བསྟོད་པ་འདོན་ཐབས་ཀྱི་བརྗེད་བྱང༌།

༼ཉ༽

༄༅། །བསྟོད་པ་འདོན་ཐབས་ཀྱི་བརྗེད་བྱང་བཞུགས།།

༄༅། །ཨོཾ་སྭ་སྟི། ཐུན་མཚམས་སུ་ཕྱག་འཚལ་ཉེར་གཅིག་པ་འདོན་པར་འདོད་པས། ཐོག་མར་སེམས་ཅན་ཐམས་ཅད་སྲིད་པའི་སྡུག་བསྔལ་ཆེན་པོ་ནས་བསྒྲལ་ལ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པར་བྱ་སྙམ་དུ་སེམས་བསྐྱེད། དེ་ནས་མདུན་གྱི་ནམ་མཁར་པདྨའི་སྡོང་པོ་ཆེན་པོའི་སྟེང་དུ། རྗེ་བཙུན་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་དར་སྣ་ཚོགས་ཀྱི་ན་བཟས་ཀླུབས་པ་རཏྣའི་རྒྱན་དུ་མས་བརྒྱན་པ། ཞལ་གཅིག་ཕྱག་གཉིས་པ་འོད་དཔག་མེད་ཀྱིས་དབུར་བརྒྱན་ཅིང༌། ཕྱག་གཡས་པས་མཆོག་སྦྱིན། གཡོན་པས་པདྨ་ཐུགས་ཀར་འཛིན་པའི་པདྨ་ཁ་བྱེ་བའི་སྟེང་ན་རྗེ་བཙུན་མ་སྒྲོལ་མ་བདག་ལ་ཞལ་གཟིགས་ཤིང་བཞུགས་པ། བདག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དམ་ཐ་མལ་པའི་ང་རྒྱལ་གྱིས་ཀྱང་བཏུབ་སྟེ། ཡི་གེ་བཅུ་པ་ཅི་རིགས་པ་གཅིག་དང༌། གཟུངས་སྔགས་ཉི་ཤུ་རྩ་གཅིག་པ་གཅིག་བརྗོད་ནས། ཕྱག་འཚལ་ཉི་ཤུ་རྩ་གཅིག་འགྲུབ་གདོན་ཏེ། གཞུང་ནས་འབྱུང་བའི་ཆེ་བའི་ཡོན་ཏན་བསམ་ཞིང་གདོན་པར་བྱའོ། །དེ་ནས་རྗེ་བཙུན་མ་ལ་གསོལ་བ་གདབ་པ་དང༌། སྨོན་ལམ་རྣམ་པར་དག་པ་བཏབ་སྟེ། རྟེན་རྣམས་བདག་ལ་ཐིམ་པའམ། མི་དམིགས་པར་བྱས་ཏེ་ཅི་བདེ་བར་གནས་པར་བྱའོ། །འདོན་པའི་ཐབས་ཀྱི་ལོ་རྒྱུས་ནི་འདི་ཡིན་ཏེ། རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བསྐལ་པ་དཔག་ཏུ་མེད་པར་སེམས་ཅན་གྱི་དོན་བྱས་ནས་སེམས་ཅན་དཔག་ཏུ་མེད་པ་གྲོལ་བར་བྱས་པ་དང༌། སེམས་ཅན་ཇི་ཙམ་ཞིག་གིས་ཉུང་བར་འགྱུར་ཞེས་བལྟས་པ་ན། བྲི་བ་དང་གང་བ་གང་ཡང་མ་གཟིགས་ནས་ཐུགས་མུག་པས་སྤྱན་ཆབ་བྱུང་བས། དེ་ལས་པདྨ་སྐྱེས། པདྨ་ཁ་བྱེ་བའི་ནང་ནས་རྗེ་བཙུན་མ་སྒྲོལ་མ་བྱུང་སྟེ། དེའི་ཞལ་ནས་ཐུགས་མུག་པར་མི་བྱ་སྟེ། ཁྱོད་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་གྲོགས་ནི་བདག་གིས་བྱ་སྟེ། སེམས་ཅན་དཔག་ཏུ་མེད་པ་བསྒྲལ་བར་བྱའོ། །ཞེས་གསུང་ངོ༌། །དེའི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོར་གྱུར་པ་དཔལ་རྣམ་པར་སྣང་མཛད་ཀྱིས་བསྟོད་པ་ནི་ཕྱག་འཚལ་སྒྲོལ་མ་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་བྱུང་བའི་ལོ་རྒྱུས་ཀྱི་སྒོ་ནས་བསྟོད་པ་དང༌། གཉིས་པ་རྒྱན་དང་འོད་ཟེར་གྱི་སྒོ་ནས་བསྟོད་པ་དང༌། གསུམ་པ་སྐུ་མདོག་དང་ཕྱག་མཚན་དང་ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་བསྟོད་པ་དང༌། བཞི་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བརྟན་པར་བྱ་ཞིང་དེ་རྣམས་ཀྱི་གཙུག་གི་ནོར་བུའི་སྒོ་ནས་བསྟོད་པ་དང༌། ལྔ་པ་འཇིག་རྟེན་གསུམ་འདུལ་བའི་སྒོ་ནས་བསྟོད་པ་དང༌། དྲུག་པ་འཇིག་རྟེན་པའི་ཆེ་བ་རྣམས་ཀྱིས་མཆོད་པའི་སྒོ་ནས་བསྟོད་པ་དང༌། བདུན་པ་བརྒྱད་པ་ཕ་རོལ་གྱི་བྱད་བཟློག་པའི་སྒོ་ནས་བསྟོད་པ་དང༌། དགུ་པ་འཇིག་རྟེན་པ་རྣམས་བདག་ལ་མོས་པར་བྱ་བའི་ཕྱིར་དབང་དུ་མཛད་པའི་སྒོ་ནས་བསྟོད་པ་དང༌། བཅུ་པ་ཐམས་ཅད་འགུགས་ཤིང་ཕོངས་པ་ཐམས་ཅད་སེལ་བའི་སྒོ་ནས་བསྟོད་པ་དང༌། བཅུ་གཅིག་པ་རྒྱན་དང་རིགས་ཀྱི་བདག་པོའི་སྒོ་ནས་བསྟོད་པ་དང༌། བཅུ་གཉིས་པ་དང༌། བཅུ་གསུམ་པ་དྲག་པོའི་ལྷ་མོས་གདུག་པ་ཅན་ཐམས་ཅད་འདུལ་བའི་སྒོ་ནས་བསྟོད་པ་དང༌། བཅུ་བཞི་པ་སྡིག་པ་ཐམས་ཅད་འཇོམས་པའི་སྒོ་ནས་བསྟོད་པ་དང༌། བཅོ་ལྔ་པ་རྩ་བའི་སྔགས་ཀྱི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་དང༌། བཅུ་དྲུག་པ་ས་བོན་གྱི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་དང༌། བཅུ་བདུན་པ་བརྟན་པ་དང་གཡོ་བའི་དུག་སེལ་བའི་སྒོ་ནས་བསྟོད་པ་དང༌། བཅོ་བརྒྱད་པ་ཐམས་ཅད་ཀྱིས་མཆོད་ཅིང་རྩོད་པ་དང་རྨི་ལམ་ངན་པ་སེལ་བའི་སྒོ་ནས་བསྟོད་པ་དང༌། བཅུ་དགུ་པ་རྒྱན་དང་ཆ་ལུགས་དང༌། སྔགས་ཀྱིས་ཤིན་ཏུ་དྲག་པོའི་རིམས་ནད་བསལ་བའི་སྒོ་ནས་བསྟོད་པ་དང༌། ཉི་ཤུ་པ་གདོན་དང་རོ་ལངས་ལ་སོགས་པ་གདུག་པ་ཅན་ཐམས་ཅད་འཇོམས་པའི་སྒོ་ནས་བསྟོད་པ་དང༌། ཉི་ཤུ་རྩ་གཅིག་པ་དཀོན་མཆོག་གསུམ་གྱི་ཡོན་ཏན་ཐམས་ཅད་རྗེ་བཙུན་མ་ཁྱོད་ཉིད་ལ་ལྡན་ནོ་ཞེས་བསྟོད་པའོ། །ཉི་ཤུ་རྩ་གཉིས་པ་རྩ་བའི་སྔགས་མངོན་དུ་བརྗོད་ཅིང་བསྟོད་པ་བརྗོད་པའི་གང་ཟག་ལ་ཕན་ཡོན་གྱི་ཚོགས་རྣམས་འབྱུང་བར་བསྟན་ནོ། །བསྟོད་པ་འདོན་པའི་ཐབས་ཀྱི་བརྗེད་བྱང་ཨི་ཐི། །སྤྱིའི་སྒྲུབ་ཐབས་དང༌། སོ་སོའི་མངོན་པར་རྟོགས་པའི་རབ་ཏུ་གསལ་བ་དང༌། ཉི་ཤུ་རྩ་གཅིག་འདོན་པའི་ཆོ་ག་འདི། །བྱས་པའི་དགེ་དེས་འགྲོ་རྣམས་སངས་རྒྱས་ཤོག །སྤྱི་དང་སོ་སོའི་མངོན་པར་རྟོགས་པ་དང༌། བསྟོད་པ་འདོན་པའི་ཐབས་ཀྱི་བརྗེད་བྱང༌། དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*