༼ན༽
༄༅། །ཞང་ལོ་ཙཱ་བ་ལ་གདམས་པ་བཞུགས།།
༄༅། །ཨོཾ་སྭ་སྟི་སིདྡྷཾ། ན་མཿཤྲཱི་མཉྫུ་གྷོ་ཥཱ་ཡ། རྣམ་དག་ཡིད་ཀྱི་ཆུ་གཙང་ལས་འཁྲུངས་པའི། །ཚིག་གི་མེ་ཏོག་སྙན་ཚིག་ཟེའུ་འབྲུ་ཅན། །བློ་གསལ་བུང་བ་དགའ་བའི་དྲིའི་བྱུང་བའི། །ཕྲེང་མཛེས་འདི་ནི་མཁས་པའི་མགུལ་རྒྱན་ཡིན། །གང་ཞིག་དགའ་བས་རིང་ནས་མངོན་དགོངས་ཤིང༌། །ཡིད་གཅུགས་གྱུར་པས་ཤིན་ཏུ་རྗེས་འབྲེལ་བ། །ཁྱེད་ལ་རྗེས་སུ་གདམས་པ་གང་ཡིན་པ། །འདི་ལ་གཟུ་བོའི་ཡིད་ཀྱིས་རྣམ་པར་དཔྱོད། །མངོན་དུ་གྱུར་ན་དགའ་བའི་རྣམ་འགྱུར་ཅན། །ལྐོག་ཏུ་སོང་ན་རྣམ་པ་བརྒྱས་སྨོད་ལ། །ཉེ་བར་བསྟན་ན་མེ་ལྟར་སྲེག་པ་ཡི། །སྐྱེ་བོ་འདི་ལ་སུ་ཞིག་ཡིད་བརྟན་འཆའ། །རང་ལུས་འདི་ཡང་སྐད་ཅིག་འཇིག་ཆོས་ཅན། །གུས་པར་བྱས་ན་ཕྱིར་ཞིང་སྲད་འཕེལ་ལ། །འབྱོར་པར་གྱུར་ན་ངན་འགྲོ་སྐྱེ་བའི་གཞི། །སེམས་ཤེས་སུ་ཞིག་འདི་ལ་བདག་ཏུ་འཛིན། །བློ་གསལ་ཕལ་ཆེར་གྲགས་པ་གཙོར་འཛིན་ལ། །དགེ་སྦྱོང་ཚོགས་ཀྱང་འཚོ་བའི་རྗེས་འབྲང་ཞིང༌། །མཁས་པ་རྣམས་ཀྱང་ཚིག་ལ་ཞེན་པས་ན། །ཀྱེ་མ་སུ་ཞིག་རྒྱལ་བ་མཉེས་པར་བྱེད། །འདོད་ལྡན་འགའ་ཞིག་ཟང་ཟིང་བསྒྲུབས་པས་གཡེངས། །མི་མཁས་པ་དག་ཐོས་མེད་སྒྲུབ་པའང་མཐོང༌། །མཁས་པ་འགའ་ཞིག་བདག་ཏུ་ང་རྒྱལ་ན། །འདི་ན་ཕུན་ཚོགས་སྐྱེ་བོ་སུ་ཞིག་ཡིན། །ཁྱོད་ཀྱང་རང་གི་རྣམ་ཐར་དུ་མ་ཞིག །སྡོམ་བརྩོན་དགེ་འདུན་འདུས་པའི་ཚོགས་ནང་དུ། །དམ་བཅས་སྒྲུབ་པ་ཁས་ལེན་ངོ་མཚར་མོད། །གཡེལ་བས་ལྷོད་ན་ཉམས་པར་གྱུར་ཏ་རེ། །སྒྲ་ཡི་རྣམ་གཞག་རྩྭ་ལྟར་དོར་ནས་ནི། །མཁས་པ་སྔ་མས་བསྒྱུར་བ་ཟུར་བཅོས་ཏེ། །འཕྲལ་སྐད་ཙམ་གྱིས་གཞན་གྱི་བློ་བསྒྱུར་བ། །འདི་དག་སྐད་གཉིས་སྨྲ་བའི་གཟུགས་བརྙན་ཡིན། །རྣམ་དག་མཁས་པ་འཇུག་པའི་ལམ་མེད་པར། །གྲོང་པའི་སྐྱེ་བོ་ཕོ་མོ་འདུས་ནང་དུ། །ཟུར་གྱིས་བལྟ་དང་མགོ་ཀྱོག་བཞད་གད་ཅན། །ཆགས་སྡང་རང་བཟོ་འཆད་པར་དམ་པས་ཁྲེལ། །ཟས་དང་ནོར་དོར་འཁོར་རྣམས་དགའ་བསྐྱེད་དེ། །རྣམ་པར་འཕྱིན་པས་ན་ཆུང་མགུ་བར་བྱས། །རྣམ་འཕྲུལ་དུ་མས་ལོག་པར་འཚོ་བ་ཡི། །དགེ་བའི་བཤེས་ལ་བྱང་ཆུབ་ཐག་རེ་རིང༌། །མང་དུ་ཐོས་པའི་འོད་ཟེར་སྟོང་གསལ་ཞིང༌། །ཆགས་སྡང་གཏི་མུག་སྤྲིན་གྱིས་མ་བསྒྲིབས་ལ། །ཚུལ་ཁྲིམས་འཆལ་པའི་སྒྲ་གཅན་ལས་གྲོལ་བའི། །དམ་པ་ཉི་མ་དེ་ལ་བདག་ཀྱང་དད། །དེ་སླད་མཁས་རྣམས་མགུ་བར་འདོད་ན་ཁྱོད། །རང་གི་བསྒྲུབ་པར་ནུས་པའི་གཞུང་ལུགས་གཅིག །ཚིག་དོན་བཅས་པ་བློ་ལ་ངེས་པ་དང༌། །སྒྲུབ་དང་གཞན་ལ་ཕན་པའི་བརྟུལ་ཞུགས་ཟུང༌། །བདག་ཀྱང་བརྫུན་གྱིས་གཞན་གྱི་བློ་བསྒྱུར་ཏེ། །འཁོར་དང་ཟང་ཟིང་བསྒྲུབ་པ་མི་དྲན་མོད། །འོན་ཀྱང་འཛེམ་མེད་སྨྲ་བའི་ངང་ཚུལ་བས། །འདི་ལ་འགལ་གང་ཁྱེད་ལ་བཟོད་པར་གསོལ། །དཔལ་ལྡན་ས་སྐྱ་པཎྜི་ཏས། ཞང་ལོ་ཙཱ་བ་ལ་གདམས་པ་ཚིགས་སུ་བཅད་པ་བཅུ་གསུམ་པའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com


དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.