ལམ་སྦས་བཤད།

༼ན༽

༄༅། །ལམ་སྦས་བཤད་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །ས་བདུན་པ་ཡན་ཆད་འཁོར་བཞིའི་རྒྱ་ཞེས་བྱ་བ་ལ། འཁོར་བཞིན་ཞེས་བྱ་བ་ལ་རྒྱ་གར་སྐད་དུ་ཙ་ཏུར་མཎྜ་ལ་མུ་དྲཱ་ཞེས་བྱ་བ་ཡོད། དཔེར་ན་འཁོར་གསུམ་ཡོངས་སུ་དག་པ་ལ། ཏྲི་མཎྜལ་པ་རི་ཤུདྡྷཿཞེས་ཟེར་བ་བཞིན་ནོ། །དེས་འཁོར་བཞིའི་དོན་དུ་ན་དཀྱིལ་འཁོར་བཞིའོ་ཞེས་བྱ་བ་ཡིན་ནོ། །དེ་ལ་ས་བདུན་པ་ནས་བཅུ་པའི་བར་ངག་དག་པར་བྱེད་པ་རྩ་ཡི་གེའི་དཀྱིལ་འཁོར་དྭངས་མ་ལྔའི་རླུང་ལ་དབང་ཐོབ་པས། བྱང་ཆུབ་ཀྱི་ཕྱོགས་དང་བསྟུན་ན་དབང་པོ་ལྔ་མཐར་ཕྱིན་པའོ། །དེའི་དབང་གིས་ནུས་པ་ལྔ་དང་ལྟ་སྟངས་ལ་ཐོགས་པ་མེད་པ་འབྱུང༌། རྩ་ཡི་གེ་ལ་མངའ་བརྙེས། སེམས་ཅན་ཐམས་ཅད་ཀྱི་སྐད་དུ་ཆོས་སྟོན་པ་ལ་སོགས་པའི་ངག་གི་ཡོན་ཏན་རྣམས་འཆར། རོ་བྲོ་བའི་མཆོག་དང་ལྗགས་མཉེན་པ་དང་སྲབ་པ་ལ་སོགས་པའི་ཡོན་ཏན་མཚན་དཔེ་འབྱུང༌། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུའི་རྟེན་འབྲེལ་རྣམས་འདི་ལས་འཆར་བ་ཡིན། ས་བཅུ་པ་དང་བཅུ་གཉིས་པ་སེམས་དག་པར་བྱེད་པ། ཁམས་བདུད་རྩིའི་དཀྱིལ་འཁོར་བྱང་ཆུབ་སེམས་ཀྱི་རླུང་ལྔ་བསྐྱོད་པའི་དྭངས་མའི་དྭངས་མ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་བའི་སྟོབས་ཀྱིས་བྱང་ཆུབ་ཀྱི་ཕྱོགས་དང་བསྟུན་ན་སྟོབས་ལྔ་མཐར་ཕྱིན་པའོ། །དེའི་སྟོབས་ཀྱིས་སངས་རྒྱས་ཀྱི་ཞིང་ཁམས་ཐོགས་པ་མེད་པར་མཐོང་བ་དང༌། མངོན་པར་ཤེས་པ་དྲུག་སྟོབས་སུ་གྱུར་པ་དང༌། རྫུ་འཕྲུལ་སྣ་ཚོགས་སྟོན་ནུས་པ་ལ་སོགས་པ་སེམས་ཀྱི་ཡོན་ཏན་རྣམས་འཆར། ཁམས་བདུད་རྩི་རྣམས་སྟོབས་སུ་གྱུར། ཐུགས་སྐྱེས་བུ་ཆེན་པོའི་མཚན་དཔལ་གྱི་བེའུ་དང་དཔུང་མགོ་ཟླུམ་པ་དང༌། ཐལ་གོང་རྒྱས་པ་ལ་སོགས་པ་འགྲུབ། སྐུ་གསུམ་ཡེ་ཤེས་ལྔ་སོགས་ཀྱི་དབང་མཐར་ཕྱིན་པ་ལམ་འབྲས་བུ་ཆོས་སྐུའི་རྟེན་འབྲེལ་འགྲིག་པའོ། །ས་ཕྱེད་དང་བཅུ་གསུམ་པ་ལུས་ངག་ཡིད་གསུམ་ཀ་དག་པར་སླར་མི་ལྡོག་པར་བྱེད། སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་སྲིད་པ་རྣམ་པར་དག་པའི་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་ཡེ་ཤེས་མངོན་དུ་མཛད་པ་ཅན། བྱང་ཆུབ་ཀྱི་ཕྱོགས་དང་བསྟུན་ན་འཕགས་པའི་ལམ་ཡན་ལག་བརྒྱད་མཐར་ཕྱིན་པའོ། །དེའི་སྟོབས་ཀྱི་བར་ཆད་མེད་པའི་ལམ་དང༌། རྣམ་གྲོལ་གྱི་ལམ་ལ་བརྟེན་ནས་བདུད་འདུལ་བ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་གྲུབ་པས་མཁའ་འགྲོ་མ་རྣམས་རིང་ནས་འདུ་བ་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་མངོན་དུ་བྱས་པའི་སྟོབས་ཀྱིས་ཧ་རི་མ་ལ་སོགས་པའི་དབང་ཕྱུག་བརྒྱད་འཆར། སྲོག་རྩོལ་ཨ་ཝ་དྷཱུ་ཏཱིར་ཞུགས་པས་སྙིང་པོ་ཡེ་ཤེས་རླུང་སྟོབས་སུ་གྱུར། མཚན་དབུའི་གཙུག་ཏོར་ཕྱེད་གྲུབ། རྟེན་དཀྱིལ་འཁོར་གསུམ་ལ་དབང་བྱེད་པའི་རླུང་མངོན་དུ་གྱུར་པའི་སྟོབས་ཀྱིས་འབྲས་བུ་སྐུ་གསུམ་དབྱེར་མེད་པའི་ངོ་བོ་ཉིད་ཀྱི་སྐུའི་རྟེན་འབྲེལ་འགྲིག དེ་དག་གི་བར་ཆད་མེད་པའི་ལམ་བསྟན་ཏོ། །གཉིས་པ་རྣམ་གྲོལ་གྱི་ལམ་ནི། བཞི་པ་ཡིད་ཀྱི་དབང་མཐར་ཕྱིན་པ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དཀྱིལ་འཁོར། བྱང་ཆུབ་ཀྱི་ཕྱོགས་ཐམས་ཅད་མཐར་ཕྱིན་པའི་འབྲས་བུ་ཅིག་ཐོབ་པ་འབིགས་བྱེད་གཞོན་ནུའི་གྲོང་ཁྱེར་ཞེས་བྱ་བ་འབྲས་བུ་མཐར་ཕྱིན་པ་རྣམ་གྲོལ་གྱི་ལམ་མོ། །སྲོག་རྩོལ་ཨ་ཝ་དྷཱུ་ཏཱིར་འགགས་ནས་རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་དུ་གནས་གྱུར། དབུའི་གཙུག་ཏོར་སེམས་ཅན་ཐམས་ཅད་ཀྱིས་བལྟར་མི་མཐོང་བ་ལ་སོགས་པ་མཚན་དཔེ་བྱད་ཐམས་ཅད་མཐར་ཕྱིན། སྐྱོན་ཐམས་ཅད་སྤངས། ཡོན་ཏན་མ་ལུས་པ་ཐམས་ཅད་མཐར་ཕྱིན་པ་གྲུབ་པས་ས་བཅུ་རྡོ་རྗེ་འཆང་ཞེས་བྱའོ། །དེ་ལྟར་གསང་དབང་རྩ་ཡི་གེའི་དཀྱིལ་འཁོར་དྭངས་མ་ལྔའི་རླུང་ལ་དབང་ཐོབ་པའོ། །ཤེས་རབ་ཡེ་ཤེས་ཁམས་བདུད་རྩིའི་དཀྱིལ་འཁོར་དྭངས་མ་ལྔའི་རླུང་གིས་སྦྱངས་པའི་ཁམས་བདུད་རྩི་སྟོབས་སུ་གྱུར་པའོ། །དབང་བཞི་པ་ལ་གཉིས་སུ་ཕྱེ་བའི་བར་ཆད་མེད་པའི་ལམ་ལ། སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་རྣམ་པར་ཤེས་པའི་ཚོགས་བརྒྱད་འཕགས་པའི་ལམ་ཡན་ལག་བརྒྱད་དང༌། རྣམ་གྲོལ་གྱི་ལམ་ལ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དཀྱིལ་འཁོར་སྐུ་གསུམ་དབྱེར་མེད་པའི་ངོ་བོ་ཉིད་ཀྱི་སྐུའོ། །དེ་དག་གིས་ནི་བརྡའི་ཚིག་རྐང་ལས་ས་བདུན་པ་ཡན་ཆད་འཁོར་བཞིའི་རྒྱ་ཞེས་གསུངས་པའི་དགོངས་པ་ཡིན་ནོ། །དེ་ལྟར་ན་ས་དང་པོ་ནས་ས་དྲུག་པའི་བར་རྩ་ལུས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་གཅིག་ཏུ་སྦྱར་ནས་བསྡོམས་པས་དཀྱིལ་འཁོར་ལྔའོ། །གཞན་ཞིང་ཁམས་ལ་འཁོར་བཞི་བརྩི་ཚུལ་ལ་སོགས་པའི་ཡི་གེ་སྔ་མ་གསལ་བས་འདིར་མ་བྲིས་སོ།།  །།ས་མཱཔྟ་མི་ཐི།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*