་བདག་རྐྱང་པའི་དགེ་བའི་རྩ་བ་བསྔོས་ཀྱང་འཕེལ་ཆུང་སྟེ། དཔེར་ན་ལུད་མ་བླུགས་པའི་ཞིང་ལ་མྱུ་གུ་བཟང་པོ་མི་སྐྱེ་བ་བཞིན་ནོ། །རྗེས་སུ་ཡི་རང་བ་བྱས་ན་དགེ་བ་འཕེལ་བའི་རྒྱུ་མཚན་ཡང༌། བསོད་ནམས་ཐམས་ཅད་རང་གི་སེམས་ལ་རག་ལས་ལ། སེམས་རྒྱ་ཆེན་པོ་ལས་བསོད་ནམས་རྒྱ་ཆེན་པོ་འབྱུང་བའི་ཕྱིར་དང༌། བཅོམ་ལྡན་འདས་ཀྱིས་ཀྱང༌། རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་བྱ་བ་ལ་སོགས་པ་དུ་མའི་སྒོ་ནས་གསུངས་སོ། །ཞེས་བརྗོད་ལ་རྗེས་ཟློས་བྱེད་དུ་གཞུག་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སོ་སོ་སྐྱེ་བོ་དང༌། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགེ་བའི་རྩ་བ་དེ་དག་ཀུན་ལ་དགའ་ཞིང་རྗེས་སུ་ཡི་རང་བར་བགྱིའོ། །ཞེས་ལན་གཅིག་གམ་གསུམ་བཟླས་ལ། དེ་དག་གི་དགེ་བའི་རྩ་བ་ཐམས་ཅད་བདག་གི་རྒྱུད་ལ་ཡོད་སྙམ་པའི་ངེས་ཤེས་བསྐྱེད་དུ་གཞུག་གོ །དེ་ནས་དངོས་གཞི་བསྔོ་བ་དངོས་ལ་གཉིས་ཏེ། གདམས་ངག་བརྗོད་དེ་བློ་བཅོས་པ་དང༌། ངག་ཏུ་བརྗོད་དེ་ངེས་པ་བསྐྱེད་པའོ། །དེ་ལ་དང་པོ་གདམས་ངག་འདི་ལྟར་བརྗོད་དེ། བསོད་ནམས་བསགས་པའི་ཚོགས་དག་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བར། །བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་གསུངས་པས་བསྔོ་བའི་ཐབས་ཁྱད་པར་ཅན་འདི་སངས་རྒྱས་ཀྱི་གསུང་ལས་གཞན་མུ་སྟེགས་བྱེད་ལ་མ་གྲགས་པ་ཡིན། དེ་ལྟ་བུའི་བསྔོ་བ་མ་བྱས་ན། །ཕལ་ཆེར་དོན་མེད་དོན་ཡོད་དང༌། །རྣམ་པ་ཀུན་དུ་དོན་ཡོད་པ། །ཞེས་གསུངས་པས་མོས་པ་སྤྱོད་པའི་དགེ་བ་ཕལ་ཆེར་དོན་མེད་དུ་འགྲོ། ས་དང་པོ་ནས་བདུན་པའི་བར་ལ་དགེ་བ་ཕལ་ཆེར་དོན་ཡོད་དུ་འགྲོ། ས་བརྒྱད་པ་ནས་སངས་རྒྱས་ཀྱི་སའི་བར་ལ་བྱ་བ་བྱས་པ་ཐམས་ཅད་དོན་ཡོད་དུ་འགྲོ་སྟེ། བཅོམ་ལྡན་ཁྱོད་ཀྱི་གཡོ་བ་ལ། །རྒྱུ་མེད་འགའ་ཡང་མ་མཆིས་ཏེ། །དབུགས་ཀྱང་སེམས་ཅན་ཐམས་ཅད་ལ། །ཕན་སླད་ཁོ་ནར་ཡང་དག་དབྱུང༌། །ཞེས་གསུངས་པས་བཅོམ་ལྡན་འདས་ཀྱི་དབུགས་ཕྱི་ནང་དུ་རྒྱུ་ཡང་གཞན་དོན་ཁོ་ནར་དབྱུང་བས་དོན་མེད་པ་སྐད་ཅིག་ཀྱང་མེད་པ་ཡིན་ནོ། །དེ་ནས་མོས་པ་སྤྱོད་པའི་དགེ་བ་དོན་ཡོད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བ་བྱེད་དགོས་སོ། །དེ་ལ་གསུམ། གང་བསྔོ་བར་བྱ་བའི་དགེ་བ། གང་དུ་བསྔོ་བའི་ཡུལ། ཇི་ལྟར་བསྔོ་བའི་ཆོ་གའོ། །དང་པོ་གང་བསྔོ་བར་བྱ་བའི་དགེ་བའི་རྩ་བ་ངོས་བཟུང་ན། ལེགས་པར་སྦྱར་བའི་སྒྲ་ལས། ཀུ་ས་ལ་མཱུ་ལ་ཞེས་ཟེར་བའི་ཀུ་ས་ལ་ནི་དགེ་བ་མཱུ་ལ་ནི་རྩ་བ་སྟེ། དོན་དུ་ན་རྣམ་སྨིན་བདེ་བ་བསྐྱེད་བས་ན་དགེ་བ། དེའི་རྒྱུ་བསྐྱེད་པས་ན་རྩ་བ་སྟེ། ལོ་ཏོག་གི་རྒྱུ་ས་བོན་འདེབས་པ་བཞིན་ནོ། །དེའང་ཤིན་ཏུ་རྒྱས་པའི་སྡེ་སྣོད་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང༌། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོར་འགྱུར་བར་ཤོག །ཅེས་གསུངས་པས་དགེ་བ་དུས་ནམ་བྱས་ཀྱང་རུང༌། གང་ཟག་སུས་བྱས་ཀྱང་རུང༌། དངོས་པོ་ཇི་ལྟ་བུས་བྱས་ཀྱང་བདག་གིས་བསྔོར་རུང་ངོ༌། །དེ་ལྟ་བུའི་དགེ་བ་དེ་ལ་དབྱེ་ན་དབྱེ་སྒོ་ལྔ་ལས། བྱེད་པ་པོ་གང་ཟག་གིས་དབྱེ་ན། བདག་གིས་བྱས་པའི་དགེ་བ། གཞན་གྱིས་བྱས་པའི་དགེ་བ། བདག་གཞན་གཉིས་ཀས་བྱས་པའི་དགེ་བའོ། །བྱས་པའི་དུས་ཀྱི་དབྱེ་ན། འདས་པའི་དགེ་བ། ད་ལྟར་གྱི་དགེ་བ། མ་འོངས་པའི་དགེ་བའོ། །བྱས་པའི་ཚུལ་གྱིས་དབྱེ་ན། ལུས་ཀྱིས་བྱས་པའི་དགེ་བ། ངག་གིས་བྱས་པའི་དགེ་བ། ཡིད་ཀྱིས་བྱས་པའི་དགེ་བའོ། །བསོད་ནམས་བྱ་བའི་དངོས་པོས་དབྱེ་ན། སྦྱིན་པ་ལས་བྱུང་བ། ཚུལ་ཁྲིམས་ལས་བྱུང་བ། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའོ། །རྣམ་པར་སྨིན་པས་དབྱེ་ན། འཇིག་རྟེན་པ་དང་མཐུན་པ། ཐར་པ་དང་མཐུན་པ། ཐམས་ཅད་མཁྱེན་པ་ཉིད་དང་མཐུན་པའོ། །དེ་ལྟར་ཡིན་པ་ལས་ད་རེས་ཀྱི་དགེ་བ་འདི་ཐམས་ཅད་ཚང་དུ་རུང་ཞིང་དེ་ལས་ཀྱང་གཙོ་བོར་སྦྱིན་པ་ལས་བྱུང་པའི་བསོད་ནམས་བྱ་བའི་དངོས་པོ་གཙོ་ཆེ་ལ། དེ་ལ་སྦྱིན་པ་ཉིད་ཀྱི་ནང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་འདུ་སྟེ། བཅོམ་ལྡན་འདས་ཀྱིས་རྒྱལ་བའི་ཡུམ་ལས། དེ་ལ་སྦྱིན་པའི་ནང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཇི་ལྟར་འདུ་ཞེ་ན། ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །སྦྱིན་པ་ལ་ལེགས་པར་སྦྱར་བའི་སྒྲ་ལ། དཱ་ན་ཞེས་བྱ་ལ། དཱའི་སྒྲ་ལས་དྲངས་ན་དཱ་རི་དྲ་ཞེས་བྱ་བ་དབུལ་བའམ་ཕོངས་པ་ལ་འཇུག ནའི་སྒྲ་ལས་དྲངས་ན་ནཱ་ཤ་ན་ཞེས་བྱ་བ་སེལ་བའམ་འདོར་བ་ལ་འཇུག་སྟེ། དོན་དུ་ན་འཇིག་རྟེན་ངད་འཇིག་རྟེན་ལས་འདས་པའི་ཕོངས་པ་འདོར་བས་ན་སྦྱིན་པ་ཞེས་བྱ་བ་ཡིན་ནོ། །གཞན་ཡང་སློབ་དཔོན་ཨཱརྻ་དེ་བས། འཆི་དང་ཆོས་དང་སྲིད་པ་གཞན། །སྦྱིན་པའི་སྒྲ་ཡིས་གསལ་བྱེད་པ། །དེས་ན་བྱང་ཆུབ་སེམས་དཔའ་ལ། །སྦྱིན་པའི་སྒྲ་ནི་ཤིན་ཏུ་བསྟན། །ཞེས་གསུངས་པས་སྦྱིན་པའི་སྒྲའི་ཁམས་ལས་དྲངས་ན་འཆི་དང་ཆོས་དང་སྲིད་པ་གཞན་གོ་བར་བྱེད་པ་ཞེས་བྱ་བ་གསུམ་ལ་འཇུག་པས། དེ་ལྟར་ཆོས་ཐམས་ཅད་སྦྱིན་པའི་ཁོངས་སུ་འདུ་བ་ཡིན། དེ་ལ་དབྱེ་ན་ཟང་ཟིང་གི་སྦྱིན་པ། ཆོས་ཀྱི་སྦྱིན་པ། མི་འཇིགས་པའི་སྦྱིན་པ། བྱམས་པའི་སྦྱིན་པ་སྟེ་རྣམ་པ་བཞིའོ། །དེ་ལས་ཟང་ཟིང་གི་སྦྱིན་པ་ནི། དུས་སུ་སྦྱིན་དང་འགྱོད་པ་མེད་པ་དང༌། །ཡིད་འོང་སྦྱིན་དང་རྣམ་སྨིན་མི་རེ་བ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟར་ཆང་དང་དུག་དང་མཚོན་ཆ་དང་མ་འདྲེས་པ། དུས་སུ་སྦྱིན་པ་ལ་སོགས་པ་ཞིག་སངས་རྒྱས་ཀྱི་རྒྱུར་བསྔོར་རུང་བ་ཡིན་ནོ། །དེ་ལྟ་བུའི་སྦྱིན་པ་དེ་དངོས་པོ་ཆུང་ཡང་བསམ་པ་དང་སྦྱོར་བ་དག་ན་སངས་རྒྱས་ཀྱི་རྒྱུར་འགྱུར་ཏེ། མེ་ཏོག་གཅིག་ནི་རབ་ཕུལ་བས། །གང་ཞིག་ངན་འགྲོར་ལྟུང་མི་འགྱུར། །དེ་ལ་དུས་ངེས་བསྟན་པ་ལ། །མཚན་མིན་ཁྱོད་སྔོན་འདི་འདྲ་ལགས། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་གང་དུ་བསྔོ་བའི་ཡུལ་ནི། རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་སུ་བསྔོ་སྟེ། རྒྱལ་བའི་ཡུམ་ལས། དགེ་བའི་རྩ་བ་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོར་མི་འཇུག་པ་ཡིན་ཞེས་གསུངས་པ་བཞིན་ནོ། །འོ་ན་ཚེ་རིང་བ་དང་ནད་མེད་པ་དང༌། ལོངས་སྤྱོད་ཆེ་བ་དང༌། རིགས་བཟང་བ་ལ་སོགས་པ་ཕུན་སུམ་ཚོགས་པར་ཡང་བསྔོ་བ་མ་ཡིན་ནམ་སྙམ་ན། ཚེ་རིང་ནད་མེད་པ་ལ་སོགས་པ་རྐྱང་པར་བསྔོས་ན་དམིགས་པ་དམན་པས་འཇིག་རྟེན་པའི་བསྔོ་བར་འགྱུར་བས་དེ་ལྟར་མི་བསྔོ་ལ། སངས་རྒྱས་ཐོབ་པར་བྱ་བའི་དོན་དུ། ཚེ་རིང་བ་ལ་སོགས་པ་གནས་སྐབས་ཀྱི་འབྲས་བུ་ཕུན་སུམ་ཚོགས་པར་བསྔོ་བ་མི་འགལ་ཏེ། འཚང་རྒྱ་བར་མཉམ་པ་ལ་སྡུག་བསྔལ་བཞིན་འཚང་རྒྱ་བ་བས་བདེ་བ་ཕུན་སུམ་ཚོགས་པར་བརྒྱུད་ནས་འཚང་རྒྱ་བ་སྨོན་ལམ་དང་མཐུན་པའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་ནི་ཐམས་ཅད་མཁྱེན་པའི་གེགས་ཡིན་པས། ནམ་ཡང་བསྔོ་བར་མི་བྱའོ། །གསུམ་པ་ཇི་ལྟར་བསྔོ་བའི་ཆོ་ག་ནི། ལྟ་བ་ཆོས་ཐམས་ཅད་བདག་མེད་པས་ཟིན་པ་དང༌། ཐབས་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་པའོ། །དང་པོ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་པས། བསོད་ནམས་ཀྱང་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་མི་དམིགས་ལ། ཐ་སྙད་ཀུན་རྫོབ་ཏུ་རྨི་ལམ་གྱི་ནང་དུ་བསོད་ནམས་བསགས་པ་ལྟ་བུར་སྣང་ལ་རང་བཞིན་མེད་པར་ཤེས་པར་བྱ་སྟེ། རྒྱལ་བའི་ཡུམ་ལས། རབ་འབྱོར་དམིགས་པ་དང་བཅས་པའི་འདུ་ཤེས་ཅན་རྣམས་ལ་རྗེས་སུ་མཐུན་པའི་བཟོད་པ་ཡང་དཀའ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་དང༌། ཅི་སྟེ་མཚན་མ་མེད་ན་ཡོངས་སུ་བསྔོ་བ་ཡིན། །ཞེས་གསུངས་སོ། །གཉིས་པ་ཐབས་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་པ་ནི། དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་པ་སྟེ། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བྱུང་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང༌། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་བྱེད། །ཅེས་གསུངས་པས་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པའི་དགེ་བ་ཐམས་ཅད་འབྲས་བུ་རེ་བྱུང་ནས་ཆུ་ཤིང་ལྟར་འཛད་པར་འགྱུར་ལ། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་དགེ་བ་འབྲས་བུ་བྱུང་ཡང་དཔག་བསམ་གྱི་ཤིང་ལྟར་མི་ཟད་པར་ཇེ་བཟང་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་མ་ཤེས་ན། ཕྱི་རོལ་རྐྱེན་གྱིས་མ་རྫོགས་དང༌། །རང་སྦྱོར་ཕུན་ཚོགས་མེད་པའི་ཕྱིར། །བསམ་པ་རྣམས་པར་དག་པས་ཀྱང༌། །ཚུལ་ཁྲིམས་ཕ་རོལ་ཕྱིན་མི་འགྱུར། །ཞེས་གསུངས་པ་ལྟར་ཐམས་ཅད་མཁྱེན་པའི་རྒྱུར་མི་འགྱུར་ལ། ཐབས་དང་ཤེས་རབ་ཀྱིས་ཟིན་པས་བསྔོས་ན་བཟང་པོ་བཞི་དང་ལྡན་པ་ཞེས་བྱ་བའི་བསྔོ་བར་ཡང་འགྱུར་ཏེ། དམིགས་པ་བཟང་དང་རྟོན་པ་བཟང༌། །ཐབས་བཟང་བ་དང་ངེས་འབྱུང་དང༌། །སྦྱོར་བ་བཟང་པོའི་བདག་ཉིད་ཀྱིས། །ཡང་དག་སྨོན་ལམ་ཡིན་པར་བཤད། །ཅེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་ཚུལ་གྱིས་བསྔོས་ན་ཇི་ལྟར་བསྔོས་པ་བཞིན་དུ་འགྲུབ་སྟེ། དཔེར་ན་རིག་བྱེད་ལས་བྱུང་བའི་མདའ་ལེགས་པར་སྦྱངས་པ་འབེམ་ལ་གང་དུ་གཏད་པར་ཕོག་པ་བཞིན་ནོ། །དེ་ལྟ་ན་ཁྱེད་ཀྱིས་བསམ་པ་དེ་ལྟར་དུ་བཅོས་པ་གལ་ཆེའོ། །ཞེས་བརྗོད་ལ་རྗེས་ཟློས་བྱེད་དུ་གཞུག་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པ་དུས་གསུམ་དང་རྗེས་སུ་འབྲེལ་པའི་དགེ་བའི་རྩ་བ་ཅི་བསྒྲུབས་པ་དེ་དག་ཐམས་ཅད་དང༌། ཁྱད་པར་དུ་བདག་མིང་འདི་ཞེས་བགྱི་པས་ཚེ་ཐོག་མ་མེད་པ་ནས་སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཅི་མཆིས་པ་དང༌། བྱེ་བྲག་ཏུ་དེ་རིང་དགེ་བའི་བཤེས་གཉེན་མཆོད་པ་དང༌། དགེ་འདུན་མཆོད་པ་དང༌། མགོན་མེད་པ་ལ་སྦྱིན་པ་བྱིན་པ་དང༌། འབྱུང་པོ་ལ་གཏོར་མ་བཏང་བ་ལ་སོགས་ཏེ་དུས་གསུམ་དང་རྗེས་སུ་འབྲེལ་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ནས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག ཅེས་ལན་གསུམ་བརྗོད་དོ། །གཞན་ཡང་ཐེག་པ་ཐུན་མོང་པ་ལས་གྲགས་པའི་ལུགས་ལམ་ལྔ་དང༌། འབྲེལ་པའི་བསྔོ་བ་ལྟར་བྱེད་ན། སྔར་གྱི་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་ཞེས་བྱ་བའི་བར་འདྲ་བར་བྱས་ལ། དེ་ནས་སྦྱིན་པ་དམ་པ་སེམས་ཀྱི་རྒྱན་དུ་གྱུར་ཅིག སེམས་ཀྱི་ཡོ་བྱད་དང༌། རྣལ་འབྱོར་གྱི་ཚོགས་དང༌། དོན་གྱི་མཆོག་ཏུ་གྱུར་ནས་ཕ་དང་མ་སྔོན་དུ་འགྲོ་བ་ཅན་གྱི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་རྒྱ་མཚོ་མྱུར་དུ་སྐེམས་པར་གྱུར་ཅིག ཅེས་ལན་གསུམ་བརྗོད་དོ། །གཞན་རྣམས་འགྲེའོ། །དེ་དག་གི་རྗེས་ལ་ཡང་འདི་སྐད་ཅེས་བརྗོད་དུ་གཞུག་སྟེ། དེ་མ་ཐོབ་ཀྱི་བར་དུ་ཡང་རིགས་བཟང་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག གཟུགས་བཟང་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག ཤེས་རབ་ཆེ་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག སྤོབས་པ་ཆེ་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག ཚེ་རིང་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག ནད་མེད་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག ལོངས་སྤྱོད་ཆེ་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག བརྩོན་འགྲུས་ཆེ་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག བསོད་ནམས་ཆེ་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག གཞན་ཡང་རྣམ་པར་སྨིན་པ་ལ་མི་རེ་བའི་སྦྱིན་པ་གཏོང་བར་གྱུར་ཅིག སྲིད་པར་སྐྱེ་བ་ལ་འདུན་པ་དང་བྲལ་བའི་ཚུལ་ཁྲིམས་བསྲུང་བར་གྱུར་ཅིག སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ་བསྒོམ་པར་གྱུར་ཅིག དགེ་བའི་ཆོས་ཐམས་ཅད་མྱུར་དུ་སྡུད་པའི་བརྩོན་འགྲུས་བརྩམ་པར་གྱུར་ཅིག གཟུགས་མེད་པའི་ཁམས་རྣམ་པར་བསལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་གྱུར་ཅིག ཐབས་སྙིང་རྗེ་ཆེན་པོ་དང་མ་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་པར་གྱུར་ཅིག ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བར་གྱུར་ཅིག ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བར་གྱུར་ཅིག ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བར་གྱུར་ཅིག འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པར་གྱུར་ཅིག མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པར་གྱུར་ཅིག ད་ལྟར་གྱི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པར་གྱུར་ཅིག མདོར་ན་འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་བསྔོས་པ་དང༌། མ་བྱོན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཇི་ལྟར་བསྔོ་བར་འགྱུར་བ་དང༌། ད་ལྟར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཇི་ལྟར་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ། བདག་ཅག་གིས་ཀྱང་དུས་གསུམ་དང་རྗེས་སུ་འབྲེལ་བའི་དགེ་བའི་རྩ་བ་ཐམས་ཅད་དེ་བཞིན་དུ་ཡོངས་སུ་བསྔོ་བར་བགྱིའོ། །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་ཡོངས་སུ་བསྔོ། །ཞེས་ལན་གཅིག་གམ་གསུམ་གྱི་བར་དུ་རྗེས་སུ་བརྗོད་དོ། །གནས་སྐབས་ཀྱིའང་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཚེ་འདི་ལ་ཡང་ཚེ་རིང་བ་དང༌། ནད་མེད་པ་དང༌། ལོངས་སྤྱོད་ཆེ་བ་དང༌། འཁོར་མང་བ་དང༌། བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། བསམ་པ་ཐམས་ཅད་ཆོས་དང་མཐུན་པར་མྱུར་དུ་འགྲུབ་པར་གྱུར་ཅིག བསོད་ནམས་འདི་དག་གི་མཐུ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་རླབས་དང༌། བདག་ཅག་གི་བསམ་པ་རྣམ་པར་དག་པའི་སྟོབས་ཀྱིས་བདག་གིས་བསྔོས་པ་དང་སྨོན་ལམ་བཏབ་པ་དེ་ཁོ་ན་བཞིན་དུ་འགྲུབ་པར་གྱུར་ཅིག དེ་ཁོ་ན་བཞིན་དུ་འགྲུབ་པར་གྱུར་ཅིག གསུམ་པ་རྗེས་ཀྱི་བྱ་བ་ནི་འདི་སྐད་བརྗོད་དོ། །ཁྱོད་ཀྱི་བསམ་པ་རྣམ་པར་དག་པའི་སྒོ་ནས་བསོད་ནམས་བསགས་པ་ལ། སྦྱོར་དངོས་རྗེས་གསུམ་ཚང་བའི་བསྔོ་བ་ཕྱིན་ཅི་མ་ལོག་པའི་སྒོ་ནས་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་སུ་བསྔོས་པས་མཐར་ཐུག་སངས་རྒྱས་ཉིད་ངེས་པར་ཐོབ་ལ། གནས་སྐབས་ཀྱི་ཚེ་འདི་དང་ཕྱི་མའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་འབད་མི་དགོས་པར་འགྲུབ་པ་ཆོས་ཉིད་ཡིན་ཏེ། འབྲས་མཁར་མ་ལོ་ལེགས་ན་ཕུབ་སོག་ཞར་ལས་འབྱུང་བ་ཡིན་པས་ཁྱོད་ཀྱིས་དོན་ཆེན་པོ་འགྲུབ་སྙམ་དུ་དགའ་བ་ཁྱད་པར་ཅན་སྒོམས་ཤིག་ཅེས་བརྗོད་ལ། བདག་གིས་ཀྱང་སླར་ཡང་བདེན་པའི་སྟོབས་བརྗོད་དེ། སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང༌། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །བདག་གིས་བསྔོས་པ་འདི་ཀུན་འགྲུབ་གྱུར་ཅིག །ཅེས་བརྗོད་ལ་ཕྱག་འཚལ་ཏེ་རང་གི་གནས་སུ་གཏང་ངོ༌། །ཐུན་མོང་གི་བསྔོ་བ་ནི་རྒྱས་བསྡུས་རང་གི་བློས་དཔྱད་ལ་བྱའོ། །གལ་ཏེ་ཚེ་འདས་པ་འགའ་ཞིག་གི་དོན་དུ་བསྔོ་བ་བྱེད་ན། འདི་ལྟར་བྱ་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་གིས་དུས་གསུམ་དང་རྗེས་སུ་འབྲེལ་པའི་དགེ་བའི་རྩ་བ་ཅི་བགྱིས་པ་དེ་དག་ཐམས་ཅད་དང༌། བྱེ་བྲག་ཏུ་དེ་རིང་བླ་མ་དང་དཀོན་མཆོག་མཆོད་པ་དང༌། ཕོངས་པ་དང་མགོན་མེད་པ་ལ་སྦྱིན་པ་བཏང་བ་དང༌། འབྱུང་པོ་དང་ཡི་དྭགས་ལ་གཏོར་མ་བྱིན་པ་ལ་སོགས་ཏེ། དགེ་བའི་རྩ་བ་ཅི་བགྱིས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ། ཚེ་འདས་ཤིང་ལུས་བརྗེས་པ་ཆེ་གེ་མོ་ཞེས་བྱ་བས་ཐོག་དྲངས་པའི་ནམ་མཁའི་མཐས་ཀླས་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག དེ་མ་ཐོབ་ཀྱི་བར་དུ་ཡང་ཚེ་འདས་པ་ལས་ཀྱི་སྟོབས་ཀྱིས་འགྲོ་བ་རིགས་དྲུག་གི་སྲིད་པ་གང་ད་སྐྱེས་སམ་སྐྱེའམ་སྐྱེ་བར་འགྱུར་ན་ཡང་བསོད་ནམས་ཀྱི་མཐུ་འདི་དེའི་རྗེས་སུ་འབྲང་བར་གྱུར་ཅིག རིགས་དྲུག་གི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་ནས་མཐུན་པའི་ཕྱོགས་ཐམས་ཅད་འགྲུབ་སྟེ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག ཅེས་ལན་གསུམ་བརྗོད་ལ་དེ་མ་ཐོབ་ཀྱི་བར་དུ་ཡང་རིགས་བཟང་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག ཅེས་པ་ལ་སོགས་པ་སྔར་བརྗོད་པ་བཞིན་དུ་སྦྱར་རོ། །གལ་ཏེ་བླ་མའམ་དགེ་བའི་བཤེས་གཉེན་ལ་སོགས་པ་རང་བས་མཆོག་རྣམས་ཀྱི་ཐུགས་དགོངས་རྫོགས་པར་བྱ་བའི་ཕྱིར་བསྔོ་བ་བྱེད་ན། དགོངས་སུ་གསོལ་བ་ལ་སོགས་པ་སྔ་མ་འདྲ་བར་བྱས་ལ། དགེ་བའི་རྩ་བ་འདི་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ། བསམ་པ་དག་པས་བླ་མ་འམ་དགེ་བའི་བཤེས་གཉེན་ལ་འབུལ་གྱི། ཐུགས་བརྩེ་བ་ཅན་གྱི་ཐུགས་རྗེའི་བརྩེ་བས་ཉེ་བར་དགོངས་ནས་བདག་གི་འདྲེན་པ་མཛད་པར་གྱུར་ཅིག དེ་ལྟར་མཛད་ནས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཇི་ལྟར་དགོངས་པའི་ཡོན་ཏན་དང་ཕྲིན་ལས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་མཛད་པར་གྱུར་ཅིག ཅེས་བརྗོད་པ་ལན་གསུམ་བྱའོ། །གལ་ཏེ་བླ་མ་འགའ་ཞིག་ལ་སོ་སོ་སྐྱེ་བོ་མཆོག་གི་འདུ་ཤེས་ཙམ་ལས་མ་སྐྱེས་ན་དེ་ལྟར་མཛད་ནས་ཞེས་བྱ་བའི་རྗེས་ལ་ཚིག་འདི་སྐད་ཅེས་བསྒྱུར་ལ་བྱ་སྟེ། ས་དང་ལམ་ཐམས་ཅད་མྱུར་དུ་བསྒྲུབས་ཏེ་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་ཆེན་པོ་མངོན་དུ་མཛད་ནས། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཆུ་བོ་སྐམས་ནས་ཐམས་ཅད་མཁྱེན་པའི་གནས་ལ་འཇོག་པའི་འདྲེན་པ་ཆེན་པོ་མཛད་པར་གྱུར་ཅིག གནས་སྐབས་ཀྱིས་གང་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པ་དེ་དག་ཐམས་ཅད་དུ་དེ་དང་རྗེས་སུ་མཐུན་པའི་ཐུགས་དགོངས་ཐམས་ཅད་གོང་ནས་གོང་དུ་འཕེལ་བར་གྱུར་ཅིག ཅེས་ལན་གསུམ་བརྗོད་དོ། །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང༌། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །བདག་གིས་བསྔོས་པ་དེ་ཀུན་འགྲུབ་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་དོ། །དེ་ལྟར་ན་སྤྱིར་བསྔོ་བ་དང༌། བྱེ་བྲག་ཏུ་ཚེ་ལས་འདས་པ་ཐ་མལ་པ་རྣམས་ཀྱི་དོན་དུ་བསྔོ་བ་དང༌། གང་ཟག་མཆོག་རྣམས་ཀྱི་དོན་དུ་བསྔོ་བ་སྟེ། གསུམ་བསྟན་ཏོ། །འདི་དག་གི་ཚིག་གི་རྒྱས་བསྡུས་ལ་ངེས་པ་མེད་པས་གནས་སྐབས་དང་སྦྱར་ཏེ་མང་ཉུང་རང་གི་བློས་དཔྱད་ལ་བྱའོ། །དེ་ལྟར་དགེ་བ་བླ་ན་མེད་བསྔོ་བ། །བླ་མའི་གསུང་དང་གཞུང་ལུགས་མི་འགལ་བར། །གང་ཟག་ཀུན་གྱིས་བདེ་བླག་གོ་བྱའི་ཕྱིར། །ཚིག་གི་སྡེབ་སྦྱོར་སྤངས་ཏེ་བདག་གིས་བཀོད། །དགེ་བ་འདི་ཡིས་བྱ་བ་ཅི་བསྒྲུབས་པ། །དེ་ཀུན་རྫོགས་པའི་བྱང་ཆུབ་རྒྱུར་གྱུར་ཏེ། །སྲིད་པའི་གཅོང་རོང་ཤིན་ཏུ་ཉམ་ང་བར། །འགྲོ་བའི་འགྲོ་རྣམས་བདེ་མཆོག་ཐོབ་པར་ཤོག །བསྔོ་བ་ཡོན་བཤད་དང་བཅས་པའི་ཡི་གེ རང་གི་སློབ་མས་གསོལ་བ་བཏབ་པའི་ངོར། སྡེ་སྣོད་འཛིན་པ་ཆེན་པོ་ས་སྐྱའི་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་ལ། ཚིག་གི་སྡེབ་སྦྱོར་སྤངས་ཏེ་སྦྱར་བའོ། །རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*