འཆི་ཁ་མའི་གདམས་ངག་ངོ་མཚར་ཅན།

༼ན༽

༄༅། །འཆི་ཁ་མའི་གདམས་ངག་ངོ་མཚར་ཅན་བཞུགས།།

༄༅། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དང་པོ་དཀོན་མཆོག་གསུམ་སྐྱབས་འགྲོ། །དེ་ནས་བྱང་ཆུབ་སེམས་བསྒོམ་བྱ། །མདུན་དུ་སྣང་བ་མཐའ་ཡས་བསྒོམ། །དེ་ལ་ཕྱག་འཚལ་མཆོད་པ་བྱ། །སྦྱོར་བའོ། །སྡིག་པ་དག་པའི་ངེས་ཤེས་བསྐྱེད། །ཞེན་པ་ཐམས་ཅད་གཏང་བར་བྱ། །འཆི་ལ་འཇིགས་པ་མེད་སེམས་ཀྱིས། །སྣང་བ་མཐའ་ཡས་ཏིང་འཛིན་བསྒྲུབ། །དངོས་གཞིའོ། །ཕྱི་ནས་རང་གི་ལུས་ལ་བསྡུ། །བདག་ཉིད་དེ་ཡི་ངོ་བོར་བསྐྱེད། །དགེ་བ་སེམས་ཅན་རྣམས་ལ་བསྔོ། །ཕྱིས་ཀྱང་དེ་ལ་གོམས་པར་བྱ། །མཇུག་གོ །དེ་ལ་ནད་དང་གདོན་མི་འབྱུང༌། །འཆི་བའི་དུས་ན་སྡུག་བསྔལ་མེད། །བར་དོར་ཐུབ་པས་རྗེས་སུ་འཛིན། །ཕྱི་མའི་དུས་སུ་ཐར་པ་ཐོབ། །ཕན་ཡོན་ནོ། །འཆི་ཀ་མའི་གདམས་ངག་ངོ་མཚར་ཅན། བླ་མ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་གསུང་བཞིན། དཔལ་ལྡན་ས་སྐྱ་པཎྜི་ཏས་ཡི་གེ་ཉུང་ངུར་བཀོད་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*