ཚིགས་སུ་བཅད་པ་གོང་འོག་གཉིས།

༼ན༽

༄༅། །ཚིགས་སུ་བཅད་པ་གོང་འོག་གཉིས་བཞུགས།། 

༄༅། །སྨྲས་པ། ཅུང་ཟད་དབེན་ན་རྒྱན་པོ་དུ་མ་འགྱེད། །བག་ཙམ་རྙེད་ན་ཁ་ལ་མཆོད་པར་འགྱུར། །འགའ་ཞིག་མཐོང་ན་ཚིག་ངན་སྣ་ཚོགས་སྨྲ། །རྒྱུ་མཚན་ཆུང་ངུས་འཁྲུག་ལོང་དུ་མ་བྱེད། །རང་གཞན་རྒྱུད་རྣམས་མེ་ལྟར་སྲེག་པར་བརྩོན། །དེ་ལ་སྨྲས་ན་ཁོང་ནས་རབ་ཏུ་འཁྲུག །གླང་ཆེན་མྱོས་པ་ལྕགས་ཀྱུ་མེད་འདྲ་བ། །གྲོལ་བ་གཞོན་ནུ་རང་ལ་ཆགས་པ་ཁྱེད། །རྒྱལ་བ་བྱེ་བ་ཕྲག་བརྒྱས་བསྐོར་གྱུར་ཀྱང༌། །རྗེས་སུ་འཛིན་པའི་ནུས་པ་ཡོད་རེ་སྐན།།  །།ཡང་སྨྲས་པ། བརྒྱ་ཚར་མཉན་པས་ཚིག་ཙམ་ཤེས་པ་ཅན། །མང་དུ་བཤད་པས་འདོན་པ་གོམས་པ་པོ། །ལེགས་པར་གཏུགས་ན་བླ་མ་དབང་བྱེད་པའི། །མཁས་པ་འདི་དག་ཆུ་ཤིང་སྙིང་པོ་འདྲ། །སྒྲ་དང་ཚད་མ་དེ་བཞིན་སྡེབ་སྦྱོར་དང༌། །སྙན་ངག་ཟློས་གར་དང་ནི་ཚིག་གི་རྒྱན། །མིང་གི་ངེས་བརྗོད་དུས་སྦྱོར་དཔེ་སྤེལ་བ། །ལེགས་རྟོགས་བྱང་ཕྱོགས་འདི་ན་ཁོ་བོ་ཙམ། །ཀྭ་ཡེ་སྨྲ་རྣམས་ཕྱོགས་ཡིད་རིང་སྤོངས་དང༌། །ཤེས་བྱ་འདི་ཀུན་ཤེས་པ་ལྟ་ཞོག་གི །གང་གི་བསྟན་བཅོས་ཇི་ལྟར་ཡོད་པ་ཡང༌། །སྔོན་ཆད་ཁྱོད་ཀྱི་བློ་ལ་ཡོད་རེ་སྐན། །མཁས་པ་མཁས་པའི་གྲངས་སུ་བགྲང་བ་ལ། །གང་གི་ཕྱོགས་ཙམ་ཤེས་པའི་སྐྱེ་བོ་དེས། །མཁས་པའི་མདུན་སར་མཁས་ཞེས་རློམ་མི་བྱ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*