བ་རི་བའི་གདམས་པ་ཐུན་མོང་མ་ཡིན་པ།

༼ན༽

༄༅། །བ་རི་བའི་གདམས་པ་ཐུན་མོང་མ་ཡིན་པ་བཞུགས།།

༄༅། །ཐམས་ཅད་མཁྱེན་པ་སྟོན་མཆོག་འགྲོ་བའི་མགོན། །ཐུབ་དབང་སྲས་དང་བཅས་ལ་གུས་པས་འདུད། །འདིར་རྒྱལ་པོ་དང་དགེ་བཤེས་དབང་དུ་བྱེད་ན། འཁོར་ལོ་གཞུང་ལྟར་བྲིས་ལ། སེམས་བསྐྱེད་པ་དང༌། བདུན་རྣམ་དག་སྔོན་དུ་སོང་བས། ཐོ་རངས་ཀྱི་ཐུན་ལ་འཇུག་ཁར་སྟོང་པ་ཉིད་ཡུན་ཅི་རིགས་པར་བསྒོམ། དེའི་ངང་ལས་ཡི་གེ་ཧཱུྃ་དམར་པོ་ཞིག་བསྒོམ། དེའི་འོད་ཀྱིས་བསྒྲུབ་བྱ་དེ་འཁོར་ལོའི་ལྟེ་བ་ལ་གསལ་བར་བཀུག་ལ་བསྟིམ། དེ་མིང་གི་ཡི་གེའི་སྟེང་དུ་དམར་ལྟེམ་ཞུ་བར་བསམ། དེ་ལ་དར་ཅིག་གསལ་བར་བསྒོམ། དེའི་ངང་ལས་ཧཱུྃ་དེ་འོད་དུ་ཞུ་བ་ལས། ཉི་ཟླ་པདྨའི་གདན་ལ་ཁྲོ་བོ་འདོད་པའི་རྒྱལ་པོ་སྐུ་མདོག་དམར་པོ་ཕྱག་གཡས་པས་ལྕགས་ཀྱུ། གཡོན་པས་བྱུ་རུ་ལྟ་བུའི་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཅན། རིན་པོ་ཆེས་བརྒྱན་པའི་སྐུ་ཞི་མ་ཁྲོའི་རྣམ་པ་ཅན་གྱིས་བཞུགས་པ། ཡུམ་བདེ་བ་རྒྱས་མ་སྐུ་མདོག་ཡབ་དང་འདྲ་བ། ཕྱག་གཡས་པས་ལྕགས་ཀྱུ་བསྣམས་པས་ཡབ་ལ་འཁྱུད་པ། གཡོན་པས་བདུད་རྩིའི་བུམ་པ་དམར་པོ་བསྣམས་པས། སྒྲུབ་པ་པོ་ལ་དགོས་འདོད་ཆར་བཞིན་དུ་འབེབས་པ་ཅིག་ཏུ་བསྒོམ། ཡབ་ཡུམ་གཉིས་ཀའི་ཐུགས་ཀར་ཉི་མའི་སྟེང་ན་ཧཱུྃ་ལ་སྔགས་ཀྱིས་བསྐོར་བ་ལས་འོད་དམར་པོ་འཕྲོ་བར་བསྒོམ། ཧཱུྃ་དང་སྔགས་དང་སྐུ་ལས་འོད་འཕྲོས་ཏེ། ཁྲོ་བོ་ཁྲོ་མོ་ཡབ་ཡུམ་དང་འདྲ་བ་དཔག་ཏུ་མེད་པས་བསྒྲུབ་བྱའི་མགྲིན་པ་ནས་བཟུང་ནས་འཁོར་ལོ་ལ་གསལ་བར་བསྟིམ། དེའི་སྐུ་ལས་འོད་དཀར་དམར་འབར་བ་ཕྱོགས་བཅུར་འཕྲོས་ནས། རིགས་དྲུག་གི་སེམས་ཅན་ལ་ཕོག་པས་དེ་རྣམས་བཀུག་ནས། དད་ཅིང་དབང་དུ་འདུས་པར་བསམ། སྟེང་ལྷ། འོག་ཀླུ། བར་མི། ས་ཤིང་རྡོ་ཆུ་བཅུད་རིན་པོ་ཆེ་བདུད་རྩི་རྣམས་བསྡུས་ཏེ། དངོས་གྲུབ་ཆར་ལྟར་བབ་པར་བསམ། ལྷ་དང་མི་ལ་སོགས་པ་ཀུན་བཀའ་ཉན་དངོས་གྲུབ་སྟེར། དགོས་པ་སྒྲུབ་པར་བསམ། ཡབ་ཡུམ་ཀྱི་སྦྱོར་མཚམས་ནས་འོད་དམར་པོ་འཕྲོས་ཏེ་འཁོར་ལོའི་བསྒྲུབ་བྱ་ལ་ཕོག་པས་དམར་མྱོས་མྱོས་སོང་བར་བསམ་མོ། །རིག་དྲུག་ལྷ་མི་ཀུན་ཀྱང་དམར་མྱོས་མྱོས་སོང་ནས་བདག་ལ་དད་པར་བསམ་མོ། །སྔགས་བཟླས་པའི་འོད་ཟེར་ལྷ་མོ་ལ་སོགས་པ་ལྕགས་ཀྱུ་ཅན་དུ་གྱུར་ནས་དགུག་གཞུག་བྱ། དམིགས་པ་ལ་འདིས་རྒྱལ་པོ་དང་དགེ་བཤེས་ལ་སོགས་པ་ཡུལ་ཁམས་དབང་དུ་བྱེད་ན་དགོས་པ་ཡིན་ནོ། །དགོས་སུ་ཕོ་རྐྱང་པས་མོ་དབང་དུ་བསྡུ། མོ་རྐྱང་པས་ཕོ་དབང་དུ་བསྡུ། དེ་ཡང་པདྨའི་འོད་ཟེར་དམར་པོ་སྐྱེས་པ་ལ་སྤྲོ། རྡོ་རྗེ་འོད་ཟེར་དམར་པོ་བུད་མེད་ལ་སྤྲོ། འདོད་ཆགས་ཀྱི་མྱོས་པར་བསམ། དེ་ལྟར་འགྲོ་བ་ཕོ་མོ་གང་རུང་རེ་ལ་བྱེད་ན་སླའོ། །དེ་ལྟར་ཞག་ཉི་ཤུ་རྩ་གཅིག་རྒྱུན་པར་དགོས་པ་ཐོ་རངས་ཏིང་ངེ་འཛིན་དང་བཅས་པས་སྔགས་ཉི་ཤུ་རྩ་གཅིག་བཟླས་སོ། །མཇུག་ཏུ་བསྒྲུབ་བྱ་དེས་གཙོ་བྱས་པའི་ཚེ་དང་དཔལ་དང་བསོད་ནམས་དང༌། སྦྱིན་པ་ལ་སོགས་པ་དྲུག་དང༌། ཏིང་ངེ་འཛིན་གྱི་ཡོན་ཏན་དང༌། འབྱོར་པ་ལ་སོགས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་བསྡུས་ཏེ། ས་བོན་གྱི་ཞབས་འོག་ཏུ་བཅུག་པས། བདག་ཉིད་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པར་བསམ་མོ། །བསྒྲུབ་བྱ་རྐྱང་པ་ལ་ཡུམ་རྐྱང་པའི་དམིགས་པས་ཆོག ལྷའི་བ་སྤུའི་བུ་ག་དང་ཕྱག་མཚན་ལས། འོད་ཟེར་ལྕགས་ཀྱུ་ལྟ་བུས་བུ་ག་དགུ་ནས་བཟུང་ནས་དད་ཅིང་དབང་དུ་འདུས་པར་བསམ། ཐུན་གྱི་མཇུག་ལ་ཤིས་པ་བརྗོད། མི་དམིགས་པ་བསྒོམ། དེ་ལྟར་བྱས་ཤིང་ཉམས་སུ་བླངས་པས་ཐམས་ཅད་དབང་དུ་འདུས་ཤིང༌། སྣོད་བཅུད་ཀྱི་བདག་པོ་བྱེད་པར་འགྱུར་རོ། །འདི་ནི་བླ་མ་བ་རི་བའི་གདམས་པ་ཐུན་མོང་མ་ཡིན་པའོ། །འདི་བ་རི་བའི་ཉམས་ལེན་གྱི་མཐིལ་འདི་ཡིན་གསུང་སོ། །ཤིན་ཏུ་ཟབ་པས་བཀའ་རྒྱ་ཡོད་དོ། །ཨི་ཐི།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*