རྣེལ་ཕུ་བའི་ཞུས་ལན།

༼ན༽

༄༅། །རྣེལ་ཕུ་བའི་ཞུས་ལན་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དམ་པའི་དོན་དུ་ཆོས་རྣམས་ཀུན། །རང་བཞིན་གདོད་ནས་ཉེ་བར་ཞི། །དེ་ལ་ཡོད་མེད་དབྱེ་བ་མེད། །དེ་ཕྱིར་སྤྲོས་པ་ཐམས་ཅད་བྲལ། །དོན་དམ་རྟོགས་ན་འཁོར་བ་དང༌། །མྱ་ངན་འདས་པ་གཉིས་སུ་མེད། །འཇིག་རྟེན་པ་ཡིས་འཁོར་བ་དང༌། །མྱ་ངན་འདས་པ་གཉིས་སུ་བཏགས། །ཡང་དག་ཞུ་བ་ལུང་སྟོན་ཕྱིར། །ཐམས་ཅད་མཁྱེན་ལ་ཡེ་ཤེས་མངའ། །ཆོས་དབྱིངས་སྤྲོས་བྲལ་བརྙེས་པས་ན། །ཡེ་ཤེས་མེད་པར་གསུངས་པའང་ཡོད། །ངེས་པའི་དོན་གྱི་མདོ་སྡེ་ལས། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི། །ཡོད་མེད་མཐའ་ལས་གྲོལ་བར་གསུངས། །སངས་རྒྱས་དགོངས་པ་དེ་ཉིད་ཡིན། །དྲང་བའི་དོན་དང་ངེས་པའི་དོན། །མདོ་རྒྱུད་རྣམས་ལ་ཡོད་མེད་དེ། །གཉི་ག་མེད་ཅེས་གང་གསུངས་པ། །དེ་དག་ཁྱེད་ཀྱིས་མཁྱེན་པར་གསལ། །རྟོགས་ལྡན་སྒྲུབ་པ་ལ་བརྩོན་པ། །བླ་མ་ལ་གུས་བརྟུལ་ཞུགས་ཅན། །དམ་པ་ཁྱེད་ཀྱིས་དྲིས་པའི་ལན། །མདོར་བསྡུས་པ་འདི་ལེགས་པར་དགོངས། །ས་སྐྱ་པཎྜི་ཏས་བླ་མ་རྣེལ་ཕུ་བ་ལ་ཞུས་ལན་དུ་གསུངས་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*