༼ན༽
༄༅། །རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་བསྟོད་པ་བཞུགས་སོ།།
༄༅། །བླ་མ་དང་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །སྲིད་པའི་འཁྲི་ཤིང་དྲྭ་བ་དྲལ་མཛད་དེ། །ཡོན་ཏན་རྒྱ་མཚོ་ཞི་ལམ་མཆོག་སྒྲོགས་པ། །རྐང་གཉིས་དབང་པོ་ཉེ་བར་བརྙེས་པ་ཡི། །གོ་འཕང་དམ་པ་ཐོབ་པར་མཛད་པ་རྒྱལ། །བློ་གྲོས་དཔག་ཡས་ཚིག་གི་གཏེར་མངའ་བ། །འགྲོ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ནས། །ཆོས་རྗེ་དཔལ་ལྡན་ཆོས་ཀྱི་རྒྱ་མཚོ་ཡི། །རྣམ་ཐར་མེ་ཏོག་གུས་པས་བརྒྱུ་བར་བྱ། །ཁྱོད་ནི་སྦྱངས་པའི་ཤེས་བྱ་ལ། །རྣམ་པར་མཁས་པ་ལྟ་ཅི་སྨོས། །ཡང་དག་ཚིག་འབྲུ་དོན་བཅས་གཞན། །འཐད་བཅས་མཁྱེན་པ་ངོ་མཚར་ཆེ། །གང་ཞིག་ཕུན་ཚོགས་མི་ཟད་མངའ། །དེ་ལའང་འཇིག་རྟེན་སྤྱོད་མི་འཇུག །དེ་གཅིག་ཁོ་ནར་མ་ཟད་དེ། །སྤོས་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་ཚིག་དོན་འདི་ལ་རྒྱུ། །ཐ་དད་ཡོད་ཅེས་གང་གསུངས་པ། །དེ་ལ་མཁས་པ་བྱེ་བས་ཀྱང༌། །ཆོས་དང་མཐུན་པར་བརྒལ་མི་ནུས། །མནལ་ཚེ་ཆོས་རྣམས་གླེགས་བམ་གྱི། །ཚུལ་གྱི་ཁོང་དུ་ཆུད་གྱུར་པ། །དེ་ཡི་མོད་ལ་ཆོས་ཀུན་གྱི། །དེ་ཉིད་གཟིགས་པ་ཁྱོད་ལ་འདུད། །ཡེ་ཤེས་སེམས་དཔའི་མཚན་བརྗོད་ལ། །ཡང་སྲིད་རྣམ་པ་བདུན་དག་ཏུ། །ལེགས་པར་སྦྱངས་པས་སྐྱེ་བ་འདིར། །རང་བྱུང་ཉིད་དུ་མངོན་རྟོགས་གྱུར། །དེ་ལ་རྟོག་གེ་བདག་འདྲ་ཡི། །བློ་ཡང་ཐེ་ཚོམ་མི་འཇུག་སྟེ། །གཏན་ཚིགས་བཟང་པོ་དང་ལྡན་པ། །དེ་བས་ཁྱོད་ལ་བསྟོད་ཕྱག་འཚལ། །གང་ཕྱིར་རྟོག་གེ་ལ་སྦྱངས་ཤིང༌། །སྒྲ་ལ་རྣམ་པར་མཁས་པས་ཀྱང༌། །ཁྱོད་ཀྱི་གསུང་ལ་སྐྱོན་འདི་ཞེས། །ཆོས་བཞིན་བརྒལ་དུ་མ་མཆིས་པ། །དེ་ཉིད་ཕྱིར་ན་ཁྱོད་ཀྱི་ཐུགས། །རྣམ་པར་དག་པར་ཁོ་བོས་འཚལ། །མཁས་པ་རྣམས་ཀྱིས་རྣམ་ཀུན་ཏུ། །བསྔགས་པ་ཁྱོད་ལ་ཕྱག་འཚལ་ལོ། །གཏིང་དཔག་དཀའ་བའི་ཆོས་ལ་ཡང༌། །ཁྱོད་ཀྱིས་འདི་ལས་མི་འདའ་ཞེས། །ངེས་པར་གསུང་པ་དེ་ལས་གཞན། །མདོ་སྡེ་རྣམས་ལས་དེ་བཞིན་འབྱུང༌། །དེ་འདྲ་ཁོ་ན་ལེགས་གསུངས་པས། །ཁྱོད་གསུང་ཐུབ་པ་ཁོ་ན་འདྲ། །བསྐལ་པའི་དོན་ཡང་ལེགས་གཟིགས་པས། །དཔང་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །ཡི་གེས་འདུལ་ལ་ཡི་གེ་དང༌། །རྩིས་པ་རྣམས་ལ་རྩིས་དང་ནི། །འཚོ་བྱེད་རྣམས་ལ་འཚོ་བྱེད་གཞུང༌། །ཆོས་འདོད་རྣམས་ལ་ཆོས་ཀྱང་སྟོན། །གང་གི་ཕན་དགོངས་ཐུགས་རྗེ་ཡིས། །ཉེ་བར་ཕན་ལ་དེ་སྟོན་པ། །སྟོན་མཆོག་ཁྱོད་འདྲ་མ་མཐོང་སྟེ། །ཀུན་མཁྱེན་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་ལེགས་བཤད་སེང་གེའི་སྒྲ། །ལྷ་དང་གྲུབ་པར་རིག་འཛིན་གཙོ། །ལྟོ་འཕྱེའི་དབང་པོས་ཉེར་བསྟེན་ཅིང༌། །རྒྱལ་བ་ཡིས་ཀྱང་མཐུན་པར་བསྔགས། །དེ་སླད་ཁྱོད་ཀྱི་རྣམ་ཐར་ལ། །དད་པས་འཇུག་པ་སྨོས་ཅི་འཚལ། །ཁུམས་པ་དེ་དག་དགེ་དཔྱད་ན། །ཀུན་ནས་དོན་ལྡན་ཁྱོད་ཕྱག་འཚལ། །སྡོམ་བརྩོན་ཁྱོད་ནི་ཐོས་པ་དང༌། །དོན་ཡོད་མཐོང་ན་ཉམས་སུ་འཕེལ། །བསྟེན་ན་དགེ་ལེགས་རིན་ཆེན་གཏེར། །སྩོལ་མཛད་གཅིག་པུར་གྱུར་པ་ལགས། །ཡོན་ཏན་མེད་ལ་སྒྲོ་བཏགས་ནས། །སྐྱེ་བོ་ངན་རྣམས་ཡོན་ཏན་སྒྲོགས། །ཡོན་ཏན་ཅན་ཁྱོད་མཁས་རྣམས་ཀྱིས། །ཡོན་ཏན་བསྒྲགས་པ་ཁྱོད་ལ་འདུད། །མང་དུ་ཐོས་པས་བློ་གསལ་བ། །གྲགས་ལྡན་སྡོམ་བརྩོན་དབང་རྣམས་ཀྱི། །བློ་གྲོས་མཐོང་བས་ཁྱོད་ལ་སླར། །དད་པའི་མེ་ཏོག་རྒྱས་པར་འགྱུར། །ཇི་བཞིན་གཟིགས་པས་ཐུགས་དག་པ། །བློ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །འགྲོ་རྣམས་ཐུགས་རྗེས་མི་གཏོང་བ། །བརྩེ་ཆེན་ཁྱོད་ལ་སྐྱབས་སུ་མཆི། །ཇི་ལྟར་འབད་ཀྱང་ཁྱོད་ཀྱི་དྲིན། །ལོན་པར་འགྱུར་སྙམ་མི་བགྱིད་དེ། །གང་གིས་ཁྱོད་དྲིན་འདི་འདྲ་ཞེས། །རྣམ་ཐར་བསམས་ན་མཆི་མ་དཀུ། །བརྒལ་བར་འོས་མིན་ནོངས་མི་མངའ། །དྲི་མ་མེད་ལ་འཐད་པ་ཅན། །རྣམ་པར་དག་ལ་མཚན་བཟང་བ། །ཁྱོད་ལ་གང་གིས་ལན་ལོན་འགྱུར། །འབྲེལ་པའི་སྒོ་ནས་མི་བསྟོད་དེ། །བཀའ་དྲིན་སྒོ་ནས་ཅིས་མ་བསྟོད། །གལ་ཏེ་ཕྱོགས་སུ་ལྷུང་ཉིད་ན། །བསྟོད་པར་གྱུར་ན་སྨད་པའི་གནས། །དུ་བས་མེ་བཞིན་རྣམ་ཐར་ལས། །ནང་གི་ཡོན་ཏན་ལེགས་བརྟགས་ཏེ། །གྲགས་པ་རྒྱལ་མཚན་ལ་བསྟོད་པ། །འདི་འདྲ་ཁོ་ནས་བསྟོད་ལགས་གྲང༌། །དད་པའི་སྒོ་ནས་རྟབས་ཚུལ་གྱིས། །ཚིག་གི་སྡེབ་སྦྱོར་བཏང་སྙོམས་གྱུར། །ཚིག་ལ་དགྱེས་པའི་མཁས་རྣམས་དང༌། །ཚིག་གི་མངའ་བདག་བཟོད་པར་གསོལ། །བདག་ཉིད་ཆེན་པོ་བློ་གྲོས་རྒྱ་མཚོ་ཡི། །ཡོན་ཏན་མེ་ཏོག་གུས་པས་སྤེལ་བ་ལས། །བསོད་ནམས་གྲུབ་པ་གང་ཡིན་དེ་ཡིས་བདག །སྲིད་གསུམ་བླ་མའི་གོ་འཕང་ཐོབ་པར་ཤོག །དེ་ལྟར་བསྟོད་འདི་དཔལ་ལྡན་ཀུན་དགའ་ཡི། །རྒྱལ་མཚན་གྱིས་སྤེལ་འདི་ལ་གང་དགྱེས་པ། །བློ་གསལ་དེ་ལ་བླ་མའི་ཐུགས་རྗེ་ཡི། །ཡེ་ཤེས་གཟིགས་པའི་བྱིན་རླབས་འཇུག་པར་གྱུར། །འཕགས་པ་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་ཟེའུ་འབྲུ་ལ་སྤྱི་བོས་རེག་པས་ཤེས་བྱའི་དཀྱིལ་འཁོར་ལ་མངའ་བརྙེས་ཤིང༌། གདུང་རྒྱུད་རྣམ་པར་དག་པའི་དགེ་བསྙེན་གྲགས་པ་རྒྱལ་མཚན་ལ་བསྟོད་པ་བརྡ་སྤྲོད་པ། ཀུན་དགའ་རྒྱལ་མཚན་གྱིས་སྦྱར་བ་རེ་ཞིག་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.