འཇམ་དཔལ་གྱི་བསྟོད་པའི་རྣམ་བཤད།

༼ན༽

༄༅། །འཇམ་དཔལ་གྱི་བསྟོད་པའི་རྣམ་བཤད་བཞུགས།།

༄༅། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བློ་གྲོས་གཙུག་ན་ཡོན་ཏན་ནོར་བུའི་འོད་གསལ་ཞིང༌། །བདེན་གཉིས་རོ་འཛིན་སྟོང་ཉིད་ཕུད་སྒྲའི་སྒྲ་སྒྲོགས་ལ། །མཁྱེན་བརྩེའི་ལྟ་ཟེར་ཕས་རྒོལ་སྐྱེ་བོས་མི་བཟོད་པ། །བློ་གསལ་རྒྱ་མཚོའི་རྒྱན་གྱུར་དཔལ་ལྡན་ཀླུ་དབང་རྒྱལ། །གང་གིས་རྒྱལ་བའི་ཡེ་ཤེས་ཆུ། །གཏིང་དཔག་དཀའ་བའི་རྒྱ་མཚོ་ལ། །དེ་ལྟ་དེ་མཁྱེན་དེ་ལྟ་ནའང༌། །དད་པས་དེ་དོན་དེ་ཡིས་དཔགས། །འདི་དོན་རྒྱས་པར་བློ་ཞན་པ། །བདག་གིས་དབྱེ་བར་མི་ནུས་ཀྱང༌། །དམ་པའི་གྲོགས་ཀྱིས་བསྐུལ་བའི་ངོར། །ཅུང་ཟད་སྤེལ་བའི་རྣམ་བཤད་བྱ། །འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྒོ་གསུམ་གྱི་ཡོན་ཏན་གང་ཅིའང་རུང་བའི་ཆ་ཤས་ཙམ་ཡང་བདེ་བར་གཤེགས་པ་རྒྱ་མཚོ་དག་གིས་བསྔགས་པར་མཛད་ཀྱང་བས་པར་འགྱུར་བ་མི་མངའ་མོད། དེ་ལྟར་ནའང་ཀུན་རྫོབ་ཀྱི་ཆ་རྣམ་པར་བཟུང་སྟེ། ཡོན་ཏན་གྱི་རིགས་མདོ་ཙམ་ཞིག་བསྡུ་བར་བཞེད་ནས་བསྟོད་པ་འདི་མཛད་དོ། །འདིའི་རྣམ་པར་བཤད་པ་ཡང༌། སྒྲའི་བཤད་པ་དང་རྗེས་སུ་བསྟུན་ནས་སྒྲ་ཇི་བཞིན་པ་དང་ཇི་བཞིན་མ་ཡིན་པ་ལ་སོགས་པ་དང་སྦྱར་ཏེ་བཤད་ན་རྡོ་རྗེ་ཐེག་པ་དང་ཕ་རོལ་ཏུ་ཕྱིན་པ་ལས་གྲགས་པའི་ཡོན་ཏན་མཐའ་དག་གཞུང་འདི་ཉིད་དུ་འདུ་བར་རྩོམ་པ་པོ་ཉིད་ཀྱིས་དགོངས་ཀྱང༌། དེ་ཙམ་ཞིག་བཤད་ན་ཡི་གེ་མངས་པར་འགྱུར་བ་དང༌། རྡོ་རྗེ་ཐེག་པ་ལས་གྲགས་པ་འགའ་ཞིག་ཐུན་མོང་དུ་བཤད་དུ་མི་རུང་བས། འདིར་སྒྲ་ཇི་བཞིན་པའི་བཤད་པ་གཞུང་ན་ཇི་ལྟར་སྣང་བ་དེ་ལས་ཅུང་ཟད་ཅིག་ལྷག་པ་དང་བཅས་པ་བཤད་པར་བྱའོ། །དེ་ལ་ཐོག་མར་མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ནས། ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལ་ཡང་དགོས་པ་དང༌། བསྡུས་པ་དང༌། ཚིག་གི་དོན་གསུམ་ལས། དང་པོ་ནི་བཅོམ་ལྡན་འདས་ཀྱིས་མདོ་ལས། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མཚན་བསྐལ་པའམ་བསྐལ་པ་ལས་ལྷག་པར་བརྗོད་པ་བས། སྐྱེས་བུ་གང་ཞིག་གིས་འཇམ་དཔལ་ཞེས་བརྗོད་ན། དེ་ཉིད་དེའི་བསོད་ནམས་ཆེན་པོར་འགྱུར་རོ་ཞེས་གསུངས་པས་ན། འཇམ་དཔལ་ཞེས་པའི་མིང་ཙམ་ལ་ཡང་བསོད་ནམས་དེ་སྲིད་ཡོད་ན། གང་གིས་དེའི་ཡོན་ཏན་ཡིད་ལ་བསམས་ཏེ་བསྟོད་པ་ངག་ཏུ་བརྗོད་ན་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་དགོངས་ནས་རྩེ་གཅིག་པའི་ཐུགས་ཀྱིས་བསྟོད་པ་འདི་མཛད་དོ། །བསྡུས་པའི་དོན་ལ། ཀླད་དང༌། གཞུང་དང༌། མཇུག་གི་དོན་གསུམ་ལས། བར་པ་ལ་སྐུ་བསྐྱེད་པའི་རིམ་པ་དང༌། གསུང་གསང་སྔགས་ཀྱི་བཟླས་པ་དང༌། ཐུགས་མཐར་ཐུག་གི་ཡོན་ཏན་ལ་བསྟོད་པའོ། །ནང་གསེས་ཀྱི་དབྱེ་བ་གཞུང་ཉིད་དུ་གསལ་ལོ། །ཚིག་གི་དོན་ལ་མཚུངས་མེད་ཅེས་པ་ནི་གང་གིས་རྩོམ་པ་པོ་ཉིད་ལ་འཇམ་པའི་དབྱངས་ཀྱི་གདམས་ངག་རྗེས་སུ་བསྟན་པ་དེ་ཉིད་མཚུངས་པ་མེད་པའི་བླ་མ་ཡིན་པས་དེ་ལ་ཕྱག་འཚལ་ནས་བསྟོད་པ་འདི་བརྗོད་ཅེས་སྦྲེལ་ལོ། །གང་ལ་བསྟོད་ན་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རིམ་པ་བཞིན་སྨོས་པ། འཇམ་དཔལ་འཇམ་དབྱངས་འཇམ་པའི་རྡོ་རྗེ་སྟེ། དེ་ཉིད་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡབ་སྟེ། དངོས་སུ་ན་དེ་དག་གི་སེམས་བསྐྱེད་པའི་སློབ་དཔོན་ཡིན་ལ། དོན་གྱིས་ན་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་སོ། །སྤྱན་རས་གཟིགས་ནི་སྙིང་རྗེ་ཆེན་པོའི་ཚིག་བླ་དགས་ཏེ། སྟོང་པ་ཉིད་དང་སྙིང་རྗེ་ལས་དེ་བཞིན་གཤེགས་པ་འབྱུང་བར་འགྱུར་རོ་ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་ཡུལ་དེ་ལ་བདག་ཁོ་ནར་མ་ཟད། མུ་སྟེགས་བྱེད་ཀྱི་སྟོན་པས་ཀྱང་མཆོད་དོ་ཞེས་འཆད་པ་ནི། དྲག་པོ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་དངོས་སུ་དྲག་པོ་ནི་དབང་ཕྱུག འཕྲོག་བྱེད་ནི་ཁྱབ་འཇུག དབྱིག་གི་སྙིང་པོ་ཚངས་པ། སྲེག་བྱེད་མེ་ལྷ། མིག་སྟོང་བརྒྱ་བྱིན་ཏེ་དེ་དག་གིས་ཕྱག་བྱས་པ་ཡིན་ལ། དོན་དུ་ན་དྲག་པོ་ལ་སོགས་པ་རིམ་པ་ལྟར་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ཕྲག་དོག་དང༌། ང་རྒྱལ་ཡིན་ལ། གཙུག་གི་ནོར་བུ་ནི་ལྷ་ཆེན་པོ་དག་ལ་ཡོད་པ་ལྟར་ཉོན་མོངས་པ་དག་ལ་ཡོད་པའི་ཆོས་ཏེ། དེ་ཡང་ལེགས་པར་སྦྱར་བ་ལ་ཙཱུ་ཏཱ་མ་ཎི་ཞེས་བྱ་ལ། དེ་ཡང་ཙཱུ་ཏ་ནི་འཆི་འཕོ། དུཿཁ་མ་ན་ནི་ཡིད་མི་བདེ་བ་སྟེ། དེ་ལྟར་ན་འཁོར་བའི་རྒྱུ་ཉོན་མོངས་དང་འབྲས་བུ་སྡུག་བསྔལ་དག་སྟོང་པ་ཉིད་བསྒོམས་ན་ཞི་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་དེ་དག་ཏུ་མ་ཟད། འཇིག་རྟེན་ལས་འདས་པས་ཀྱང་མཆོད་པ་ནི། སངས་རྒྱས་ཞེས་པ་ཤླཽ་ཀ་གཉིས་ཏེ། དེ་ཡང་མདོ་ལས་ངེད་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡབ་ཅེས་པ་དང༌། བྱམས་པས་སྨྲས་པ། ང་ལྟ་བུའི་ས་བཅུ་པས་འཇིག་རྟེན་གྱི་ཁམས་བཀང་སྟེ་རྩེ་གཅིག་ཏུ་བལྟས་ཀྱང༌། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་གོམ་པར་འདོར་འཇོག་ཀྱང་མི་ཤེས་སོ་ཞེས་པ་དང༌། ཤཱ་རིའི་བུ་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱ་ཙམ་འཇམ་དཔལ་གྱི་གསུང་མཉན་པའི་ཕྱིར་ལྷགས་སོ་ཞེས་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཁྱོད་ཀྱིས་འགྱོད་པ་ནི་ཕྱོགས་བཅུའི་སངས་རྒྱས་རྣམས་ལ་བསྐལ་པར་བཤགས་ཀྱང་མི་འདག་གི འོན་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྐྱབས་སུ་སོང་ཤིག་དང་དེས་སྟོན་པར་འགྱུར་རོ་ཞེས་གསུངས་པ་བཞིན་ནོ། །དེས་ན་བདག་ཀྱང་སྙན་ངག་མེ་ཏོག་སྙིམ་པས་མཆོད་ཅེས་སྦྲེལ་ཏེ། སྙིམ་པའི་མེ་ཏོག་ལ་དབྱིབས་ལེགས་པ་དྲི་ཞིམ་པ་ཉེ་བར་མཁོ་བའི་ཆོས་གསུམ་ཡོད་པ་ལྟར། བསྟོད་པ་འདིའང་བསྡེབས་ལེགས་པས་རྣར་སྙན་པ། དོན་དང་ལྡན་པས་ཡིད་དུ་འོང་བ། སྐབས་སུ་བབ་པས་ཉེ་བར་མཁོ་བའི་ཆོས་གསུམ་དང་ལྡན་པས་བསྟོད་དོ་ཞེས་པའོ། །ད་ནི་བསྐྱེད་པའི་རིམ་པ་སྐུའི་ཡོན་ཏན་ལས་དཔགས་ཏེ་བསྟོད་པ་ལ། ཐོག་མར་ཨ་ར་པ་ཙ་ན་ཞེས་གང་གྲགས་པ་དེའི་ཡོན་ཏན་ནི་བཙོ་མའི་གསེར་དང་ཞེས་བྱ་བ་ལ་སོགས་པ་སྟེ། འདིའི་དོན་ཡང་མདོ་ལས། དུ་བ་ལས་ནི་མེར་ཤེས་ཤིང༌། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས་པ་ལྟར་ཁ་དོག་དང་ཕྱག་མཚན་ལ་སོགས་པའི་ཁྱད་པར་ལས་ཡོན་ཏན་གྱི་བྱེ་བྲག་གོ་བར་ནུས་པ་སྟེ། བླ་མས་སྟོན་པར་འགྱུར་བ་དང་ཡི་གེ་མངས་པས་འཇིགས་པས་དེའི་རིགས་ཅན་མཐའ་དག་འདིར་མི་བྲིའོ། །འཇམ་དཔལ་གྱི་བྱེ་བྲག་གཞན་ལ་བསྟོད་པ། རབ་དཀར་ཨནྡ་རྙིལ་དང་ཞེས་པ་སྟེ། འཇམ་དཔལ་དཔའ་བོ་གྲུབ་པ་ལ་སོགས་པ་འགའ་ཞིག་གངས་རི་ལྟར་དཀར་བ་དང༌། དེ་བཞིན་དུ་ལ་ལ་ཨནྡ་རྙིལ་ལྟར་སྔོ་བ་དང༌། མརྒད་ལྟར་ལྗང་བ་དང༌། ལི་ཁྲི་ལྟར་དམར་བ་དང༌། གཞི་ཐ་དད་ཀྱི་ཤེལ་ལྟར་ཕྱེད་གཟུགས་དང༌། ཕུག་རོན་གྱི་མགྲིན་པ་ལྟར་དུ་མའི་མདངས་དང་ལྡན་པ་ཡིན་ལ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཐུགས་སུ་ཆུད་པས་ནམ་མཁའི་ཁམས་ཀུན་གོམ་པ་གཅིག་གིས་གནོན་པར་ནུས་ལ། ཡོན་ཏན་གྱི་ཁྱད་པར་དུ་མ་བརྙེས་པས་ཕྱག་མཚན་དུ་མས་སྒེག་པའོ། །མཚན་གྱི་དོན་ལ་བསྟོད་པར་བཞེད་ནས་སངས་རྒྱས་ཐམས་ཅད་ཅེས་པ་སྟེ། འདིའི་དོན་ཡང༌། དུས་གསུམ་དུས་མེད་རྟོགས་པ་པོ། །ཞེས་གསུངས་པ་ལྟར་དུས་གསུམ་དུས་མེད་རྟོགས་པའི་བརྡར་སངས་རྒྱས་ཐམས་ཅད་བསྐྱོད་པའི་ཡབ་ཏུ་གྱུར་ཀྱང་བྱིས་པ་ལོ་བརྒྱད་དམ་བཅུ་དྲུག་ལོན་པ་ལྟར་སྣང་བས་བྱིས་པའི་གཟུགས་སུ་འཛིན་ལ། ཚངས་པར་སྤྱོད་པ་གཞོན་ནུའི་ས་པ་ཡིན་པས་འཇམ་དཔལ་གཞོན་ནུ་ཞེས་སྨོས་ཀྱང་བྱང་ཆུབ་སེམས་དཔའི་རྒན་རབས་སུ་གྲགས་པ་སྤྱན་རས་གཟིགས་དང༌། ཕྱག་ན་རྡོ་རྗེ་དང༌། ཀུན་གྱི་སྒྲས་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱི་ཡང་བླ་མ་སྟེ་བཙུན་པ་ཟླ་བས་ཇི་སྐད་བཤད་པ་བཞིན་ནོ། །གཞན་ཡང་འཇམ་དཔལ་ཁྲོ་བོའི་ཆ་ལུགས་ལ་བསྟོད་པ་འཇམ་པའི་མཚན་ལྡན་ཞེས་པ་ཤླཽ་ཀ་གཉིས་ཏེ། འདིའི་དོན་ཡང་བཅོམ་ལྡན་འདས་ཀྱིས། གདུག་ཅིང་གཏུམ་པའི་སེམས་ལྡན་ལ། །ཞི་བ་ཉེ་བར་མི་སྦྱོར་ཏེ། །འདི་མཁྱེན་རྡོ་རྗེ་འཆང་བ་ཡིས། །ཁྲོ་བོ་དེ་བཞིན་གཤེགས་སྐུར་གྱུར། །ཞེས་གསུངས་པ་ལྟར་རོ། །གདུལ་བྱ་འགའ་ཞིག་ལ་གཤིན་རྗེ་གཤེད་ཅེས་བྱ་བར་གྱུར་ཏེ། ཇི་སྐད་དུ། བཅོམ་ལྡན་འཇམ་པའི་དབྱངས་འདི་ནི། །ཁྲོ་བོར་གྱུར་ན་གཤིན་རྗེ་གཤེད། །དེ་མཐོང་ནས་ནི་ཁྲོ་བོ་གཞན། །ཐམས་ཅད་ཀུན་གྱིས་ལག་ཆ་ཤོར། །ཞེས་གསུངས་པ་བཞིན་ནོ། །གཞན་ཡང་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ཉིད་དུ་དགོངས་ནས་བསྟོད་པ། ལ་ལར་དཀྱིལ་འཁོར་གཙོ་བོ་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཉིས་ཏེ། འདིའི་དོན་ཡང་བཅོམ་ལྡན་འདས་ཀྱིས། གང་དང་གང་གིས་རྣམ་པ་ཡིས། །སྐྱེས་པ་རྣམས་ཀྱི་ཡིད་སྦྱོར་བ། །དེས་ན་དེ་ཡི་བདག་ཉིད་འགྱུར། །སྣ་ཚོགས་གཟུགས་ནོར་དེ་བཞིན་ནོ། །ཞེས་གསུངས་པ་ལྟར། གདུལ་བྱའི་བྱེ་བྲག་གིས་འཇམ་པའི་དབྱངས་ཉིད། གསང་བ་འདུས་པའི་དཀྱིལ་འཁོར་གྱི་གཙོ་བོར་གྱུར་ལ། དེ་ཉིད་འདུས་པའི་འཁོར་དུ་གྱུར་ཅིང༌། འཇིག་རྟེན་གྱི་ཁམས་གཞན་ན་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ལ། གདུལ་བྱ་འགའ་ཞིག་ལ་བྱང་ཆུབ་སེམས་དཔར་བསྟན་ནས། སྤྲུལ་པ་སངས་རྒྱས་འགྱེད་པ་དང༌། དེ་བཞིན་དུ་ལ་ལར་ཉན་ཐོས་དང་རང་སངས་རྒྱས་དང་བརྟུལ་ཞུགས་བཟང་པོ་སྟེ། དགེ་སློང་དང༌། དགེ་བསྙེན་དང༌། ལ་ལར་འཇིག་རྟེན་པའི་ཆེན་པོར་སྤྲུལ་པ་དང༌། སོགས་ཀྱི་སྒྲས། རི་བོང་དང༌། སྟག་དང༌། ས་དང༌། ཆུ་ལ་སོགས་པས་དོན་མཛད་པ་སྟེ། ཇི་སྐད་དུ། རི་བོང་སྟག་དང་སེང་གེ་དང༌། །གླང་པོ་རྣམས་ཀྱི་གཟུགས་སུ་ཡང༌། །སྙིང་རྗེས་ཕན་པའི་སེམས་ཀྱིས་ནི། །ཕྱག་རྒྱ་གྲུབ་པ་སྐྱེ་བར་འགྱུར། །ཞེས་པ་བཞིན་ནོ། །ད་ནི་གསང་སྔགས་ཀྱི་བཟླས་པ་ལ་བསྟོད་པར་བཞེད་ན། འཇམ་པའི་གསུང་ལྡན་རིག་བྱེད་འདྲེན་པའི་དབྱངས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་དོན་བཅོམ་ལྡན་འདས་ཀྱིས་གསུང་གི་རིག་སྔགས་ཀྱི་རྣམ་འཕྲུལ་དུ་མས་སེམས་ཅན་གྱི་མ་རིག་པའི་མུན་པ་སེལ་བར་མཛད་པ་སྟེ། དེ་ཡང་འཇམ་པའི་གསུང་ཞེས་པའི་སྒྲ་ལེགས་པར་སྦྱར་བ་ལས་མཉྫུ་ཝཱ་གི་ཞེས་འབྱུང་བའི་སྒྲ་ལས་དྲངས་ན། ན་མོ་མཉྫུ་ཤྲཱི་ཀུ་མཱ་རཱ་ཡ། ཞེས་པ་ལ་སོགས་པ་དང༌། ཨོཾ་ཝཱ་གཱི་ཤྭ་རི་མུཾ་ཞེས་བྱ་བ་ལ་སོགས་པ་དུ་མ་ཞིག་ཡོད་དོ་ཞེས་སློབ་དཔོན་གྱིས་དགོངས་སོ། །གཞན་ཡང་རིག་བྱེད་འདྲེན་པ་ཞེས་པ་ནི་བྲམ་ཟེ་རྣམས་ཀྱི་རིག་བྱེད་འདོན་པའི་ཐོག་མར། ཨོཾ་ཞེས་པ་ནས་འདྲེན་པས་ན། ཨོཾ་གྱི་དོན་དེ་གསང་སྔགས་ཐམས་ཅད་ཀྱིའང་ཐོག་མར་སྦྱར་རོ། །ཡི་གེ་ལྔ་ནི་ཆོས་རྣམས་ཀུན་གྱི་སྒོ་ཞེས་པ་ནི། ཨ་ར་པ་ཙ་ན་ཞེས་བྱ་བའི་དོན་ཏེ། འདི་ལ་སྒྲའི་བཤད་པ་མདོ་རྒྱུད་དག་ལས་བསམ་གྱིས་མི་ཁྱབ་པ་ཅིག་གསུངས་ལ། སྒྲ་པ་དག་གིས་བཤད་ན་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཐའ་དག་ལ་འཇུག་པའི་ཆོས་ཀྱི་སྒོར་འགྱུར་རོ་ཞེས་གསུང་ཡང༌། འདིར་འབུམ་དང་ཉི་ཁྲི་ལ་སོགས་པ་ནས་འབྱུང་བ་ལྟར་བཤད་ན། ཨ། ཨ་ནུཏྤན་ནི་མ་སྐྱེས་པ། ར། བི་ར་ཛ་ནི་རྡུལ་དང་བྲལ་བ། པ། པ་ར་མ་ཨརྠ་ནི་དོན་དམ་པ། ཙ། ཨ་ཙཱུ་ཏ་ནི་འཆི་འཕོ་མེད་པ། ན། ནཱ་མ་ཙི་ག་ཏ་ནི་མིང་མེད་ཅིང་མིང་དང་བྲལ་བ་སྟེ། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །གཞན་ཡང་རྒྱུད་དག་ལས། ཨ། ཨ་ནཱཏྨ་ནི་བདག་མེད་པ། ར། རཱ་ག་ནི་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ལ། གཞན་ལས་ཀྱང་བཤད་ཚུལ་དུ་མ་ཞིག་འབྱུང་མོད་ཀྱི་མ་བྲིས་སོ། །བློ་མཆོག་ཡི་གེ་གཅིག་པ་ནི་ལེགས་པར་སྦྱར་བ་ལས་བློ་ལ་དྷཱིཿཞེས་ཟེར་བས་སོ། །དེས་ན་དེ་དག་གིས་ནི་འདི་སྐད་སྟོན་ཏེ། རིག་བྱེད་ཀྱི་ཨོཾ་དང་ཡི་གེ་ལྔས་ཨ་ར་པ་ཙ་ན་དང༌། བློ་མཆོག་གིས་དྷཱིཿསྟེ། བཅོམ་ལྡན་འདས་ཀྱིས་གསང་སྔགས་ཉིད་བསྡུས་པ་ཡིན་ནོ། །ཨོཾ་གྱི་ང་རོ་ཞེས་བྱ་བ་ལ་སོགས་པ་ནི་ཁྲོ་བོའི་གསང་སྔགས་ཏེ། དེ་ཡང་ཡི་གེ་སུམ་ཅུ་གཉིས་པ་དང་བདུན་པ་ལ་སོགས་པ་དུ་མ་ཞིག་གྲགས་ཏེ། འདིའི་དོན་གཏིང་དཔག་དཀའ་བས་རབ་ཟབ་ཅེས་སྨོས་ཏེ། འོན་ཀྱང་རྒྱུད་ཀྱི་སྐབས་སུ་འཆད་པར་འགྱུར་བས་འདིར་མི་བྲིའོ། །གཞན་ཡང་མཚན་གྱི་སྒྲས་སྐུ་བཞི་ལ་བསྟོད་པ་ཆོས་སྐུ་ཞེས་བྱ་བ་ལ་སོགས་པ་སྟེ། འདིའི་དོན་ཡང་མཉྫུ་ཞེས་བྱ་བ་འཇམ་པའི་སྒྲས་རྟེན་སྤྲོས་བྲལ་ཆོས་ཀྱི་སྐུ་སྤྱིར་བསྟན་པ་དང༌། རྡོ་རྗེའི་སྒྲས་ཟག་པ་མེད་པའི་བདེ་བ་དང་ལྡན་པ་ལོངས་སྤྱོད་རྫོགས་པ་དང༌། དཔལ་གྱི་སྒྲས་གཞན་དོན་ཕུན་སུམ་ཚོགས་པ་སྤྲུལ་པའི་སྐུ་དང༌། དབྱངས་ཀྱི་སྒྲས་ཡེ་ཤེས་ཀྱིས་བསྡུས་པའི་ངོ་བོ་ཉིད་ཀྱི་སྐུ་སྟེ། དེ་དག་གིས་ཆོས་སྐུ་དང་ལོངས་སྐུ་ནི་གཞུང་ཉིད་ལས་འཇམ་པའི་དང་ཞེས་པ་དང༌། རྡོ་རྗེའི་སྐུ་ཞེས་པས་དངོས་སུ་བསྟན་ལ། ཕྱི་མ་གཉིས་ནི་ཤུགས་ཀྱིས་བསྟན་ཏེ། ཟུང་འཇུག་ཅེས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དབྱེར་མེད་པ་སྟེ། དེ་ཉིད་ཤྲཱི་ཞེས་པ་དཔལ་ལ་ཡོད་པའི་དོན་ཡིན་ནོ། །ཡེ་ཤེས་ལྔ་ནི་ཐུགས་ཀྱི་ཡོན་ཏན་ཡིན་ལ་དེ་གཞན་ལ་སྟོན་པ་ནི་ཨ་ར་པ་ཙ་ན་ཞེས་པའི་ང་རོ་ལྔ་འབྱུང་ལ། དེ་ཉིད་གྷོ་ཥ་ཞེས་པ་དབྱངས་ཀྱི་དོན་ཡིན་ནོ། །དེ་ལྟ་བུའི་མཚན་གྱི་དོན་གྱིས་ཡོན་ཏན་གྱི་ཁྱད་པར་སྟོན་པ་ཡང༌། འཇམ་དཔལ་འཇམ་དབྱངས་འཇམ་པའི་རྡོ་རྗེ་ལ། །དད་པས་བསྟོད་པ་འདིས་ནི་བརྗོད་པར་བགྱི། །ཞེས་སྔར་སྨོས་པའི་དོན་ཉིད་དོ། །དེ་ལྟ་བུའི་ཡུལ་དེ་ལ་བསྟོད་པའི་དགོངས་པ་ཡང༌། སངས་རྒྱས་གངྒཱའི་ཞེས་གསུངས་ཏེ། དེའི་དོན་ཡང་མདོ་ལས། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་མཚན་བསྐལ་པ་ལས་ལྷག་པར་བརྗོད་པ་བས། གང་གིས་འཇམ་དཔལ་ཞེས་བརྗོད་ན་དེ་ཉིད་དེའི་བསོད་ནམས་ཆེན་པོར་འགྱུར་རོ། །ཞེས་གསུངས་པ་བཞིན་ནོ། །དེ་ཡང་ངེས་པའི་དོན་གྱི་མདོ་སྡེ་ལས་གསུངས་སོ་ཞེས་སྟོན་པ་ནི། བདེན་པར་གསུངས་ཀྱིས་ཞེས་བྱ་བ་སྦྲེལ་ལོ། །གཞན་ཡང་ཡོན་ཏན་ཟད་མི་ཤེས་པ་ཉིད་དུ་བསྟན་པ་ནི། སྐོམ་པས་ཉེན་པ་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཉིས་ཏེ་རྟོགས་པར་སླའོ། །ད་ནི་འདི་སྙམ་དུ་དེ་ལྟ་བུའི་ཡོན་ཏན་དཔག་ཏུ་མེད་པ་དེས་སེམས་ཅན་རྣམས་ལ་ཕན་བདེའི་བྱེད་པ་ཇི་ལྟ་བུ་ཞིག་ཏུ་འགྱུར་སྙམ་ན། དེའི་རྟོགས་པ་བསལ་བའི་ཕྱིར་སྲིད་པར་འདོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིའི་དོན་ཐེག་པ་འདིར་མ་ཞུགས་པའི་མུ་སྟེགས་བྱེད་སྲིད་པ་ལ་བདེ་བར་འདོད་པ་དེ་དག་ཀྱང་སྡུག་བསྔལ་གྱིས་གདུངས་པ་ཐུགས་རྗེའི་བསིལ་ཟེར་གྱིས་ཞི་བར་མཛད་ལ། ཆོས་འདི་པར་གཏོགས་པ་དག་ཀྱང་རེ་ཞིག་རང་དགའ་བའི་འབྲས་བུ་གསུམ་ལ་བཀོད་ནས། མཐར་ཐམས་ཅད་ཀྱང་ཤེས་བྱ་མ་ལུས་པར་ཐུགས་སུ་ཆུད་པའི་བླ་ན་མེད་པ་ཉིད་ཀྱི་ས་ལ་འགོད་ལ། དེ་ཉིད་ཀྱིས་ན་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་གང་ལ་ཅིས་འདུལ་དེ་ལ་དེའི་རྣམ་པར་སེམས་ཅན་གྱི་བསམ་པ་འགེངས་པས་ན་མཐའ་ཡས་སོ་ཞེས་བྱ་བའི་དོན་ཏོ། །ད་ནི་དེ་ལྟར་དངོས་དང་ཤུགས་སུ་ཐོབ་བྱའི་ཡོན་ཏན་དང༌། ཐོབ་བྱེད་ཀྱི་ཐབས་བསྟན་པར་སྐབས་སུ་བབ་པའི་བསྟོད་པ་ཉིད་རྫོགས་ནས། མཐར་ཕྱིན་པའི་བྱ་བ་ཡོངས་སུ་བསྔོ་བ་ནི། འབྲས་བུ་འཇམ་དཔལ་ཡང་ཉི་མ་ལྟར་ཐམས་ཅད་དུ་འཆར་བར་གྱུར་ཅིག་ཅེས་བྱ་བ་དང༌། ལམ་ཟུང་འཇུག་ཀྱང་སྒྲོན་མ་བཞིན་མ་རིག་པ་སེལ་བར་གྱུར་ཅིག་ཅེས་བྱ་བ་དང༌། གང་ཟག་བདག་ཀྱང་འཇམ་དཔལ་ལྟར་སེམས་ཅན་གྱི་མགོན་དུ་གྱུར་ཅིག་ཅེས་བྱ་བ་གསུམ། དེ་ལྟར་དང༌། སྐྱེ་བ་དང༌། བྱང་ཆུབ་ཅེས་བྱ་བས་རིམ་པ་ལྟར་སྟོན་ཏོ། །དེ་ལྟར་དེ་དག་གིས་དངོས་སུ་སྟོན་པ་གཞུང་ཡི་གེའི་དོན་བཤད་ནས། ཤུགས་ལ་སྟོན་པ་ངག་མངོན་པར་རྟོགས་པའི་དོན་ནི་འདི་ཡིན་ཏེ། མཚུངས་མེད་བླ་མའི་ཞབས་ལ་ཞེས་བྱ་བ་ལ་སོགས་པས་བསྐྱེད་པའི་རིམ་པ་སྔོན་དུ་འགྲོ་བ་ཚོགས་གཉིས་བསགས་པ་དང༌། བཙོ་མ་གསེར་དང་ཞེས་བྱ་བ་ལ་སོགས་པས་དངོས་གཞི་ལམ་བསྐྱེད་པའི་རིམ་པ་ཨ་ར་པ་ཙ་ན་དང་དཔའ་བོ་གྲུབ་པ་ལ་སོགས་པ་ཞི་བ་མཐའ་དག་དང༌། འཇམ་པའི་མཚན་ལྡན་ཞེས་པ་ལ་སོགས་པས་རྡོ་རྗེ་འཇིགས་བྱེད་དང་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོའི་མངོན་རྟོགས་མཐའ་དག་དང༌། དེ་ལྟར་ལམ་བསྒོམས་ནས་གསང་སྔགས་ཟློས་པ་ན། འཇམ་པའི་གསུང་ལྡན་ཞེས་བྱ་བ་ལ་སོགས་པས་ཞི་བའི་སྔགས་དང༌། ཨོཾ་གྱི་ང་རོ་ཞེས་བྱ་བ་ལ་སོགས་པ་ཁྲོ་བོའི་སྔགས་སྟོན་ལ། ལམ་རྫོགས་པའི་རིམ་པ་ནི། གཞུང་དེ་དག་ལ་མན་ངག་གི་བཤད་པས་གོ་བས་འདིར་མི་སྤྲོའོ། །དེ་ལྟར་ལམ་རིམ་པ་གཉིས་བླ་མའི་མན་ངག་དང་ལྡན་པས་བསྒོམས་ན་འབྲས་བུ་སྐུ་བཞི་ཡེ་ཤེས་ལྔ་ལྡན་ཐོབ་བོ་ཞེས་སྟོན་པ་ནི། ཆོས་སྐུ་རབ་ཏུ་ཞི་བ་ཞེས་བྱ་བ་ལ་སོགས་པས་འཆད་པར་འགྱུར་རོ། །དེ་ལྟར་ན་མཚན་གྱི་དོན་རྒྱུད་གསུམ་གྱི་འཁོར་ལོ་ཞེས་བྱ་བའི་དོན་ཡང་དེ་ཉིད་ཡིན་ཏེ། རྒྱུ་དང༌། ལམ་དང༌། འབྲས་བུ་གསུམ་བར་མ་ཆད་པར་འཁོར་ལོ་ལྟར་འཇུག་པའི་ཚུལ་གྱིས་འཇམ་པའི་དབྱངས་ལ་བསྟོད་པ་ཡིན་ནོ། །འདིའི་དོན་ཁོ་བོས་ཕྱོགས་ཙམ་ཞིག་བསྙད་པར་ཟད་ཀྱི། རྒྱས་པར་ཡི་གེ་མངས་པས་འཇིགས་པ་དང༌། འགའ་ཞིག་ཐུན་མོང་དུ་བཤད་དུ་མི་རུང་པས་འདིར་མ་སྤྲོས་སོ། །དེ་ལྟར་ན་བདག་ཉིད་ཆེན་པོ་འདི་ནི་སྡེབ་སྦྱོར་ཁོ་ན་ལ་མཁས་པར་མ་ཟད་ཀྱི། དོན་གྱི་ཆ་དག་ལ་ཡང་སྔར་འདས་པའི་མཁས་པ་ཆེན་པོ་རྣམས་ཀྱིས་ཀྱང་དྲན་པའི་ཡུལ་དུ་བྱེད་མ་མྱོང་བ་དག་ལ་ཡང་མཁྱེན་པ་རྒྱས་པས་ན་ངེས་པར་འདི་ནི་གང་ལ་བསྟོད་པའི་ཡུལ་ཉིད་ལས་འདི་ལྟར་བྱུང་བའི་སྤོབས་པ་བརྙེས་པ་ཡིན་ནོ། །དེ་ལྟར་རྣམ་བཤད་ངག་གི་ཟླ་ཟེར་གང༌། །བསྟོད་དབྱངས་རྒྱ་མཚོའི་ངོགས་སུ་ལེགས་སྤྲོས་པས། །ཚིག་གི་ཀུ་མུད་རྣམ་པར་ཕྱེ་བ་ལས། །བྱུང་བའི་དོན་འདི་སྦྲང་རྩིའི་དམ་པ་ཡིན། །གང་ཞིག་མཐོང་བས་ཡང་དག་ཉིད་རྟོགས་ལ། །དེ་ལ་གནས་པས་ཆོས་ཚུལ་རྒྱ་མཚོའི་དོན། །ཉེར་རྟོགས་ཚིག་གི་སྤོབས་པ་མི་ཟད་པ། །འཇམ་དབྱངས་དཔལ་ལྡན་ས་གསུམ་བླ་མར་གྱུར། །དྲན་པས་སྤྲོ་བའི་ཆུ་ཀླུང་འཕེལ་འགྱུར་ཞིང༌། །བསམས་པས་ཤེས་བྱའི་གནས་ལ་མི་འཇིགས་ལ། །བསྒོམས་པས་ཡང་སྲིད་རྣམ་པར་གྲོལ་འགྱུར་བ། །བློ་མཆོག་ཁྱེད་ལ་སུ་ཞིག་བསྟེན་མི་བགྱིད། །བདག་བློའི་འདམ་རྫབ་ཤིན་ཏུ་མི་གཙང་ཡང༌། །བླ་མའི་གསུང་རབ་ས་བོན་དྲི་མེད་པས། །ཚིག་འབྲེལ་མེ་ཏོག་དྲི་ངད་ལྡན་པ་འདི། །བློ་གསལ་བུང་བས་བསྟེན་ན་དགེ་བར་འགྱུར། །དཔལ་ལྡན་ཡོན་ཏན་དཔག་ཡས་དྲི་མེད་ནོར་བུའི་ཕྲེང་བས་མངོན་སྤྲས་རྒྱལ་ཡུམ་གྱི། །རྣམ་ཐར་ཟབ་ཡངས་ངོ་མཚར་རྨད་བྱུང་སྤྱོད་པའི་དམ་པ་ཕྱོགས་ཙམ་རྣམ་བཤད་པ། །ལེགས་པར་ཕྱེ་ལས་བདག་གི་རྒྱུད་ལ་བསོད་ནམས་རྣམ་དག་མཁའ་ལྟར་མུ་མེད་གང༌། །ཐོབ་པ་དེ་ཡིས་འགྲོ་བས་ཀུན་དགའ་བ་ཡི་རྒྱལ་མཚན་མཚུངས་པ་མེད་འཛིན་ཤོག །བདག་ཉིད་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་འཇམ་པའི་དཔལ་གྱི་བསྟོད་པའི་རྣམ་པར་བཤད་པ་ཡི་གེ་ཉུང་ངུ་ཞེས་བྱ་བ། མཛད་པ་པོ་དེ་ཉིད་ཀྱི་ཞབས་ཀྱི་ཟེའུ་འབྲུ་དམ་པ་སྤྱི་བོས་གུས་པར་ལེན་པ། ཤཱཀྱའི་དགེ་བསྙེན་བརྡའ་སྤྲོད་པའི་གཙུག་ལག་ལ་མ་རྨོངས་པ་དེས་མངོན་པར་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*