ལག་ན་རྡོ་རྗེའི་གཟུངས་ཀྱི་ལག་ཏུ་བླང་བའི་རིམ་པ་རྒྱས་པར་བཤད་པ།

༼ཏ༽

༄༅། །ལག་ན་རྡོ་རྗེའི་གཟུངས་ཀྱི་ལག་ཏུ་བླང་བའི་རིམ་པ་རྒྱས་པར་བཤད་པ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་དབང་དཔལ་ལྡན་བླ་ཆེན་གྱི། །ཞབས་པད་དྲི་མེད་སྤྱི་བོས་བླང་བྱས་ནས། །མཚུངས་མེད་རྡོ་རྗེ་འཛིན་ཆེན་གཟུངས་ཀྱི་དོན། །གཞན་ཕྱིར་རབ་ཏུ་གསལ་བ་ཉིད་དུ་བྲི། །འཕགས་པ་ལག་ན་རྡོ་རྗེའི་གཟུངས་རིང་པོ་རྡོ་རྗེ་མཁའ་འགྲོའི་རྒྱུད་ནས་ཕྱུང་བའི་ལག་ཏུ་བླང་བའི་རིམ་པ་འདི་ནི་རྡོ་རྗེ་མཁའ་འགྲོ་མ་གཅིག་ལས་ཇོ་བོ་གསེར་གླིང་པ་ཨ་ཝ་དྷཱུ་ཏཱིས་གསན། དེས་ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་ལ། དེས་དགེ་བཤེས་མགར་རོང་པ་དགེ་བ་ལ། དེས་དགེ་བཤེས་འཛང་གྱང་ཕུ་བ་ལ། དེས་རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ། དེས་རྗེ་བཙུན་གྲགས་པ་རྒྱལ་མཚན་ལའོ། །ཡང་དེའི་བརྒྱུད་པ་གཉིས་པ་ནི། རྗེ་བཙུན་སངས་རྒྱས། དེས་ཛེ་ཏཱ་རི། དེས་རྡོ་རྗེ་གདན་པ་ཆེན་པོ། དེས་རྡོ་རྗེ་གདན་པ་ཆུང་བ་ལ། དེས་བླ་མ་བ་རི་བ་ལ། དེས་བླ་མ་ས་སྐྱ་པ་ཆེན་པོ་ལ། དེས་རྗེ་བཙུན་གྲགས་པ་རྒྱལ་མཚན་ལའོ། །དེ་ལྟར་བླ་མ་གཉིས་ལས་མནོས་པའི་གཟུངས་འདི་ལ་གསུམ། བསྙེན་པ་དང༌། སྒྲུབ་པ་དང༌། ལས་ལ་སྦྱར་བའོ། །དང་པོ་ནི་དབང་དང་དམ་ཚིག་ཐོབ་པའི་རྟེན་གྱི་གང་ཟག དེ་ལྟར་མ་ཡིན་ན་ཡང་སེམས་བསྐྱེད་པའམ། རིག་པ་གཏད་པ་ཐོབ་པ་བྱང་ཆུབ་སེམས་དཔའི་བསླབ་པ་ལ་གནས་པ། རིག་སྔགས་བཟླས་པའི་ལུང་ཐོབ་པའི་གང་ཟག་ཅིག་གིས། ཁྲུས་དང་གཙང་སྦྲ་སྔོན་དུ་བྱས་ཀྱང་རུང་མ་བྱས་ཀྱང་རུང་སྟེ། སྟན་བདེ་བ་ལ་འདུག་ལ། ཐོག་མར་བསོད་ནམས་ཀྱི་ཚོགས་ཡན་ལག་བཞི་བསྒོམ་པ་ནི། སྐྱབས་སུ་འགྲོ་བ་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་པའི་བྱམས་པ་ཚད་མེད་པ་དང༌། ཡུལ་སྡུག་བསྔལ་ཅན་ལ་དམིགས་ཏེ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་པའི་སྙིང་རྗེ་ཚད་མེད་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་ཡན་ལག་བཞི་ནི། བདག་གི་སྙིང་གའི་ཧཱུྃ་ལས་མེ་འབར་ཏེ་བདག་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ནད་དང་སྡུག་བསྔལ་བགེགས་དང་ལོག་འདྲེན་ལས་ཉོན་མོངས་པ་ཐམས་ཅད་བསྲེགས་པར་བསྒོམ་པ་ནི་དང་པོའོ། །དེ་ནས་ཆོས་ཐམས་ཅད་སེམས་སུ་མོས་པ་བྱས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སྶརྦ་དྷརྨཱ་སྭཱ་བྷཱ་ཝ་ཤུདྷོ྅་ཧཾ། ཞེས་བརྗོད་པ་ནི་གཉིས་པའོ། །དེ་ནས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་མིག་ཡོར་ལྟ་བུར་བསྒོམ་པ་ནི་གསུམ་པའོ། །དེ་ནས་སྣང་བ་མི་དམིགས་པར་སྟོང་པ་ཉིད་བསྒོམས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ་ཞེས་བརྗོད་པ་ནི་ཡན་ལག་བཞི་པའོ། །དེ་ནས་ལྷའི་སྐུ་བསྐྱེད་པ་ཡན་ལག་བཞི་ནི། ངག་ཏུ་ཧཱུྃ་ཞེས་བརྗོད་པ་ཙམ་གྱིས་དཔལ་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ། གཡས་ན་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ། པདྨའི་གདན་ལ་ཞབས་གཡས་བསྐུམ་པས་ཉི་མ། གཡོན་བརྐྱང་པས་ཟླ་བ་མནན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། མེ་འབར་བའི་དབུས་ན་བཞུགས་པ། སྦྲུལ་འབར་བ། རིན་པོ་ཆེའི་ཅོད་པཎ་བྱས་པ། ཞེས་བྱ་བ་ལ་སོགས་པ་ཉམས་ཉི་ཤུ་རྩ་ལྔ་གཞུང་ནས་འབྱུང་བ་བཞིན་ངག་ཏུ་ཡང་བརྗོད་ལ། གསལ་གདབ་པ་ནི་ཡན་ལག་དང་པོ་དམ་ཚིག་སེམས་དཔའ་བསྐྱེད་པའོ། །དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་བསམས་པ་ནི་ཡན་ལག་གཉིས་པ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ། །དེ་ནས་སྙིང་གའི་ཧཱུྃ་ལས་འོད་ཟེར་བྱུང་སྟེ། དེ་བཞིན་གཤེགས་པའི་ཚོགས་ཐམས་ཅད་སྤྱན་དྲངས་ལ། དཔལ་ཕྱག་ན་རྡོ་རྗེའི་ལུས་ལ་ཐིམ་པ་ནི་ཡན་ལག་གསུམ་པ་ཡེ་ཤེས་པ་གཞུག་པའོ། །དེ་ནས་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་བྱུང་སྟེ། དབང་བསྐུར་གྱི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཡིད་ཀྱིས་མཆོད་དེ་དབང་བསྐུར་བར་གསོལ་བ་བཏབ་པས། དེ་དག་གིས་སྤྱི་བོ་ནས་དབང་བསྐུར་ཏེ་ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་དེ་བཞིན་གཤེགས་པ་མི་བསྐྱོད་པས་དབུར་བརྒྱན་པར་བསམས་པ་ནི་ཡན་ལག་བཞི་པ་དབང་བསྐུར་ཏེ་རིགས་ཀྱི་བདག་པོས་དབུར་བརྒྱན་པའོ། །དེ་ནས་བཟླས་པའི་ཡན་ལག་བཞི་ནི། བདག་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་ཏེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ། ཡིད་ཀྱིས་མཆོད་ལ་རིག་པ་འཛིན་པ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུང་པའི་གསང་སྔགས་དང་རིག་སྔགས་ཟློས་ཤིག་ཅེས་གསུངས་པར་བསམས་ནས། བདག་གིས་རིག་སྔགས་བཟླས་པས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་བདག་གི་བཟླས་པའི་གྲོགས་བྱེད་པར་བསམ་ཞིང༌། རིག་སྔགས་བརྗོད་པ་ནི་ཡན་ལག་དང་པོའོ། །དེ་ནས་ཟབ་པ་དང་རྒྱ་ཆེ་བའི་རིག་སྔགས་འབྲུག་གི་སྒྲ་ལྟར་རྫོགས་པར་ཟློས་ན་སྔགས་ཀྱི་གྲལ་མགོ་ན་ཨོཾ་ཞེས་བྱ་བ་ཡོད། རྫོགས་པར་མི་འདོད་ན་ཏདྱ་ཐཱ་མན་ཆོད་རྫོགས་པ་ཡིན། བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་དང༌། སློབ་དཔོན་བྷ་བས་མཛད་པ་ན་མར་རྫོགས་པར་ཟློས་པར་བཤད། འདི་གང་མོས་པ་བཟླས་པས་བཏུབ་སྟེ་ཡན་ལག་གཉིས་པའོ། །དེ་ནས་བཟླས་བརྗོད་ཤོལ་བར་འདོད་ན། སྤྱན་དྲངས་པའི་སངས་རྒྱས་དེ་རྣམས་ལ་ཡི་གེ་བརྒྱ་པས་བཟོད་པར་གསོལ་ཏེ། དངོས་གྲུབ་ཇི་ལྟར་འདོད་པ་བླངས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞལ་ནས་རིག་པ་འཛིན་པ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་ནས་གསུངས་པའི་རིག་སྔགས་བཟླས་པ་ནི་རྗེས་སུ་ཡི་རང་ངོ༌། །ཞེས་གསུངས་ནས་མི་དམིགས་པར་གཤེགས་པར་བསམས་པ་ནི་ཡན་ལག་གསུམ་པའོ། །སྨོན་ལམ་གདབ་པ་ནི་ཡན་ལག་བཞི་པའོ། །དེ་ནས་རྗེས་ལ་བྱུང་བའི་ཡན་ལག་བཞི་ནི། བདག་རང་ཡང་ལྷར་བསྒོམ། སྣང་བའི་དངོས་པོ་ཐམས་ཅད་ཀྱང་ལྷའི་ངོ་བོར་ཤེས་པར་བྱ་སྟེ། སྤྱོད་ལམ་བྱ་བ་ནི་ཡན་ལག་དང་པོའོ། །ཡིག་འབྲུ་གསུམ་གྱིས་ཁ་ཟས་བྱིན་གྱིས་བརླབས་ནས། ཁ་ཟས་ལྷ་མཆོད་པའི་བསམ་པས་ཟ་བ་ནི་ཡན་ལག་གཉིས་པའོ། །དེ་ནས་གཏོར་མ་ཡི་གེ་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ཏེ། མདུན་དུ་དཔལ་ཕྱག་ན་རྡོ་རྗེ་བསྐྱེད་ལ། དེ་ལ་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ་ནས་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་བསམ་ཞིང༌། གཟུངས་སྔགས་རིང་པོ་ལན་གཅིག་གམ་གསུམ་བརྗོད་པས་མཉེས་པར་བསྒོམས་ལ། མཆོད་པ་ལྔས་མཆོད། ཅི་ཤེས་པས་ཀྱང་བསྟོད་ལ། འདོད་པའི་དོན་ལ་གསོལ་བ་བཏབ་ལ། སྤྱན་དྲངས་པ་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུས་ཏེ། གཏོར་མ་ས་གཙང་སར་གཏང་བ་ནི་གཏོར་མའི་རྣལ་འབྱོར་ཏེ་ཡན་ལག་གསུམ་པའོ། །དེ་ནས་ཉལ་ན་སྟོང་པ་ཉིད་དམ་ལྷའི་ང་རྒྱལ་གྱིས་ཉལ་ཞིང༌། ལྡང་ན་སྐད་ཅིག་གིས་ལྷའི་སྐུར་ལྡང་བ་ནི་ཡན་ལག་བཞི་པ་ཉལ་བ་དང་ལྡང་བའི་རྣལ་འབྱོར་རོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་ཡན་ལག་བཞི། ཡེ་ཤེས་ཀྱི་ཚོགས་ཡན་ལག་བཞི། ལྷར་བསྐྱེད་པ་ཡན་ལག་བཞི། བཟླས་པའི་རྣལ་འབྱོར་ཡན་ལག་བཞི། རྗེས་ཀྱི་རྣལ་འབྱོར་ཡན་ལག་བཞི་སྟེ་དེ་ལྟར་ཡན་ལག་ཉི་ཤུ་ཐམ་པ་དང་ལྡན་པས། མཚན་མའི་བསྙེན་པ་ཡི་དམ་ལྷའི་ཞལ་མཐོང་བའམ། གནང་བ་ཐོབ་པའམ། དུས་ཀྱི་བསྙེན་པ་ལོ་དྲུག་གམ། གྲངས་ཀྱི་བསྙེན་པ་འབུམ་ཕྲག་བཞིའམ། དེ་ལྟ་བུ་གང་རུང་ཞིག་སྔོན་དུ་སོང་ནས་སྒྲུབ་པ་ལ་འཇུག་པར་བྱའོ། །ཐོག་མར་བསྙེན་པ་བསྟན་ཟིན་ཏོ།།  །།སྒྲུབ་པ་ལ་གཉིས། སྔོན་དུ་སྦྱིན་སྲེག་ལ་བརྟེན་ཏེ་ལྷ་ཉེ་བར་བསྒྲུབ་པ་དང༌། དེ་ནས་མཆོད་རྟེན་ལ་བརྟེན་ཏེ་ཉེ་བར་བསྒྲུབ་པའོ། །དང་པོ་ནི། ཞི་བའི་སྦྱིན་སྲེག་འབའ་ཞིག་གིས་བསྒྲུབ་པ་ཡིན་མོད་ཀྱིས། ཞར་ལས་འབྱུང་བ་ལས་བཞི་ཀའང་བརྗོད་པར་བྱའོ། །དེ་ལ་དང་པོ་ཐབ་ཁུང་ནི། རྒྱར་ཁྲུ་གང་པ། དབྱིབས་ཟླུམ་པོ་སོར་བཞི་ཕྱིར་བསྐྱེད་ནས། སོར་བཞི་དཔངས་སུ་བརྩིགས་པ་ནི་དཀར་པོ། དེའི་ཕྱི་རོལ་གྲུ་བཞི་པ་རྡོ་རྗེ་རྩེ་ལྔ་པས་མཚན་པ་ནི་སེར་པོ། མཐོ་གང་ཟབས་སུ་བྲུས་པའི་ལྟེ་བ་གྲུ་གསུམ་པ་བྲིས་པ་ནི་ནག་པོ། དེའི་མཚམས་ན་ཟླ་བ་ཕྱེད་པ་ལྟ་བུ་ཡོད་པ་ནི་དམར་པོ། ལྟེ་བར་རྡོ་རྗེ་སྔོན་པོས་མཚན་པ་ཁ་ཁྱེར་དང་མུ་རན་དཀར་པོའི་མཚན་མས་མཚན་པའོ། །དེར་བུད་ཤིང་ནི་ཞི་བ་དང་དབང་ལ་ཐབ་ཁུང་དང་ཁད་ཆད་དུ་བརྩིག རྒྱས་པ་ལ་ཅུང་ཟད་མཐོ་བ། དྲག་པོ་ལ་ཅུང་ཟད་དམའ་བ་བརྩིག ལས་འཇམ་པོ་གསུམ་ལ་བསྲེག་རྫས་གཡས་ལ་མཆོད་རྫས་གཡོན། དྲག་པོ་ལ་དེ་ལས་གོ་བཟློག་པའོ། །བསྲེག་རྫས་ནི་ཞི་བ་ལ་ཏིལ་གཙོ་བོ། ཐམས་ཅད་དུ་རྒྱས་པ་ལ་ཞོ་དང་ཟས་མཆོག ཚེ་རྒྱས་པ་ལ་དཱུར་བ། ལོངས་སྤྱོད་རྒྱས་པ་ལ་འབྲུ། དབང་དུ་བྱ་བ་ལ་ཤིང་ཏོག་སྐྱུར་པོ། དྲག་པོ་ལ་ཁྲག་དང་དུག་དང་དགྲ་བགེགས་ཀྱི་ལིངྒ་དགུག་གཞུག་བྱས་པའི་དུམ་བུ་རྣམས་སོ། །ཐམས་ཅད་དུ་མར་དང་ཡམ་ཤིང་ངོ༌། །མཆོད་རྫས་ནི་མཆོད་ཡོན་དང་ཞབས་བསིལ་སྔོན་དུ་འགྲོ་བའི་མཆོད་པ་རྣམ་པ་ལྔའོ། །སྒྲུབ་པ་པོའི་ཆས་གོས་ནི་ཞི་བ་ལ་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོ། ཁ་ལྟ་ཕྱོགས་ཀྱང་ཞི་བ་ལ་ཤར་དུ། རྒྱས་པ་ལ་བྱང་དུ། དབང་ལ་ནུབ་ཏུ། དྲག་པོ་ལ་ལྷོར་ཁ་བལྟ་བར་བྱའོ། །དེ་ལྟར་འཚོག་ཆས་རྣམས་ཟིན་ནས་བདག་གི་རྣལ་འབྱོར་རྫོགས་པར་བསྒོམས་ཏེ། བཟླས་པ་འགའ་བྱ། ཐབ་ཁུང་དུ་མེ་སྦར། རང་གི་ལྷའི་སྔགས་ཀྱིས་མེ་བསངས། སྭ་བྷཱ་བས་སྟོང་པར་བསྒོམ། ཧཱུྃ་ལས་བྲིས་པ་དང་རྗེས་སུ་མཐུན་པའི་ཐབ་ཁུང་རྒྱ་དང་ཚད་ཡོངས་སུ་མ་ཆད་པ་བསྐྱེད། རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ལས་མེ་ལྷ་སྐུ་མདོག་དམར་པོ། གཡས་པ་བགྲང་ཕྲེང༌། གཡོན་ན་དབྱུག་པ་འཛིན་པ་རལ་པའི་ཅོད་པཎ་དང་ལྡན་པ། རིན་པོ་ཆེ་དང་ཚངས་པའི་སྐུད་པ་དང་ལྡན་པ་གསུས་ཁྱིམ་ཆེ་བར་ལ་ཞོན་ཞིང་དྲང་སྲོང་ཕྲུ་གུས་བསྐོར་བ་སྟེ། འོན་ཀྱང་ཞི་བ་ལ་ཞལ་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོའི་ཚུལ་ཅན་ནོ། །དེ་ནས་དེའི་ཐུགས་ཀའི་རྃ་དང་བདག་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་བྱང་ཤར་གྱི་མཚམས་ནས་མེ་ལྷ་ཡེ་ཤེས་པ་སྤྱན་དྲངས་ནས་ཤར་ལྷོ་ན་བཞུགས་པ་ལ་མཆོད་ཡོན་ཞབས་བསིལ་དབུལ། ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་ལ་བསྟིམ། ཨོཾ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡིད་ཀྱིས་དབང་བསྐུར་ནས་རིགས་ཀྱི་བདག་པོ་ནི་ཞི་བ་ལ་རྣམ་པར་སྣང་མཛད། རྒྱས་པ་ལ་རིན་ཆེན་འབྱུང་ལྡན། དབང་ལ་འོད་དཔག་མེད། དྲག་པོ་ལ་མི་བསྐྱོད་པས་དབུར་བརྒྱན་པའོ། །དེ་ནས་རྫས་བསངས་ཏེ། བདུད་རྩིར་བྱིན་གྱིས་བརླབས་ལ་དབུལ་བར་བྱ་སྟེ། རྫས་ཐམས་ཅད་ནི་ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པའི་མཇུག་ཏུ་ལས་ཀྱི་ཤམ་བུ་བཏགས་ནས་དབུལ་བར་བྱ་སྟེ། དེ་ནས་ལས་ཀྱི་ཤམ་བུ་ནི་ཞི་བ་ལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་ལ་པུཥྚིཾ་ཀུ་རུ་སྭཱ་ཧཱ། དབང་ལ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། དྲག་པོ་ལ་མཱ་ར་ཡ་ཕཊ་ཅེས་པ་བཏགས་སོ། །དེ་ལྟར་བསྲེག་རྫས་ཐུན་བདུན་བདུན་ཙམ་རེ་ཕུལ་ལ། མེ་ལྷ་འབར་བའི་རྣམ་པར་ཐིམ་པར་བྱའོ། །དེ་ནས་ཐབ་ཁུང་གི་ལྷ་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ་ཡང་ལྷའི་སྔགས་ཡི་གེ་བཅུ་གསུམ་པའི་ཤམ་བུ་ལ་ལས་ཀྱི་སྔགས་བཏགས་ལ་རྫས་ཐམས་ཅད་དབུལ་བར་བྱའོ། །དེ་ལ་མཆོད་པས་མཆོད་ཅིང་བསྟོད་པས་བསྟོད་ལ། འདོད་པའི་དོན་ལ་གསོལ་བ་གདབ་ལ། ཡེ་ཤེས་པ་གཤེགས་ཏེ་དམ་ཚིག་པ་བདག་ལ་བསྡུ་བར་བྱའོ། །དེ་ཡང་ཐབ་ཏུ་མེ་ལྷ་སྐད་ཅིག་ཙམ་གྱིས་བསྐྱེད་ལ། བསྲེག་རྫས་ལྷག་མ་རྣམས་ཕུལ་ལ་མཆོད་པས་མཆོད་ལ། བསྟོད་པས་བསྟོད་དེ་འདོད་པའི་དོན་ལ་གསོལ་བ་བཏབ་ལ། ཡེ་ཤེས་པ་གཤེགས་ཏེ་དམ་ཚིག་པ་འབར་བའི་རྣམ་པར་བསམ། མཐར་ལས་ཀྱི་རྗེས་མི་མངོན་པར་བསྡུ་བར་བྱའོ། །དེ་ཡང་སྡིག་པ་ཞི་བའི་སྦྱིན་སྲེག་ནི། སྔོན་དུ་བསྙེན་པ་ཇི་ཙམ་སོང་བའི་བཅུ་ཆའི་ཚད་དུ་ཏིལ་གྱི་སྦྱིན་སྲེག་བྱས་ལ། དེ་ནས་མཆོད་རྟེན་གྱི་སྒྲུབ་པ་བྱེད་པ་ཡིན་གྱི། ལྷག་མ་ལས་བཞི་ནི་ལས་ལ་སྦྱར་བའི་ཁོངས་སུ་གཏོགས་པ་ཡིན་ནོ། །སྦྱིན་སྲེག་གིས་བསྒྲུབ་པ་བསྟན་ཟིན་ཏོ།།  །།དེ་ནས་མཆོད་རྟེན་གྱིས་བསྒྲུབ་པ་ནི། རིན་པོ་ཆེ་ཨིནྡྲ་ནཱི་ལའམ། མུ་མེན་ནམ། རིན་པོ་ཆེ་བརྡར་བའི་འཇིམ་པ་སྔོན་པོ་ཡང་རུང་སྟེ། བྱང་ཆུབ་ཆེན་པོའི་མཆོད་རྟེན་གདན་ཁྲི་ནས་ཏོག་གི་བར་དུ་ཡོངས་སུ་རྫོགས་པ་ཆེ་ཆུང་གི་ཚད་ལ་ངེས་པ་མེད་དེ། དེ་བཞིན་གཤེགས་པའི་རིང་བསྲེལ་ཡོད་ན་རབ། མེད་ཀྱང་རུང་སྟེ། ཆོས་ཀྱི་སྐུའི་རིང་བསྲེལ་ཞེས་བྱ་བ་གཟུགས་སྔགས་བྲིས་པ་བུམ་པའི་ནང་དུ་བཞུགས་པ་སྟེ་དེའི་སྙིང་པོ་ཅན་དུ་བྱས་ལ། རབ་གནས་ལ་སོགས་པ་རྒྱས་པར་བྱ་སྟེ། རིན་པོ་ཆེ་ལ་སོགས་པ་ཁྲི་མཐོ་བ་ཅིག་གི་སྟེང་དུ་བཞུགས་སུ་གཞུག དེའི་དྲུང་དུ་བུམ་པ་མཚན་ཉིད་དང་ལྡན་པ་ལེགས་པར་སྦྱངས་པ་མགུལ་ཆིངས་བྲོག་སྔོན་པོས་བྱས་པའམ། དཀར་པོ་ཡང་རུང་བས་མགུལ་པ་དཀྲི། ཁ་དང་ཞབས་སུ་གུ་གུལ་གྱིས་བདུག་ཅིང་ཡུངས་ཀར་གྱིས་བྲབ། སྨན་ལྔ་འབྲུ་ལྔ་རིན་པོ་ཆེ་ལྔའི་བཅུད་གཞུག ཆུ་གཙང་མ་དྲི་ཞིམ་པོས་དགང༌། ཤིང་ལོ་རློན་པས་ཁ་བརྒྱན། དུང་ཆོས་སུ་དྲི་ཞིམ་པོའི་ཆུ་བླུགས་ལ་དེའི་སྟེང་དུ་བཞག རྡོ་རྗེ་གཟུངས་ཐག་སྔོན་པོ་བཏགས་པ་དེའི་སྟེང་དུ་གཞག་པར་བྱའོ། །དེ་ནས་མཆོད་ཡོན་ཞབས་བསིལ་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང་གཏོར་མ་བཤམས་ལ། བདག་གི་རྣལ་འབྱོར་རྫོགས་པར་བསྐྱེད། མཆོད་རྟེན་སྟོང་པ་ཉིད་ཀྱི་ངང་ལས། བྷྲཱུྃ་ལས་མཆོད་རྟེན་དུ་བསྐྱེད། མཆོད་རྟེན་གྱི་བུམ་པའི་ནང་དུ་ཧཱུྃ་ལས་ལག་ན་རྡོ་རྗེ་ཡན་ལག་བཞི་རྫོགས་སུ་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པ་ཐམས་ཅད་དུས་གཅིག་ཏུ་བསྐྱེད་དེ། བུམ་པ་སྟོང་པ་ཉིད་དུ་སྦྱངས་ལ། བྷྲཱུྃ་ལས་རིན་པོ་ཆེའི་བུམ་པའི་ནང་དུ་མཆོད་རྟེན་གྱི་བུམ་པ་བཞིན་ཧཱུྃ་ལས་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པ་ཐམས་ཅད་དུས་གཅིག་ཏུ་བསྐྱེད་དེ། དེ་ནས་མཆོད་རྟེན་ལ་ཡང་གཟུངས་ཐག་གིས་དཀྲིས་ལ་གཟུངས་ཐག་གི་སྣ་ནས་བཟུང་སྟེ། བདག་གིས་བཟླས་པ་བྱས་པ་བཞིན་མཆོད་རྟེན་བུམ་པའི་ནང་ན་གནས་པ་དང༌། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བཟླས་པ་བྱེད་པར་བསམ་ཞིང༌། གོང་དུ་བསྟན་པའི་བཟླས་པའི་མན་ངག་བཞིན་བཟླས་པ་བྱ། ཐུན་འཇོག་ཁར་མཆོད་པས་མཆོད། བསྟོད་ལ་འདོད་པའི་དོན་ལ་གསོལ་བ་གདབ། ཡི་གེ་བརྒྱ་པ་བརྗོད་དེ་བཟོད་པར་གསོལ། བཅོམ་ལྡན་འདས་ལ་གཏོར་མ་དབུལ། ཕྱོགས་སྐྱོང་དང་འབྱུང་པོའི་ཚོགས་ལ་དཔུང་བཟང་དང་མཐུན་པར་གཏོར་མ་དབུལ། གཟུངས་ཐག་གི་སྣ་ཕྱོགས་གཅིག་ལ་རྡོ་རྗེ་བཏགས་ལ་བྲིས་སྐུའམ་ལུགས་སྐུའམ་མཆོད་རྟེན་ཉིད་ཀྱི་དྲུང་དུ་བསྲུང་བ་བྱས་ལ་གཞག བུམ་པ་དང་མཆོད་རྟེན་དང་བདག་དང་གསུམ་ཀ་ལ་སྐུ་གསུང་ཐུགས་ཀྱི་ཡི་གེས་བསྲུངས་ལ། སྒྲུབ་པ་པོ་བདག་རང་ཁ་ཟས་སམ་སྤྱོད་ལམ་གྱི་རྣལ་འབྱོར་གྱིས་གནས་པར་བྱའོ། །དེ་ལྟར་ཐུན་གསུམ་མམ་བཞིའམ་ཐུན་དྲུག་གི་ཚུལ་གྱིས་ལྷ་ཉེ་བར་བསྒྲུབ་པར་བྱ་སྟེ། དེ་ཡང་རྟགས་ཀྱི་སྒྲུབ་པ་དངོས་སམ། རྨི་ལམ་དུ་གནང་བ་ཐོབ་ཀྱང་རུང༌། དུས་ཀྱི་སྒྲུབ་པ་ལ་ལོ་དྲུག་གམ་ཟླ་བ་དྲུག་ཀྱང་རུང༌། གྲངས་ཀྱི་སྒྲུབ་པ་འབུམ་ཕྲག་དྲུག་གམ་འབུམ་ཕྲག་བཞི་བཟླས་ཏེ་ལྷ་ཉེ་བར་སྒྲུབ་པའོ། །དེ་ཡང་སྒྲུབ་པ་ལ་ཞུགས་ནས་མ་ཐོན་གྱི་བར་དུ་ཐུན་དང་པོ་ལ་མདུན་གྱི་གཉིས་པོ་དེ་ལེགས་པར་བསྐྱེད་ལ། ཐུན་གཉིས་པ་མན་ཆད་གསལ་གདབ་པ་ལས་གཞི་ནས་བསྐྱེད་མི་དགོས། མཆོད་པ་དང་གཏོར་མ་ནི་སྒྲུབ་པའི་གྲོགས་ཡོད་ན་བཟླས་བརྗོད་གསུང་མི་འཆད་དུ་བྱས་ན་ཡང་ལེགས་སོ། །སྒྲུབ་པ་ཐོན་པ་དང་བུམ་པའི་སྟེང་གི་དུང་ཆོས་ཀྱི་ཆུ་བུམ་པའི་ནང་དུ་བླུགས་པས། བུམ་པའི་ནང་དུ་ལྷ་རྣམས་འོད་དུ་ཞུ་བར་བསམ། མཆོད་རྟེན་གྱི་ལྷ་རྣམས་ལས་དངོས་གྲུབ་བླངས་ཏེ། བདག་གི་ཐུགས་ཀར་བསྡུས་ལ་མཆོད་རྟེན་གྱི་བུམ་པར་སླར་ཡང་ལྷ་གཉིས་པ་གཅིག་བསྐྱེད་དེ། མཆོད་པས་མཆོད་ལ་བརྟན་པར་བཞུགས་སུ་གསོལ། བུམ་པའི་ཆུ་ལས་དངོས་གྲུབ་བླང་བར་བྱ་བའི་ཕྱིར་བཏུང་བ་དང་ལུས་ཐམས་ཅད་ལ་ཁྲུས་བྱའོ། །མཆོད་རྟེན་ལ་བརྟེན་པའི་བསྒྲུབ་པ་བསྟན་ཟིན་ཏེ་སྒྲུབ་པ་གཉིས་ཀའང་བསྟན་ཟིན་ཏོ། །དེ་ལྟར་སྒྲུབ་པ་རྫོགས་པ་ཅིག་གིས་རང་དང་གཞན་གྱི་དོན་བསྒྲུབ་པར་བྱ་བའི་ཕྱིར། ལས་ལ་སྦྱར་བ་ནི། འོག་ནས་འབྱུང་བའི་ལས་ཐམས་ཅད་སྔར་སྒྲུབ་པའི་སྐབས་སུ་བཤད་པ་ལྟ་བུའི་བུམ་པའི་ཆོ་ག་དང་འབྲེལ་བར་བཞེད་དེ། དེ་ལ་བུམ་པའི་ཆུ་ཟངས་གཞོང་ལ་སོགས་པའི་སྣོད་གཙང་མར་བླུགས་ལ། ཆུའི་རྡུལ་ཕྲ་རབ་ཐམས་ཅད་རྡོ་རྗེ་དམར་པོ་ཕྲ་མོ་དཔག་ཏུ་མེད་པར་བསམས་ལ། དེས་ནད་པ་ལ་གཏོར་ན་གནོད་སྦྱིན་གྱི་གདོན་གྱིས་ཟིན་པ་གཏང་བར་འགྱུར་བ་ནི་ལས་དང་པོའོ། །སྨྱུག་ཤད་དམ། བལ་པོ་སེའུའི་ལྕུག་མ་རྩེ་གསུམ་པ་རྙེད་ན་རིགས་གསུམ་མགོན་པོར་བསྐྱེད་དེ། མ་ཡིན་ན་ལྕུག་མ་ཁྲུ་གང་པ་ཕྱག་རྡོར་རང་དུ་བསྐྱེད་ལ་བྱབས་པས་ནད་ཐམས་ཅད་དྲི་མའི་སྒོ་གཉིས་ནས་ཐོན་ནས་འགྲོ་བར་བསམས་ན་ཀླུའི་གདོན་བཟློག་ནས་འགྲོ་སྟེ་ལས་གཉིས་པའོ། །སྐུད་པ་དཀར་པོ་མདུད་པ་མ་བྱས་པ་ལ་རང་ལྷར་བསྐྱེད་ནས་སྔགས་བཟླས་ཏེ་མགུལ་དུ་གདགས་པ་ནི་ཡི་དྭགས་དང་བརྗེད་བྱེད་ཀྱིས་ཟིན་པ་གྲོལ་བར་འགྱུར་ཏེ་ལས་གསུམ་པའོ། །སྐུད་པ་སྔོན་པོ་སུམ་སྒྲིལ་མདུད་པ་མ་བྱས་པར་ལྷར་བསྐྱེད་ལ་མགུལ་དུ་གདགས་པ་ནི་རིམས་ནད་གཞོགས་ཕྱེད་ན་བ་དང༌། ཡི་ག་འཆུས་པ་ཞི་བའི་ལས་བཞི་པའོ། །བྲིས་སྐུའམ་དཀྱིལ་འཁོར་གྱི་དྲུང་དུ་སྨྱུང་བར་གནས་ཏེ་གུ་གུལ་དཀར་པོའི་བདུག་པས་བདུགས་ན། དགེ་བ་དང་མི་དགེ་བ་ཐམས་ཅད་སྟོན་ཅིང་གསེར་གྱི་དོང་ཙེ་བདུན་སྟོང་སྟེར་བར་བྱེད་དོ། །གཞན་གྱིས་བྱས་པའི་གནོད་སྦྱིན་དང་སྦོད་གཏོང་གིས་བྱད་དུ་བཅུག་ན། བ་སེར་སྐྱའི་ལྕི་བའི་ཐལ་བ་ལུས་ལ་བྱུགས་ན་ཞི་བར་འགྱུར་ཏེ། རྒྱས་གདབ་ལ་གྲོལ་བར་འགྱུར་རོ། །ཡུངས་ཀར་རྡོ་རྗེ་ཕྲ་མོར་བསམས་ནས་སྔགས་ཟློས་ཤིང༌། ལྡེ་ཁུངས་ནས་ཡར་གཏོར་ན་སྒོ་ལྕགས་འབྱེ་བར་འགྱུར་རོ། །ཀླུ་དང་འབྱུང་པོ་ལ་སོགས་པའི་གདོན་བསྲུང་བ་ལ་སྔགས་བཟླས་པའི་མར་རྙིང་པས་བྱུགས་པའམ་ཐལ་བས་བྱུགས་པའམ་ཡུངས་ཀར་རྡོ་རྗེར་བསམས་ནས་ལུས་ལ་བཅངས་ན་སྲུང་བའི་མཆོག་ཏུ་འགྱུར་རོ། །ནད་ཐམས་ཅད་བསྲུང་བར་འདོད་ན་སྐུད་པ་སྔོན་པོ་ལ་རྡོ་རྗེའི་མདུད་པ་གསུམ་བྱས་ལ། དབུས་མ་ཕྱག་ན་རྡོ་རྗེ། གཡས་འཇམ་དཔལ། གཡོན་སྤྱན་རས་གཟིགས་སུ་བསམས་ལ། མགུལ་དུ་བཏགས་ན་སྲུང་བའི་མཆོག་ཏུ་འགྱུར་རོ། །ཚོན་སྣ་ལྔའི་སྐུད་པ་ལའང་མདུད་པ་སྔ་མ་བཞིན་དུ་བྱས་ནས་གསང་སྔགས་ཟློས་པས་མགུལ་དུ་བཏགས་ན་སྲིའུ་གསོ་བའི་མཆོག་ཏུ་འགྱུར་རོ། །ས་རྡོ་རྗེ་ཕྲ་མོར་བསམས་ནས་ཆོམ་རྐུན་གྱི་ཕྱོགས་སུ་གཏོར་ན་འཇིགས་པ་སྲུང་བའོ། །ཀུ་ཤའི་ཆུན་པོའི་སྟོད་འཇམ་དཔལ། བར་སྤྱན་རས་གཟིགས། སྨད་ཕྱག་ན་རྡོ་རྗེར་བསམས་ནས་བྱབས་ན་དུག་ཞི་བར་འགྱུར་རོ། །བདག་བསྲུང་ན་རྡོ་རྗེའི་ཁྲབ་ཏུ་བསྒོམས་པ་ཙམ་མམ་ཆུ་ལ་སྔགས་བཟླས་པ་སྤྱི་བོ་ནས་མར་བླུགས་ལ་རྡོ་རྗེའི་ཁྲབ་ཏུ་བསམས་པ་ཙམ་གྱིས་བདག་སྲུང་བར་འགྱུར་རོ། །སྐུད་པ་སྔོན་པོའི་སྲུང་སྐུད་ཀྱིས་ནི་བསྲུང་བ་ཡིན་ཏེ། དེ་ལྟར་གཞུང་ནས་འབྱུང་བའི་ལས་ཀྱི་ཡན་ལག་བཅུ་བཞིའོ། །ལས་ཐམས་ཅད་ལ་སྔགས་བཟླས་པའི་གྲངས་ནི་བདུན་ནམ། བཅུ་བཞིའམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་ཡིན་ཏེ། སྔགས་ཀྱི་ནུས་པའི་ཁྱད་པར་གྱིས་མང་ཉུང་དུ་གསུངས་པ་ཡིན་ནོ། །ཞར་ལ་མན་ངག་གིས་གསུངས་པ་སྲུང་བའི་འཁོར་ལོ་ནི་རས་སམ་ཤོག་བུའམ་གྲོ་ག་ལ་གུར་གུམ་མམ་གི་ཝང་གིས་འཁོར་ལོ་རྩིབས་བཅུ་པ་ལྟེ་བ་དང་མུ་ཁྱུད་དུ་བཅས་པ་བྲི། ལྟེ་བར་ཡི་གེ་ཧཾ་མགོ་གྲུ་གསུམ་ཡོད་པའི་ནང་དུ་ཨོཾ་ཨཱཿཧཱུྃ་ཆེ་གེ་རཀྵ་ཀུ་རུ་ཞེས་པ་བྲི། ལྟེ་བའི་མུ་ཁྱུད་ལ། ནཱི་ལཱམྦ་ར་ཡི་གེ་བཅུ་གསུམ་པ་སྤེལ་ཚིག་དང་བཅས་པ་བྲི། རྩིབས་བཅུ་ལ་ཧཱུྃ་བཅུ་བྲི། མུ་ཁྱུད་ཡངས་པ་བྱས་ལ། གཟུངས་རིང་པོ་རྫོགས་པར་ལས་ཀྱི་ཤམ་བུ་དང་བཅས་པ་བྲིས་ལ། རབ་གནས་བྱས་ཏེ་དྲིལ་ལ་ལུས་ལ་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ། །ཞར་ལས་བྱུང་བའི་གཟུངས་སྔགས་ཀྱི་ལུང་སྦྱིན་པར་འདོད་ན་སྔར་སྒྲུབ་པའི་སྐབས་སུ་བཤད་པའི་མཆོད་རྟེན་བླ་མའི་ཕྱག་ཏུ་བཟུང་ལ། སྒྲུབ་པའི་སྐབས་ཀྱི་བཟླས་བརྗོད་དང་མཐུན་པར་སློབ་མ་ལ་རྗེས་སུ་བཟླས་པའི་ལུང་ལན་གསུམ་སྦྱིན་ནོ། །དེ་ནས་མཆོད་རྟེན་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབ། བླ་མའི་ཕྱག་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབ་པར་བྱའོ། །ལུང་སྦྱིན་པའི་ཆོ་གའོ། །ཐམས་ཅད་ཀྱང་བསྟན་ཟིན་ཏོ། །ཐུན་མཚམས་ཀྱི་བྱ་བ་འཇིམ་པའམ་སྐུ་གཟུགས་ཀྱི་བྱ་བ་བྱེད་པར་འདོད་ན། ས་གཙང་ཞིང་དྲི་མ་མེད་པ་ལ་མཆོད་རྟེན་བྱ། དེ་ལ་རིན་པོ་ཆེའམ་སྤོས་སམ་འབྲུ་ལ་སོགས་པ་བཏབ་ཀྱང་བཏུབ། མ་བཏབ་ཀྱང་བཏུབ། འཇིམ་པའི་གོང་བུ་དེ་སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསྒོམ། པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་ལས་འཇིམ་པ་རྣམས་རིན་པོ་ཆེའི་ཕུང་པོ་བསྒོམ། དེའི་འོད་ཟེར་གྱིས་འོག་མིན་གྱི་གནས་ནས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ལ་བསྟིམ་ཞིང༌། རྣམ་པར་སྣང་མཛད་ཀྱི་སྙིང་པོའམ། རྟེན་འབྲེལ་གྱི་སྙིང་པོའམ། ཡི་དམ་གྱི་ལྷའི་སྙིང་པོ་བཟླས་ཤིང་བྱིན་གྱིས་བརླབ་པ་དང༌། འབི་འབི་བྱ་བ་དང༌། སྣུམ་བསྐུ་བ་དང༌། གདབ་པ་དང་བཞུགས་སུ་གསོལ་བའི་བར་དུ་རྫོགས་པར་བྱའོ། །དེ་ནས་དེ་དག་ལ་རབ་ཏུ་གནས་པ་བྱེད་ཀྱང་རུང༌། གནས་སྐབས་གཞན་དུ་སྐུ་གཟུགས་དང་གླེགས་བམ་དང༌། ཕྱག་མཚན་ལ་སོགས་པ་རབ་ཏུ་གནས་པ་བྱེད་ཀྱང་རུང་སྟེ། རབ་ཏུ་གནས་པར་བྱེད་པར་འདོད་ན། རྟེན་དེ་དག་གི་སྤྱན་སྔར་ཇི་ལྟར་འདོད་པའི་མཆོད་པ་དང་གཏོར་མ་བཤམ། བུམ་པ་གཙང་མ་དང་མགུལ་ཆིངས་དང་ཁ་རྒྱན་དང་སྨན་ལྔ། འབྲུ་ལྔ། རིན་པོ་ཆེ་ལྔ། ཆུས་དགང་བའི་བར་དུ་བྱ། དེ་ནས་བདག་གི་ཡི་དམ་གྱི་ལྷའི་ང་རྒྱལ་བསྒོམས་ལ་བཟླས་པ་ཅུང་ཞིག་བྱ། བུམ་པ་ལ་ལག་པས་རེག་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླས་པས་ཆུ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཆུར་བྱིན་གྱིས་བརླབས་ལ་བཞག དེ་ནས་མེ་ལོང་ལ་རྟེན་རྣམས་ཀྱི་གཟུགས་བརྙན་འཆར་དུ་བཅུག་ལ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཅི་ཤེས་པ་དང༌། སྔགས་གོང་མ་བཟླས་ཤིང་བུམ་པའི་ཆུས་བཀྲུ། བུམ་པའི་བྱ་བ་ཡོངས་སུ་མ་གྲུབ་ན་ཏིང་ངེ་འཛིན་གྱིས་བྱས་པས་ཉེས་པ་མེད་དོ། །དེ་ནས་རྟེན་རྣམས་སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པ་ཉིད་དུ་བསམས་ལ། པདྨ་དང་ཟླ་བའི་སྟེང་དུ། རང་གི་ཆོས་ཀྱི་ཡི་གེ་ལས་བསྐྱེད་པའི་ཕྱིར། ཧཱུྃ་ལས་མཆོད་རྟེན་རྣམས་ནི་མཆོད་རྟེན་ཉིད་དུ་བསྐྱེད་པའི་བུམ་པ་ཡི་དམ་གྱི་ལྷར་བསྒོམ། སྐུ་གཟུགས་ངོ་ཤེས་པ་རྣམས་ནི་ངོ་ཤེས་པའི་ལྷར་བསྒོམ། ངོ་མི་ཤེས་པ་རྣམས་དང་གླེགས་བམ་དང་ཕྱག་མཚན་རྣམས་ནི་ཡིད་དམ་གྱི་ལྷར་བསྒོམ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་བསྒོམ། བདག་གི་སྙིང་གའི་ཧཱུྃ་དང་རྟེན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་རྟེན་ལ་བསྟིམ། ཡང་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ལ་གསོལ་བ་གདབ། དབང་བསྐུར་བས་ཆུ་ལྷག་མ་ཡར་ལུད་པ་ལས། ངོ་ཤེས་ན་ངོ་ཤེས་པའི་དབུ་རྒྱན་གདབ། ངོ་མི་ཤེས་པ་རྣམས་ཀྱི་སྤྱི་བོར་ཡི་དམ་གྱི་ལྷ་བསྒོམ། ཅི་འབྱོར་པའི་མཆོད་པས་མཆོད། མེ་ཏོག་ལ་ཡི་དམ་གྱི་ལྷའི་གསང་སྔགས་མང་དུ་བཟླས་ལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཨོཾ་ཧཱུྃ་ཧྲཱིཿབྷུ་ཁཾ། བཛྲཱི་བྷ་བ་དྲྀ་ཌྷོ་ཏིཥྛ་བྷུ་ཁཾ། ཞེས་བརྗོད་ཅིང་མེ་ཏོག་གཏོར་བར་བྱའོ། །དེ་ནས་ཕྱག་བཙལ་ལ་ཅི་འབྱོར་པས་མཆོད། བསྟོད་པས་བསྟོད། འབྱུང་པོའི་ཚོགས་ལ་གཏོར་མ་གཏང༌། སྨོན་ལམ་བཏབ་ལ་ཅི་བདེར་གནས་པར་བྱའོ། །རབ་ཏུ་གནས་པའི་ཆོ་ག་བསྟན་ཟིན་ཏོ།།  །།རྒྱལ་བ་ཀུན་གྱི་གསང་སྔགས་འཛིན་པའི་གཟུངས། །འདི་ལ་ལོག་པར་སྨྲ་བས་ས་སྟེང་གང༌། །དེ་དག་ཀུན་ལ་བརྩེ་བའི་བསམ་པ་དང༌། །དོན་དུ་གཉེར་བས་གསོལ་བ་བཏབ་ནས་བྲིས། །འདི་སྦྱར་བ་ལས་དུབ་པར་གྱུར་པ་ཡི། །དགེ་བ་འདིས་ནི་ནམ་མཁའི་མཐས་གཏུགས་པའི། །འགྲོ་བ་ལམ་གྱི་བར་ཆད་ཀུན་ཞི་སྟེ། །ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག།  །།འཕགས་པ་ལག་ན་རྡོ་རྗེའི་གཟུངས་ཀྱི་ལག་ཏུ་བླང་བའི་རིམ་པ་རྒྱས་པར་བཤད་པ་མ་ནོར་བ་འདི་ནི། ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བའོ། །དགེ་བའི་བསམ་པས་བསྐུལ་ནས་ནི། །དོན་ཀུན་འགྲུབ་པའི་གཟུངས་དོན་བཀྲལ། །གྲུབ་ལས་ཆོས་ཉིད་ཀུན་གྲུབ་སྟེ། །ཡེ་ཤེས་བསམ་པ་ཀུན་འགྲུབ་ཤོག །ང་རྒྱལ་ལོག་ལྟ་འཇོམས་པའི་གནོད་སྦྱིན་ཏེ། །ལ་སོགས་པའི་བསྟོད་པ་བསྟོད་ཚིགས་སུ་བལྟའོ། །སརྦ་མངྒ་ལཾ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*