རྔའི་བསྟོད་པ་སྒྲ་ལས་དྲངས་པ།

༼ན༽

༄༅། །རྔའི་བསྟོད་པ་སྒྲ་ལས་དྲངས་པ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། ལྷ་དང་ལྷ་དབང་ཀླུ་དབང་མི་ཡི་གཙོ། །ཆེ་བའི་ཆེ་བ་གཙུག་གི་གཙུག་རྒྱན་གྱིས། །བུ་རམ་ཤིང་པའི་ཞབས་ལ་མངོན་མཆོད་པ། །ཤཱཀྱའི་རྒྱལ་པོ་དེ་ལ་བདག་དད་དོ། །འགྲོ་བའི་བླ་མ་སྲིད་གསུམ་སྙན་པར་གྲགས། །འཆི་མེད་དབང་པོའི་ཆོས་རྔ་ཆོས་ཀྱིས་མཐོ། །དམ་པའི་སྐྱེ་བོ་མཁས་པ་རྣམས་ལ་གསལ། །དགེ་བའི་སྒྲ་དབྱངས་ཕྱོགས་བཅུར་གྲགས་པར་ཤོག །ཉེ་བར་ཕན་ལ་ཡིད་འོང་སྒྲ། །རྣམ་པ་ཀུན་དུ་ཐེ་ཚོམ་གཅོད། །མཁས་པའི་སྙིང་ལ་ཆར་བཞིན་འབབ། །ཐམས་ཅད་མཁྱེན་པ་རྣམས་ཀྱི་གསུང༌། །དེ་ལྟའི་ཚུལ་འཛིན་ཆོས་ཀྱི་རྔ། །བདུད་སྡེའི་ཀླད་པ་རབ་འགེམས་ཤིང༌། །མུ་སྟེགས་བྱེད་པའི་ང་རྒྱལ་འཇོམས། །ཆོས་མིན་སྤྱོད་པ་སུན་འབྱིན་བྱེད། །དམ་པའི་ཆོས་སྐྱོང་གཙུག་ལག་ཁང་གི་རྒྱན། །དགའ་སྟོན་འདུ་བ་དགེ་འདུན་འབོད་པའི་དབྱངས། །འཆལ་བའི་གང་ཟག་ཕྱི་རོལ་སྐྲོད་པའི་སྒྲ། །སྡོམ་བརྩོན་འདུས་ལ་དགེ་བ་སྤྱོད་ཅེས་སྐུལ། །ཤིང་ལྤགས་བྱམས་དང་སྙིང་རྗེའི་རང་བཞིན་ལ། །གཟེར་བུ་བུ་ག་དགའ་དང་བཏང་སྙོམས་ཚུལ། །ཁོང་པ་ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད། །དབྱུ་གུ་ཐབས་དང་ཤེས་རབ་བཟུང་འབྲེལ་བ། །ལྷག་བསམ་དག་པའི་སྐྱེས་བུས་བསྐུལ་བ་ན། །རྟེན་ཅིང་འབྲེལ་འབྱུང་ཟབ་མོའི་སྒྲ་དབྱངས་ཅན། །ཧ་ཧའི་གད་རྒྱངས་ཊཱ་ཀ་ཌཱ་ཀཱིའི་སྒྲ། །ཛ་བ་ཛི་བ་མེ་ཏོག་མདའ་འཇོམས་པ། །གང་ལ་སུ་ར་ཝ་ར་ན་མི་ཏ། །ཧཱུྃ་ཧཱུྃ་ཕཊ་ཕཊ་བདུད་ཀྱི་ཀླད་པ་འགེམས། །གང་གི་མཚན་མོ་བྱང་ཆུབ་ཤིང་དབང་དྲུང༌། །འཆི་མེད་བརྙེས་པ་དེ་ཡི་གསུང་རབ་རྒྱལ། །གང་དག་སྤྲིན་སྒྲ་ཟིལ་གནོན་རྔ་བོ་ཆེ། །སྒྲུབ་དང་རྡུང་རབ་བརྩོན་པའི་སྐྱེ་བོ་དང༌། །འདི་སྒྲ་ཐོས་དང་ཆེད་དུ་འཛིན་པ་གང༌། །དེ་ཀུན་རྒྱལ་བའི་ཞིང་ཁམས་མ་ལུས་པར། །ཆོས་ཀྱི་རྒྱལ་པོའི་གོ་འཕང་མཐོ་ཐོབ་ནས། །ཆོས་སྒྲ་སྒྲོགས་པའི་ཆོས་མཛོད་ཐོབ་པར་ཤོག །སྐད་གཉིས་སྨྲ་བ་དེ་ལ་དེས་བསྐུལ་ནས། །སྒྲ་ལས་དྲངས་པའི་ཚིགས་བཅད་འདི་བརྗོད་དོ། །རྟ་ནག་རི་ཁུད་དུ་ས་སྐྱ་པཎྜི་ཏས་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*