ཨ་ར་པ་ཙ་ན་ལྷ་ལྔའི་སྒྲུབ་ཐབས།

༼ཏ༽

༄༅། །ཨ་ར་པ་ཙ་ན་ལྷ་ལྔའི་སྒྲུབ་ཐབས་བཞུགས།།

༄༅། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འཇམ་པའི་དབྱངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པའི་སྒྲུབ་པ་པོས། གནས་དབེན་པར་སྟན་བདེ་བ་ལ་འདུག་སྟེ། ཐོག་མར་བླ་མ་དཀོན་མཆོག་ལ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་བྱས་ལ། དེ་ནས་རང་གི་སྙིང་གའི་དྷཱིཿལས་འོད་འཕྲོས་པ་ལས། རང་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག ཕྱིར་འཕྲོས་པས་འཇམ་པའི་དབྱངས་ཀྱི་དཀྱིལ་འཁོར། བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་མདུན་གྱི་ནམ་མཁར་བཞུགས་པ་ལ། ལུས་དཔག་ཏུ་མེད་པར་བསམས་ལ། སྒོ་གསུམ་གུས་པས་ཕྱག་བྱ་ཞིང༌། མཆོད་པ་དབུལ་བ་ནི། ན་མོ་གུ་རུ་བྷྱཿ ན་མཿཨཱརྻ་མ་ཉྫུ་ཤྲཱི་བྷྱཿ ན་མཿཨཱརྻ་མཉྫུ་ཤྲི་ས་པ་རི་ཝཱ་ར་ཞེས་པ་ཀུན་ལ་སྦྱར་ལ། ནི་རི་ཏི་ཧཱུྃ་ཁཾ། བཛྲ་ནི་ཝི་ཏེ་ཧཱུྃ། བཛྲ་སཾ་ཤོདྷ་ནི་ཧཱུྃ། ཨརྒྷཾ་པྲ་ཏཱིཙྪ་ཛཿཧཱུྃ་བྃ་ཧོཿཁཾ་རཾ་ཞེས་ཞབས་བསིལ། ཞལ་བསིལ། འཐོར་འཐུང༌། མཆོད་ཡོན་རིམ་པ་བཞིན་དབུལ། བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱས་མེ་ཏོག བཛྲ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱས་བདུག་སྤོས། བཛྲ་དཱི་པེ་ཨཱཿཧཱུྃ་སྭཱ་ཧཱས་མར་མེ། བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱས་དྲི་ཆབ། བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ་སྭཱ་ཧཱས་ཞལ་ཟས། བཛྲ་ཤབྡ་ཨཱཿཧཱུྃ་སྭཱ་ཧཱས་རོལ་མོ་ཕུལ་ལ། རྒྱུན་བཤགས་སྔོན་དུ་འགྲོ་བས་སེམས་བསྐྱེད་པ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག བདེ་བ་དང་ཡུན་རིང་དུ་མི་འབྲལ་བར་གྱུར་ཅིག འཇིག་རྟེན་ཆོས་བརྒྱད་མགོ་སྙོམས་པའི་བཏང་སྙོམས་ཏེ་ཚད་མེད་པ་བཞི་བསྒོམ་པ་ནི་བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་པས་བདག་དང་སྣང་བ་ཐམས་ཅད་སྟོང་པར་བསྒོམ་པ་ནི་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །སྟོང་པའི་ངང་ལས་པྃ་ལས་པདྨ། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་སྔོ། ལྷོ་དཀར། ནུབ་དམར། བྱང་ལྗང༌། ལྟེ་བ་སེར་པོ་ལ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་པས། རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར་བླ་རེ། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་བའི་འཁོར་ལོའི་ནང་དུ། བྷྲཱུྃ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་པ། སྒོ་བཞི་པ། ཕྱི་རོལ་ནས་རིམ་པ་བཞིན་དུ། སྔོན་པོ། དཀར་པོ། དམར་པོ། ལྗང་གུ། སེར་པོའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་དུ། རིན་པོ་ཆེའི་ཕ་གུ་སེར་པོ་ལ་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། དེའི་སྟེང་དུ་མདའ་ཡབ་ཀྱིས་ཡོངས་སུ་བསྐོར་བ། ནང་ཀ་བ་བརྒྱད་དང་ལྡན་ཞིང༌། སྟེང་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲིས་ནས་མཛེས་པར་ཕུབ་པའི་སྟེང་དུ། རིན་པོ་ཆེ་དང་བཅས་པའི་སྣ་ཚོགས་རྡོ་རྗེས་མཚན་པ། སྒོ་བཞིའི་ཐད་སོར་རྟ་བབས་རིམ་པ་བཞི་དང་ལྡན་པའི་སྟེང་དུ། པདྨ་དང༌། ཆོས་ཀྱི་འཁོར་ལོ་དང༌། གདུགས་དང༌། རི་དགས་དང་བཅས་ཤིང༌། གཞན་ཡང་ཟླ་བ་རླུང་གིས་བསྐྱོད་པ་དང༌། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང༌། མེ་ཏོག་གི་ཕྲེང་བ་དང༌། མེ་ལོང་དང༌། གོས་དང༌། འཕན་ལ་སོགས་པའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པའི་གཞལ་ཡས་ཁང་པའི་དབུས་སུ་སྣ་ཚོགས་པདྨའི་དབུས་ཀྱི་ལྟེ་བར། ཟླ་བའི་སྟེང་དུ་རལ་གྲིའི་ཆང་ཟུང་ལ་དྷཱིཿཡིས་མཚན་པ་ལས་འོད་འཕྲོས་པས། བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། འཇམ་དཔལ་ཨ་ར་པ་ཙ་ན་སྐུ་མདོག་དཀར་པོ་«་་་་་དཔེ་གཅིག་ན་སེར་པོ་སྣང་»ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཀྱིས་མི་ཤེས་པ་མ་ལུས་པ་གཅོད་པར་བྱེད་པའི་ཤེས་རབ་ཀྱི་རལ་གྲི་བསྣམས་པ། གཡོན་ན་འགྲོ་བ་མ་ལུས་པ་སྒྲོལ་བར་བྱེད་པའི་ཐབས་སུ་གྱུར་པའི་བསྟན་བཅོས་ཀྱིས་གང་བའི་པུ་སྟི་བསྣམས་པའོ། །རིན་པོ་ཆེའི་དབུ་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ་ལ་སོགས་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་བསྣམས་པ། དར་དམར་པོའི་སྟོད་གཡོགས་གསོལ་བ། དབུ་སྐྲ་རལ་པའི་ཐོར་ཚུགས་བཅིངས་ཤིང་ཅུང་ཟད་ལི་བ། གཞོན་ནུ་ལོ་བཅུ་དྲུག་ལོན་པའི་ཚོད་ཙམ་ལང་ཚོ་ལ་བབ་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྤྲས་པའི་སྐུར་བསམ་མོ། །ཤར་ཕྱོགས་ཀྱི་འདབ་མ་ལ་ཟླ་བའི་དཀྱིལ་འཁོར་ལ་ལྕགས་ཀྱུ་རྭ་ཡིས་མཚན་པ་ཡོངས་སུ་གྱུར་པ་ལས། གཞོན་ནུ་དྲྭ་བ་ཅན་གྱི་འོད་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པས་ལྕགས་ཀྱུ། གཡོན་པུ་སྟི་འཛིན་པ། ལྷོའི་འདབ་མའི་ཟླ་བ་ལ་ཨུཏྤལ་ཁ་མ་བྱེ་བ་ཙ་ཡིས་མཚན་པ་ཡོངས་སུ་གྱུར་པ་ལས། སྐྲ་ཅན་མ་གཡས་ཨུཏྤ་ལ། གཡོན་པུསྟི་འཛིན་པ་ལྷ་མོའི་གཟུགས་ཅན་ནོ། །ནུབ་ཀྱི་འདབ་མའི་ཟླ་བ་ལ་རལ་གྲི་པ་ཡིས་མཚན་པ་ཡོངས་སུ་གྱུར་པ་ལས། ཟླ་བའི་འོད། གཡས་རལ་གྲི། གཡོན་པུསྟི་འཛིན་པའོ། །བྱང་གི་འདབ་མའི་ཟླ་བ་ལ་མདུང་རྩེ་གསུམ་ན་ཡིས་མཚན་པ་ཡོངས་སུ་གྱུར་པ་ལས། ཉེ་བའི་སྐྲ་ཅན་མ། གཡས་མདུང་རྩེ་གསུམ་པ། གཡོན་པུསྟི་འཛིན་པའི་ལྷ་མོའོ། །དེ་དག་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང༌། དར་སྣ་ཚོགས་ཀྱི་ན་བཟའ་བསྣམས་པའོ། །དེ་ལྟར་གཙོ་འཁོར་ལྔ་གསལ་བར་བསྒོམས་ལ། ཨོཾ་སྤྱི་བོར། ཨཱཿམགྲིན་པར། ཧཱུྃ་སྙིང་ག་སྟེ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། གཙོ་བོའི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པ་ལས། འཇམ་པའི་དབྱངས་ཀྱི་དཀྱིལ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། སརྦ་ཏ་ཐཱ་ག་ཏ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ལ་སོགས་པས་སྔ་མ་བཞིན་མཆོད་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཨཿ ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག དྲིལ་བུའི་ཕྱག་རྒྱས་ཡེ་ཤེས་པ་དགུག་གཞུག བཅིང༌། དབང་དུ་བྱས། སྔ་མ་བཞིན་དབང་བསྐུར་གྱི་ལྷ་སྤྱན་དྲངས་པ་ལ་མཆོད་པས་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་ཆུས་གང་བས། ཇི་ལྟར་བལྟམས་པ་ཙམ་གྱིས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་དབང་བསྐུར་བས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་ལྷ་ལྔ་ཀ་ལ་རྡོ་རྗེ་སེམས་དཔའ་འམ། རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ་མོ། །ལྷ་བསྒོམ་པས་སྐྱོ་ན་བཟླས་པ་བྱེད་པ་ནི། ཨ་ར་པ་ཙ་ནའི་ཐུགས་ཀར་ཟླ་བའི་སྟེང་དུ་དྷཱིཿའི་མཐའ་མ་སྔགས་ཀྱིས་འཁོར་བའི་འོད་ཀྱིས་བདག་གི་སྡིག་པ་སྒྲིབ་པ་ཐམས་ཅད་དག སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འཇུག་པར་བསམ་ཞིང༌། ཨོཾ་ཨ་ར་པ་ཙ་དྷཱིཿ ཨོཾ་ར་ཛཱ་ལིནྣི་པྲ་བྷ་ཀུ་མ་ར་སྭཱ་ཧཱ། ཨོཾ་པ་ཙནྡྲ་པྲ་བྷ་ཀུ་མ་ར་སྭཱ་ཧཱ། ཨོཾ་ཙ་ཀེ་ཤི་ནི་སྭཱ་ཧཱ། ཨོཾ་ན་ཨུ་པ་ཀེ་ཤི་ནི་སྭཱ་ཧཱ། ཞེས་བཟླས་པར་བྱའོ། །མཇུག་དགེ་བ་མི་དམིགས་པའི་རྒྱས་བཏབ་ནས་ཡོངས་སུ་བསྔོའོ། །གནས་སྐབས་ཀྱི་སྤྱོད་ལམ་ཐམས་ཅད་དུ་ལྷའི་ང་རྒྱལ་དང་མ་བྲལ་བར་བྱའོ། །དེ་ལྟར་བདག་གིས་འཇམ་དབྱངས་ཀྱི། །མངོན་པར་རྟོགས་པ་བདེ་བ་འདི། །བླ་མའི་གསུང་དང་དམ་པའི་སྲོལ། །རྣམས་ལ་བརྟེན་ནས་དཀྱིལ་འཁོར་གྱི། །སྒྲུབ་ཐབས་ཕྱོགས་གཅིག་བྱས་པ་ཡིས། །འགྲོ་བའི་མི་ཤེས་རབ་བསལ་ནས། །འཇམ་པའི་དབྱངས་ཀྱི་ཞལ་མཐོང་ཤོག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*