བིརྺ་པ་ལ་བསྟོད་པ།

༼ན༽

༄༅། །བིརྺ་པ་ལ་བསྟོད་པ་བཞུགས།།

༄༅། བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །དད་པའི་ཆུ་ལས་ཚིག་གི་མེ་ཏོག་འདི། །དཔལ་ལྡན་བིརྺར་གྲགས་པའི་ཞབས་པད་ལ། །གུས་པར་གཏོར་རོ་འདི་ལས་དགེ་བ་གང༌། །གྲུབ་པ་དེ་ཡང་སེམས་ཅན་རྣམས་ལ་སྦྱིན། །དཔལ་ལྡན་ཁྱེད་ཀྱིས་ཤེས་བྱ་འདི། །མ་ལུས་ཐུགས་སུ་ཆུད་གྱུར་ནས། །བསྟན་བཅོས་ཐམས་ཅད་མཛད་པ་ལ། །མངའ་བརྙེས་ཁྱོད་ལ་འཚལ་ལོ། །འཇིག་རྟེན་ཀུན་གྱི་རྒྱན་གྱུར་ཏེ། །ཤིང་རྟ་ཆེན་པོ་ཞེས་སུ་གྲགས། །དཔལ་ལྡན་ཆོས་སྐྱོང་མཚན་ལྡན་པ། །འཇིགས་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །ཤེས་བྱ་ཀུན་ལ་མངའ་བརྙེས་པས། །རིག་པ་ལམ་མེར་ཀུན་ཏུ་གསལ། །རང་གཞན་རྒོལ་བ་སྟོང་ཕྲག་གིས། །མི་རྫི་ཁྱོད་ལ་ཕྱག་འཚལ་ལོ། །འཆད་རྩོད་རྩོམ་པའི་བྱ་བ་ཡིས། །ཉིན་པར་དགེ་འདུན་ལེགས་བསྡུས་ནས། །མཚན་མོ་བརྩོན་པས་གྲོལ་བརྙེས་པ། །མཚུངས་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་ཕྲིན་ལས་བསམ་མི་ཁྱབ། །དེ་ལ་གང་གིས་བགྲང་བར་ནུས། །ཆ་ཙམ་གྱིས་ཀྱང་བསྐལ་པ་བརྒྱར། །རྫོགས་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་ཇི་ལྟར་མཛད་པ་ཡི། །ཆ་ཙམ་འཇིག་རྟེན་མགོན་ལ་བསྙད། །དེས་ཀྱང་ཁྱོད་ལ་གདམས་ཚུལ་གྱིས། །བསྔགས་པ་ཁྱོད་ལ་ཕྱག་འཚལ་ལོ། །མུ་སྟེགས་སྟོན་པ་དྲེགས་ལྡན་པ། །ཁྱུ་མཆོག་རྣམས་ཀྱིས་ཁྱོད་ཐོས་ནས། །བརྒྱལ་ཏེ་དཀོན་མཆོག་གསུམ་འཛིན་པར། །འཇུག་པ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་མཚན་སྔར་ཆོས་སྐྱོང་ལ། བིརྺ་པ་ཞེས་བྱིན་བརླབས་ནས། །ཐོས་པ་ཙམ་གྱིས་སྒྲིབ་པ་ཀུན། །སྤོང་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་རྗེ་བསྒྲུབ་པའི་གང་ཟག་གིས། །ཇི་ལྟར་ཁྱོད་སྐུ་རྣམ་འཕྲུལ་དང༌། །ལྡན་པར་བསམས་ཏེ་དོན་ལྡན་པའི། །མཚན་ཙམ་དྲན་པར་བྱེད་ན་ཡང༌། །དེ་ལ་བདུད་རྣམས་བྱེ་བ་བརྒྱས། །གླགས་རྙེད་ལྟ་ཞིག་འགྱུར་རེ་སྐན། །དེ་བས་ཁྱོད་ལས་སྐྱབས་ཀྱི་མཆོག །མེད་ཅེས་ངེས་པར་བདག་གི་རྟོགས། །ཁྱོད་ལྟར་བསམས་ཏེ་གཞན་དག་ལ། །བཀའ་ལུང་བཙལ་ལས་མི་འདའ་ཞེས། །འཕྲིན་གྱིས་གདམས་པར་བྱས་ནས་ཡང༌། །དེ་ཡི་སྡུག་བསྔལ་གཙུབས་པའི་མེ། །གདོན་མི་ཟ་བར་ཞི་འགྱུར་ཏེ། །འདི་ལ་དཀོན་མཆོག་དཔང་པོ་ནུས། །དེ་བས་ཁྱོད་ལས་དམ་པ་གཞན། །ཡོད་ན་གང་ཡིན་བདག་ལ་གསུངས། །དཀོན་མཆོག་གསུམ་ལས་ཁྱོད་གཞན་མེད། །ཁྱོད་ལས་གཞན་པའི་དཀོན་མཆོག་མེད། །དེ་བས་གཞན་པའི་བླ་མ་མེད། །དེ་བས་ལྷག་པའི་སྐྱབས་མེད་པས། །དེས་ན་ཁྱོད་ཀྱིས་བྱེ་བྲག་ཏུ། །འགྲོ་ལ་བརྩེ་ཕྱིར་ཉིད་ཀྱི་མཚན། །ཐོས་པས་སྡིག་ལས་རྣམ་གྲོལ་བར། །བྱིན་གྱིས་བརླབ་པའི་དམ་པ་མཛད། །དེ་བས་འགྲོ་འཆག་ཉལ་བ་དང༌། །འདུག་ནའང་རྟག་ཏུ་ཁྱོད་དྲན་པས། །ཇི་སྲིད་ཁྱོད་མཚུངས་མ་གྱུར་པར། །དེ་སྲིད་བདག་ནི་མི་གཏོང་བས། །འདི་ལ་བྱིན་རླབས་ཅིས་མི་འབྱུང༌། །བླ་མས་ཀྱང་ནི་དེ་བཞིན་གནང༌། །གཏན་ཚིགས་བཟང་པོ་འདི་ལ་མཐོང༌། །དེས་ན་བདག་བློ་འགྱུར་བ་མེད། །ཐུགས་རྗེ་མངའ་བ་ཁྱོད་ལ་འདིས། །ཉི་མ་རེ་རེ་གང་བསྟོད་པ། །དེ་ལའང་ཁྱོད་ཀྱི་བྱིན་གྱིས་བརླབ། །གདོན་མི་ཟ་བར་འཇུག་པར་ཤོག །རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ལ་སོགས་པ་འདེབས་པ། པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས། དཔལ་ས་སྐྱའི་གཙུག་ལག་ཁང་དུ་ཁ་ཏོན་དུ་བགྱིས་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*