སྒྲུབ་པ་ལུང་འབོགས་པ།

༼ན༽

༄༅། །སྒྲུབ་པ་ལུང་འབོགས་པ་བཞུགས།།

༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྒྲུབ་པའི་ལུང་འབོགས་པའི་དུས་སུ་བླ་མ་དང་སློབ་མ་གཉིས་ཀས་མཁའ་འགྲོ་ལྔ་མཉེས་པར་བྱས་ལ། དཀྱིལ་འཁོར་ལྔ་ལ་བཏུད་དེ་བསྐྲུན། །འབར་གཡོ་བརྟན་པའི་བྱེ་བྲག་གིས། །སྲོག་རྩོལ་འགོག་པ་དེ་བཞིན་ནོ། །བདེ་ཆེན་ཆོས་སྐུ་ནམ་མཁའ་བཞིན། །དང་པོས་བསྒྲུབ་པའི་བར་ཆད་བསལ། གཉིས་པས་དངོས་གྲུབ་བླང༌། གསུམ་པས་གཞན་དོན་ཁྱད་པར་ཅན་ལ་འཇུག་པའི་ལུང་བླང་བའོ། །དེ་གསུམ་ཀའི་དུས་སུ་བླ་མ་ཧེ་རུ་ཀའི་ང་རྒྱལ་བརྟན་པོ་བྱ། དེ་ནས་དམ་དུ་སྦ་ཞིང་དམ་དུ་སྤེལ་བྱ་བ་ཡིན་པས། དང་པོ་རྟགས་ལ་བརྟེན་ཏེ་ཕན་ཡོན་ཁྱད་པར་ཅན་གྱི་སྒོ་ནས་གསང་བར་གདམས་པ་དང༌། དེ་ནས་རྡོ་རྗེ་སྤྱི་བོར་བཞག་ཅིང་ཉེས་དམིགས་ཀྱི་སྒོ་ནས་གདམས་དང༌། མནའ་ཆུ་བླུད་དེ་གསང་བར་གདམས་པ། བླ་མའི་བཀའ་གཉན་པའི་སྒོ་ནས་གསང་བར་གདམས་ཏེ་རྒྱས་གདབ་པའོ། །འདི་ནི་ལམ་བསྡུས་པ་ཞེས་བྱ་བའི་རྩ་བ་ཡིན་ཏེ། ཚིག་དང་པོས་དབང་བསྟན། གཉིས་པ་དང་གསུམ་པས་ལམ་བསྟན། དེའང་རྐང་པ་གཉིས་པས་འཇིག་རྟེན་པའི་ལམ་བསྟན། རྐང་པ་གསུམ་པས་འཇིག་རྟེན་ལས་འདས་པའི་ལམ་བསྟན། བཞི་པས་འབྲས་བུ་བསྟན་ཏོ། །དེ་ལ་དཀྱིལ་འཁོར་ལྔ་ནི་རྡུལ་ཚོན་ལ་རྡོ་རྗེ་སློབ་དཔོན་གྱི་དབང༌། ལུས་དང་བྱང་སེམས་ལ་གསང་དབང༌། ལུས་དང་བྷ་ག་ལ་ཤེས་རབ་ཡེ་ཤེས། རྟེན་གྱི་དཀྱིལ་འཁོར་གསུམ་དང་བརྟེན་པ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་ལས་དབང་བཞི་པ་ཚུལ་བཞིན་དུ་ཐོབ་པར་འགྱུར་རོ། །འབར་བས་ཁམས་འདུས་པ་དང་པོ། གཡོ་བས་བར་པ། བརྟན་པས་ཐམ། རླུང་སྟོང་བརྒྱད་བརྒྱ་པ་བཅུ་གཉིས་རིམ་གྱིས་འགགས་ནས་སྲོག་རྩོལ་གྱི་ལམ་ས་ཕྱེད་དང་བཅུ་གསུམ་བསྟན་ཏེ། དེ་བཞིན་ནོ་ཞེས་པའི་འོག་ན་ས་བཅུ་གཉིས་པོ་གནས་སོ། །དེ་ལྟར་རྟེན་གྱི་གང་ཟག་དང་ལམ་བསྟན། བདེ་ཆེན་གྱི་ངོ་བོ་ཉིད་ཀྱི་སྐུ། ནམ་མཁས་ཆོས་སྐུ། བཞིན་གྱིས་ལོངས་སྐུ། སྤྲུལ་སྐུ་གཉིས་བསྟན་ཏེ། འགྲོས་བཞི་ཐིམ་སྟེ་གནས་གྱུར་པ་ལས་འབྲས་བུ་སྐུ་བཞི་འབྱུང་བར་བསྟན་ཏོ། །ས་མཱཔྟ་མི་ཐི།།  །།སློབ་དཔོན་གྱི་དཀྱིལ་འཁོར་གསུམ་ཆར་ཡོད་ཀྱང་བྱང་སེམས་གཙོ། སློབ་མའི་གསུམ་ཀ་ཡོད་ཀྱང་བྷ་ག་གཙོ། སློབ་མའི་དཀྱིལ་འཁོར་ལ་གསུམ་ཀ་ཡོད་ཀྱང་བྱང་སེམས་གཙོ་བ་ལ་དགོངས་པའོ། །གདམས་ངག་མ་རྫོགས་བར་ལུང་མི་སྦྱིན། ལུང་མ་སྦྱིན་བར་རྒྱས་མི་གདབ་བོ། །དེ་ལྟར་ན་དོན་འདི་ཡིན་ཏེ། དབང་རྫོགས་ནས་གདམས་ངག་སྦྱིན། དེ་རྫོགས་ནས་ལུང་སྦྱིན། དེ་བྱིན་ནས་རྒྱས་གདབ་བོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*