སྙི་མོ་སྒོམ་ཆེན་གྱི་དྲིས་ལན།

༼ན༽

༄༅། །སྙི་མོ་སྒོམ་ཆེན་གྱི་དྲིས་ལན་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །དཔལ་ལྡན་ས་སྐྱ་པཎྜི་ཏས། དད་པ་དང་འདུན་པ་དང་ལྡན་ཞིང་སྒྲུབ་པ་སྙིང་པོར་བྱེད་པ་སྙི་མོ་སྒོམ་ཆེན་ལ་སྤྲིང་བ། ཁྱེད་ཀྱི་དྲི་བ་དང་པོ་ཚེ་འདི་བློས་གཏང་བའི་རྒྱུ་གང་ཡིན་ཟེར་བ་ལ། འཁོར་བ་སྙིང་པོ་མེད་པར་ཤེས་པ་ཡིན། གཉིས་པ་རྐྱེན་ནི་འཁོར་བའི་ཉེས་དམིགས་མཐོང་བ་ཡིན། གསུམ་པ་བློས་ཐོང་བའི་ཚད་ནི། འཇིག་རྟེན་ཆོས་བརྒྱད་ལ་བློ་ལོག་པ་ཡིན། བཞི་པ་རྟགས་ནི་འཇིག་རྟེན་ཆོས་བརྒྱད་བསྒོས་ཀྱང་མི་འགོས་པ་ཡིན། ལྔ་པ་ཚེ་གཅིག་གིས་འཚང་རྒྱ་བའི་ཚད་ནི། ལུས་འདི་ཉིད་རྒ་ཤི་ལས་གྲོལ་ནས། སྐུ་བཞིའི་ངོ་བོ་གྲུབ་པ་ཡིན་གསུངས། དྲུག་པ་ལུང་དུ་མ་བསྟན་པའི་ལས་ནི། འབྲས་བུ་བཟང་ངན་གང་ཡང་འབྱིན་མི་ནུས་པའི་ལས་ཡིན། བདུན་པ་བསྔོ་བ་ནི། རྒྱུ་དགེ་བའི་རྩ་བ་འབྲས་བུ་གང་དུ་འདོད་པ་སྒྱུར་བར་བྱེད་པ་ཡིན། བརྒྱད་པ་སྨོན་ལམ་ནི། འབྲས་བུ་གྱ་ནོམ་པ་ལ་སྨོན་པ་ཡིན། དགུ་པ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའི་དོན་ནི། བདེན་པའི་བྱིན་རླབས་ཀྱིས། འབྲས་བུ་བཟང་པོ་བསྐྱེད་པའི་ཚིག་ཁྱད་པར་ཅན་ཡིན། བཅུ་པ་སེམས་རྟོགས་པ་ལ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། བརྩིར་བཏུབ་བམ་མི་བཏུབ་ཟེར་བ་ལ། སེམས་སྟོང་པར་རྟོག་པ་དང༌། སྣང་སྟོང་ཟུང་འཇུག་ཏུ་རྟོགས་པ་གཉིས་ཡོད། སྟོང་པར་རྟོགས་པ་ལ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དོན་བརྩིར་མི་བཏུབ། གལ་ཏེ་བཏུབ་ན། ཉན་ཐོས་ཀྱི་འགོག་པ་ལའང་བརྩིར་བཏུབ་པར་འགྱུར་བ་ལས། འགོག་པ་སྟེ་སྟོང་པ་རྐྱང་པའི་མཐར་ལྷུང་བས་ཐེག་པ་ཆེན་པོའི་བརྗོད་བྱའི་དོན་བརྩིར་མི་བཏུབ་པར། ཐེག་པ་ཆེན་པོའི་མདོ་རྒྱུད་ཐམས་ཅད་ལས་འབྱུང་བ་ཡིན། ཟུང་འཇུག་ཏུ་རྟོགས་པ་ལ་བརྩི་ན་ཉེས་བྱས་ཕྲ་བའི་ཕྲ་བས་མ་གོས་པ། ཚུལ་ཁྲིམས་ཀྱི་གཞི་འདུལ་བའི་སྡེ་སྣོད། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་ཐམས་ཅད་དེ་ལས་འབྱུང་བས་མདོ་སྡེའི་སྡེ་སྣོད། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཤེས་བྱ་ཐམས་ཅད་ཤེས་པས་མངོན་པའི་སྡེ་སྣོད། ཕྱི་ནང་གི་རྟེན་འབྲེལ་ཁྱད་པར་ཅན་རྣམས་རྟོགས་པའི་སྒོ་ནས་རྒྱུད་སྡེ་བཞི་ཚང་བ་ཡིན། བཅུ་གཅིག་པ། རང་སེམས་ཀྱི་སྟེང་དུ་དཀོན་མཆོག་གསུམ་ཚང་ངམ་ཟེར་བ་ལ། སེམས་སྟོང་པའི་ཆ་རྐྱང་པ་དང༌། སྟོང་པ་ངོ་འཕྲོད་པའི་ཆ་ལ། དཀོན་མཆོག་གསུམ་ཚང་དུ་མི་བཏུབ། སེམས་རིག་སྟོང་ཟུང་འཇུག་ལ། དཀོན་མཆོག་གསུམ་གྱི་ས་བོན་ཚང་ཞིང༌། ཟུང་འཇུག་གི་དོན་ལེགས་པར་རྟོགས་ན་མངོན་འགྱུར་དུ་ཚང་བ་ཡིན། བཅུ་གཉིས་པ། མཆོག་གི་དངོས་གྲུབ་བླ་མ་དང༌། ཡི་དམ་དང་གང་ལས་ཐོབ་ཟེར་བ་ལ། དེ་གཉིས་སོ་སོར་ཕྱེ་བ་ལས་མི་འབྱུང༌། བླ་མ་དང་ཡི་དམ་དང་དུས་གསུམ་གྱི་སངས་རྒྱས་དང༌། རང་གི་སེམས་དང༌། འཁོར་འདས་ཐམས་ཅད་དབྱེར་མེད་དུ་རྟོགས་པ་ལས་འབྱུང་བ་ཡིན། བཅུ་གསུམ་པ། བླ་མ་མཚན་ཉིད་པར་གང་གིས་འགྲོ་ཟེར་བ་ལ། གསང་སྔགས་ཀྱི་རྒྱུད་སྡེ་དང་མཐུན་པའི་དབང་བཞི་ཕྱིན་ཅི་མ་ལོག་པ་ཐོབ་པའི་ཡུལ་ཅིག་བླ་མ་མཚན་ཉིད་པར་འགྱུར། དབང་བསྐུར་མ་ཐོབ་པའི་བླ་མ་ཇི་ལྟར་གང་ཟག་བཟང་ཡང་བླ་མ་བཏགས་པ་བ་ཡིན། དཔེར་ན་རབ་ཏུ་བྱུང་ནས་མཁན་པོ་མཚན་ཉིད་པ་ཡོད་པ་ལ་རབ་ཏུ་མ་བྱུང་བ་ལ་མཁན་པོ་མཚན་ཉིད་པ་མེད་ཅིང༌། མཁན་པོ་ཞེས་བརྗོད་ཀྱང་བཏགས་པ་བ་ཡིན། དེས་ན། དབང་མ་བསྐུར་ལ་བླ་མ་མེད། །རབ་བྱུང་མིན་ལ་མཁན་པོ་མེད། །སྡོམ་པ་མེད་ལ་དགེ་རྒྱུན་མེད། །སྐྱབས་འགྲོ་མེད་ལ་ཆོས་པ་མིན། །ཞེས་བརྗོད་པའི་དོན་ཡང་དེ་ལགས། བཅུ་བཞི་པ། སངས་རྒྱས་ཀྱི་གསུང་གཅིག་ལ་ཐོས་བསམ་བསྒོམ་གསུམ་ཚང་བ་སྲིད་དམ་ཟེར་བ་ལ། སངས་རྒྱས་ཀྱི་གསུང་གཅིག་ལ་བརྟེན་ནས། ཐོས་བསམ་བསྒོམ་གསུམ་ཚང་བར་བྱར་བཏུབ། གསུང་གི་ངོ་བོ་དེ། དེ་བཞིན་གཤེགས་པའི་གསུང་གི་ཕྲིན་ལས་བྱ་བ་ཡིན། བཅོ་ལྔ་པ། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་གང་ཟབ་ཟེར་བ་ལ། གདུལ་བྱ་སོ་སོ་སོ་སོའི་བསམ་པའི་ངོ་བོ་ལ་ལྟོས་ནས། ཐམས་ཅད་ཀྱང་ཟབ་པ་ཡིན། ཐུན་མོང་དུ་གཞན་གསང་སྔགས་ཁོ་ན་ཟབ་པ་ཡིན། བཅུ་དྲུག་པ་སེམས་སྟོང་པར་རྟོགས་པ་ལ་སངས་རྒྱས་འབྱུང་ངམ་མི་འབྱུང་ཟེར་བ་ལ། སྟོང་པ་རྐྱང་པ་རྟོགས་པ་ལས་སངས་རྒྱས་མི་འབྱུང༌། ཤེས་བྱ་ཐམས་ཅད་རྟོགས་ན་འཚང་རྒྱ་བ་ཡིན། དེ་ལའང་རྟོགས་ལུགས་གཉིས་ཡོད། དོན་དམ་པ་རྟོགས་རྒྱུ་མེད་པར་རྟོགས་པ་དང༌། ཀུན་རྫོབ་ཏུ་ཅི་སྙེད་ཡོད་པ་དེ་སྙེད་སོ་སོར་རྟོགས་པ་ཡིན། བཅུ་བདུན་པ། ཁྱོད་རྟོགས་ལྡན་དུ་ཞལ་གྱིས་བཞེས་སམ་མི་བཞེས་ཟེར་བ་ལ། ངས་དོན་དམ་པར་ཆོས་གང་ཡང་རྟོགས་རྒྱུ་མ་རྙེད་པས། རྟོགས་ལྡན་དུ་ཁས་མི་ལེན། ཐ་སྙད་ཀུན་རྫོབ་ཏུ་ཤེས་བྱ་རིག་པའི་གནས་ལྔ་ཤེས་པས་མཁས་པར་ཁས་འཆེ་བ་ཡིན། བཅོ་བརྒྱད་པ། ཁྱེད་ཀྱི་གྲ་པ་ན་སེམས་ངོ་འཕྲོད་པ་ཡོད་དམ་ཟེར་བ་ལ། ངེད་ཀྱི་གྲ་པ་འདི་ནའང་དོན་དམ་པར་སེམས་རྟོགས་རྒྱུ་མེད་པར་གོ་ལ། ཐ་སྙད་ཀུན་རྫོབ་ཏུ་ཤེས་བྱ་ལ་མཁས་པ་མང་པོ་གདའ། སེམས་ལ་ངོ་བོ་མེད་པར་སེམས་ངོ་ཤེས་པར་ཅང་མཆི་འམ། བཅུ་དགུ་པ་སེམས་ངོ་མ་འཕྲོད་ན། བསོད་ནམས་ཀྱི་ཚོགས་བསགས་ཀྱང་གནས་སྐབས་ཀྱི་བདེ་བར་མི་འགྱུར་རམ་ཟེར་བ་ལ། སེམས་ཀྱི་གནས་ལུགས་སྟོང་པ་ཉིད་ཀྱི་དོན་མ་རྟོགས་ན་བསོད་ནམས་ཀྱི་ཚོགས་ཀྱིས་རྣམ་གྲོལ་གྱི་བདེ་བ་ཐོབ་མི་ནུས་པར། སྲིད་པའི་རྩེ་མོ་མན་ཆད་ཀྱི་བདེ་བའི་རྒྱུར་འགྱུར་བ་ལགས་མོད། བསོད་ནམས་ཀྱི་ཚོགས་མ་རྫོགས་ཤིང༌། ཤེས་བྱ་མི་ཤེས་ན་སེམས་སྟོང་པར་རྟོགས་པ་རྐྱང་པ་ལའང་སངས་རྒྱས་ཅང་མཆི་འམ། སྟོང་པར་རྟོགས་པ་རྐྱང་པ་ཉན་ཐོས་ཀྱི་འགོག་པ་ལའང་ཡོད། ནམ་མཁའ་སྟོང་པར་ཡང་ཡོད་དེ། དེ་དག་ལ་སངས་རྒྱས་ཇི་ལྟར་མཆི། དེས་ན་ཤེས་བྱ་ཐམས་ཅད་ལ་མཁས་ཤིང༌། རང་གིས་ངོ་བོ་རྟོགས་རྒྱུ་མེད་པར་རྟོགས། མཁས་རྒྱུ་མེད་པར་མཁས་པ་ལ་སངས་རྒྱས་འབྱུང་བ་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་ཡིན། ཉི་ཤུ་པ། བླ་མ་པ་དུས་ཇི་ཙམ་ན་སངས་རྒྱས་པའི་ངེས་པ་མཆིས་སམ་ཟེར་བ་ལ། གང་ཟག་ལ་ལས་སེམས་རྐྱང་པ་སྟོང་པར་རྟོགས་ཀྱང༌། ཐབས་ཀྱི་ཡོན་ཏན་མ་རྫོགས། ལ་ལ་ཡོན་ཏན་ཡོད་ཀྱང་སེམས་སྟོང་པར་མ་རྟོགས། ལ་ལ་གཉིས་ཀ་ཡོད་ཀྱང༌། ཐབས་མཁས་པས་འཕེན་མི་ནུས། ཁ་ཅིག་ལ་གཞན་ཡོད་ཀྱང༌། བྱིན་རླབས་ཀྱི་བརྒྱུད་པ་མེད་པས་གསལ་སྣང་བསྐྱེད་མ་ནུས། དེས་ན་དེ་དག་ལ་སངས་རྒྱས་འགྱང་གིས་དོགས། ངེད་ལ་འདི་རྣམས་ཅི་རིགས་ཚང་བས། མྱུར་དུ་འཚང་རྒྱ་རྒྱུ་མེད་པའི་ཚུལ་གྱིས་འཚང་རྒྱ་བ་རེ་བ་ལགས། ཉི་ཤུ་རྩ་གཅིག་པ། ཁྱེད་ཀྱི་རྩ་བའི་བླ་མ་གང་ཡིན་ཟེར་བ་ལ། ངེད་ཀྱི་རྩ་བའི་བླ་མ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པ་དྲུག་པ་རྡོ་རྗེ་འཆང་དཔལ་ས་སྐྱ་པ་ཆེན་པོ་དེ་ལགས། ཉི་ཤུ་རྩ་གཉིས་པ། རྩ་བའི་བླ་མར་བགྱིད་པའི་རྒྱུ་མཚན་གང་ལགས་ཟེར་བ་ལ། བུམ་དབང་ལ་སོགས་པའི་དབང་བཞི་བསྐུར། བསྐྱེད་རིམ་ལ་སོགས་པའི་ལམ་བཞི་བསྟན། སྤྲུལ་སྐུ་ལ་སོགས་པའི་སྐུ་བཞིའི་རྟེན་འབྲེལ་འགྲིག མདོར་ན་སངས་རྒྱས་ཀྱི་མདོ་རྒྱུད་ནས་ཇི་ལྟར་གསུངས་པ་ལྟར་མཛད་པར་གདའ་བས་རྫོགས་པའི་སངས་རྒྱས་མཛད་པ་པོ་ལགས་པས་རྩ་བའི་བླ་མར་འཛིན་པ་ལགས། གཞན་ཡང་སངས་རྒྱས་ཀྱིས་གསུངས་པ་བཞིན་དབང་མ་བསྐུར། ལམ་མ་བསྟན། རྟེན་འབྲེལ་མ་བསྒྲིགས་པ་སེམས་ངོ་སྤྲོད་པ་དེས་བསོད་ནམས་ཅི་རིགས་པ་བསགས་ཀྱང་ཉན་ཐོས་ཀྱི་འགོག་པའི་གདམས་ངག་ཏུ་འདུག་པས། དེ་འདྲའི་རིགས་ཅན་ཐེག་པ་ཆེན་པོའི་གང་ཟག་གི་རྩ་བའི་བླ་མར་གཟུང་དུ་མི་རུང་བ་ཡིན་ཏེ། ལམ་དེ་ཐེག་པ་ཆེན་པོའི་ལམ་མ་ཡིན་པའི་ཕྱིར་རོ། །དེ་ཡང་སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང༌། །ཞེས་བྱ་བ་དང༌། རྣམ་སྣང་མངོན་བྱང་ལས། ཐབས་དང་མི་ལྡན་ཡེ་ཤེས་དང༌། །བསླབ་པ་དག་ཀྱང་གསུངས་པ་ནི། །དཔའ་བོ་ཆེན་པོས་ཉན་ཐོས་རྣམས། །དེ་ལ་གཞུག་པའི་ཕྱིར་གསུངས་སོ། །དེས་ན་ཐབས་གཙོ་ཆུང༌། ཤེས་རབ་གཙོ་ཆེ་བ་རྣམས་ཉན་ཐོས་ཀྱི་འགོག་པར་ལྟུང་བ་ཡིན། ཉི་ཤུ་རྩ་གསུམ་པ། མཁས་པ་པཎྜི་ཏ་དང༌། ཀུ་སུ་ལུ་གཉིས་སངས་རྒྱས་ལ་ལམ་ཐག་གང་ཉེ་ཟེར་བ་ལ། སྤྱིར་ཀུ་སུ་ལུ་བྱ་བ་དེ་མ་དག་པ་ཡིན། ཀུ་ས་ལི་ཞེས་པ་དགེ་བ་ཅན་ཞེས་བྱ་བ་ཡིན། དེ་ལ་སངས་རྒྱས་ཀྱི་ལམ་ལ་མ་བརྟེན་པའི་ཀུ་ས་ལི་ཡང་ཡོད། སངས་རྒྱས་ཀྱི་ལམ་ལ་མ་བརྟེན་པའི་པཎྜི་ཏ་ཡང་ཡོད། དེ་གཉིས་ཀ་ལ་སངས་རྒྱས་མི་མཆི། སངས་རྒྱས་པའི་པཎྜི་ཏ་དང༌། སངས་རྒྱས་པའི་ཀུ་ས་ལི་གཉིས་གཉིས་ཡོད་དེ། དེ་ལ་ཕ་རོལ་ཏུ་ཕྱིན་པའི་པཎྜི་ཏ་དང༌། ཀུ་ས་ལི་གཉིས་ཀ་ལ་སངས་རྒྱས་འོང་སྟེ། བསྐལ་པ་གྲངས་མེད་གསུམ་ལ་སོགས་པ་ཡུན་རིང་དུ་འགོར། གསང་སྔགས་པའི་པཎྜི་ཏ་དང༌། ཀུ་ས་ལི་གཉིས་པོ་དེ། རྟེན་འབྲེལ་ནང་དུ་བསྒྲིགས་པས་མྱུར་དུ་འཚང་རྒྱ་བ་ཡིན། དེའང་པཎྜི་ཏ་བྱ་བ་ཕྱི་ནང་གི་ཤེས་བྱའི་གནས་ལ་མཁས་པ་ལ་ཟེར། ཀུ་ས་ལི་ཞེས་བྱ་བ་ཕྱིའི་སྤྲོས་པ་ཐམས་ཅད་བཅད་ནས། ནང་ལ་མཆོག་ཏུ་གཞོལ་བ་ལ་ཟེར། མངོན་པར་རྫོགས་པར་འཚང་རྒྱ་བ་ལ་དང་པོ་ཤེས་བྱ་ཐམས་ཅད་ལ་མཁས་པར་བྱས་ནས་ཐོས་བསམ་གྱི་སྒོ་ནས་སྒྲོ་འདོགས་བཅད། དེ་ནས་ཏིང་ངེ་འཛིན་སྙིང་པོར་བྱེད་པས་བསྒོམ་པའི་སྒོ་ནས་སྒྲོ་འདོགས་བཅད་པས་རྟོགས་པའི་ཆོས་མངོན་དུ་འགྱུར་ནས་རིམ་གྱིས་འཚང་རྒྱ་བ་ཡིན་པས་པཎྜི་ཏ་དང༌། ཀུ་ས་ལིའི་གཞི་མཐུན་ཅིག་དགོས་པ་ཡིན། ཡ་གྱལ་གྱི་དབང་དུ་བྱས་ན། མཁས་པས་སངས་རྒྱས་ལ་ཉེ་བ་ཡིན། འོ་ན་དཀོན་མཆོག་བརྩེགས་པ་ལས། གང་གིས་བསྐལ་བ་བཅུ་བར་དུ། །མཉན་ཏེ་གཞན་ལ་བཤད་པ་བས། །གང་ཞིག་སྐད་ཅིག་གཅིག་བསྒོམས་ན། །དེ་ཡི་བསོད་ནམས་དེ་བས་ལྷག །ཅེས་གསུངས་པ་དང་མི་འགལ་ལམ་སྙམ་ན། དེའི་དགོངས་པ་ནི། ཐོག་མར་བསྒོམ་བྱའི་དོན་མཁས་པ་ཤེས་ན་བསྒོམ་པ་ལ་དགོངས་པ་ཡིན་གྱིས་མི་ཤེས་པར་བསྒོམ་པ་ལ་ཕན་ཡོན་དེ་ལྟ་བུ་ག་ལ་འབྱུང༌། འདུལ་བ་ལས་ཀྱང༌། སྡེ་སྣོད་འཛིན་པ་མ་ཡིན་པ་རི་ཁྲོད་དུ་མི་བསྒོམ་པར་བཤད། མངོན་པ་མཛོད་ལས་ཀྱང༌། ཚུལ་གནས་ཐོས་དང་བསམ་ལྡན་པ། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་དང༌། སློབ་དཔོན་འཕགས་པས་ཀྱང༌། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །དེས་ན་མདོ་ཐམས་ཅད་ནས་རྣམ་གྲངས་འདི་ཐོས་པས། འདི་ཉིད་གྲོལ་ཞེས་མང་དུ་གསུངས་པས། ཐོས་པས་མ་གྲོལ་ན་ཕྱིས་བསྒོམ་པར་གསུངས་པའོ། །ཁྱོད་ཀྱང་རྟོགས་ལྡན་དུ་བཞུགས་པ་ངོ་མཚར་ཆེ། ད་དུང་གསང་སྔགས་ཀྱི་ཐབས་ལམ་ལ་འབད་ན་ལེགས་སྙམ། རྟོགས་ལྡན་ཁྱོད་ཀྱིས་དྲིས་པའི་ལན། །རྟོགས་རྒྱུ་མེད་པར་བདག་གིས་རྟོགས། །གོ་རྒྱུ་མེད་པར་བདག་གིས་གོ །ཤེས་བྱ་མེད་པར་བདག་གིས་ཤེས། །སྙི་མོ་སྒོམ་ཆེན་གྱིས་དྲིས་པའི་ལན་དུ་བཏབ་པ། རེ་ཞིག་རྫོགས་སོ།།  །།འདིའི་ཕྱི་མོ་དག་པ་མ་རྙེད་ཅིང༌། །དྲིས་ལན་གཞུང་དང་དེ་བཞིན་གཞན་ད་གིས། །མཆན་དུ་བཏབ་པའང་རྣམ་པར་འདྲེས་གྱུར་པ། །དག་པར་བགྱི་དང་རྣམ་པར་ཕྱེད་བགྱིའི་ཕྱིར། །གསུངས་པ་པོ་དེའི་ཞབས་རྡུལ་གུས་ལེན་པ། །འཕགས་པ་ཞེས་བྱས་བྱི་དོར་ཅུང་ཟད་བགྱིས། །འདི་ལ་ནོངས་གང་དེ་ལ་བཟོད་པར་རིགས། །དགེ་བས་འགྲོ་བློ་རྣམ་པར་དག་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*