སྒྲོལ་མའི་ཆོས་སྐོར་ལས་སྤྱིའི་སྒྲུབ་ཐབས།

༼ཉ༽

༄༅། །སྒྲོལ་མའི་ཆོས་སྐོར་ལས་སྤྱིའི་སྒྲུབ་ཐབས་བཞུགས།།

༄༅། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རྒྱུད་ལྡན་བླ་མའི་ཚོགས་དང་སྒྲོལ་མ་ལ། །གུས་པས་བཏུད་ནས་ཀླུ་སྒྲུབ་ལས་འོངས་པའི། །སྒྲོལ་མའི་སྒྲུབ་ཐབས་བསྙེན་དང་སྒྲུབ་ལྡན་པ། །དེ་ཡི་མངོན་རྟོགས་གསལ་པོར་བྲི་བར་བྱ། །འདིར་ཀླུ་སྒྲུབ་ཀྱིས་མཛད་པའི་སྒྲོལ་མ་སྤྱིའི་སྒྲུབ་པའི་ཐབས་འདི་ནི། དཔལ་ལྡན་རྡོ་རྗེ་གདན་བཞི་དང༌། རྡོ་རྗེ་མཁའ་འགྲོ་དང༌། ཡང་དག་པར་སྦྱོར་བའི་ཐིག་ལེ་དང༌། ལས་སྣ་ཚོགས་འབྱུང་བའི་རྒྱུད་ལ་བརྟེན་ནས་འགྲོ་བ་རྣམས་ཀྱི་དོན་དུ་མཛད་པ་ཡིན་ནོ། །དེ་ལ་གཉིས། བསྙེན་པ་དང༌། སྒྲུབ་པའོ། །དང་པོ་ནི་སྟན་བདེ་བ་ལ་འདུག་ནས། མཆོད་པ་དང༌། གཏོར་མ་དང༌། སྔོན་དུ་འགྲོ་བ་ཅན་བྱས་ཏེ། རང་སྐད་ཅིག་གིས་སྒྲོལ་མར་བསམས་པའི་སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་ཏཱྃ་བསམས་པ་ལས་འོད་ཁ་དོག་སྣ་ཚོགས་པ་འཕྲོས་པས་མདུན་གྱི་ནམ་མཁའི་གནས་སུ། བླ་མ་དང༌། སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་བ་སྤྱན་དྲངས། ཡང་སྙིང་གའི་འོད་ཟེར་ལས་མཆོད་པའི་ཚོགས་སྤྲོས་ཤིང༌། ཨོཾ་བཛྲ་པུཥྤེ་ཧཱུྃ་ཞེས་བྱ་བ་ལ་སོགས་པ་བརྗོད་པས་མཆོད་པ་བྱ། དེ་ནས་སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌། བསྔོ་བ་བླ་ན་མེད་པ། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། ལུས་དབུལ་བ་གནང་བ་ནོད་པ་སྟེ་བདུན་སོ་སོར་བྱ་བའམ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པ་ལ་སོགས་པ་གུར་ནས་འབྱུང་བ་བཞིན་དུ་གང་རུང་གིས་བྱས་ནས། ཚད་མེད་པ་རྣམ་པ་བཞི་བསྒོམ་སྟེ། བསོད་ནམས་ཀྱི་ཚོགས་བསགས་ནས་ཤཱུ་ནྱ་ཏཱ་ལ་སོགས་པ་ཡེ་ཤེས་ཀྱི་ཚོགས་བསག་པ་སྟོང་པ་ཉིད་བསྒོམ། དེའི་ངང་ལས་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པའི་སྟོབས་ཀྱིས་གཟུགས་ཀྱི་སྐུར་ལངས་ལ་སེམས་ཅན་གྱི་དོན་བྱའོ་ཞེས་བསམས་ནས། པྃ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ལྗང་གུ་ལས་ཨུཏྤ་ལ་ཏཱྃ་གིས་མཚན་དེ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ནས་ཐིམ་པའི་སྐད་ཅིག་ལ་བདག་སྒྲོལ་མ་སྐུ་མདོག་ལྗང་སྔོན། ཕྱག་གཡས་པས་མི་འཇིགས་པ་སྟེར་བའི་སྐྱབས་སྦྱིན། གཡོན་པས་ཨུཏྤ་ལ་བཟུང་བའི་འདབ་མས་རྣ་བར་རེག་པ། སྐྲ་ཅུང་ཟད་ལི་པ་གཡས་སུ་ཅུང་ཟད་འཕྱང་བ། དར་གྱི་ན་བཟས་ཀླུབས་ཤིང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། ལང་ཚོ་དར་ལ་བབ་པ། རབ་ཏུ་འཛུམ་པའི་སྐུར་བསམས་ནས། ཡན་ལག་བྱིན་གྱིས་བརླབ་པ་ནི། མིག་ཏུ་ཨོཾ་ཏཱ་རེ་སྭཱ་ཧཱ་དཀར་མོ། རྣ་བ་རུ་ཨོཾ་ཏུ་ཏྟཱ་རེ་སྭཱ་ཧཱ་སྔོན་མོ། སྣ་ལ་ཨོཾ་ཏུ་རེ་སྭཱ་ཧཱ་སེར་མོ། ལྕེ་ལ་ཨོཾ་ཏུ་སྭཱ་ཧཱ་དམར་མོ། སྙིང་གར་ཨོཾ་རེ་སྭཱ་ཧཱ་སྔོན་མོ། སྤྱི་བོར་ཨོཾ་ཏཱ་རེ་ནི་སྭཱ་ཧཱ་ལྗང་གུ་བསམ་པ་སྟེ། ཐམས་ཅད་ཟླ་བའི་གདན་ལ་བཞུགས་པའོ། །དེ་ནས་སྙིང་གའི་ཏཱཾ་ལས་འོད་འཕྲོས་པས། པོ་ཏ་ལ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་བསྟིམ། དབང་བསྐུར་གྱི་ལྷ་སྤྱན་དྲངས་ཏེ། གསོལ་བ་བཏབ་ནས་དབང་བསྐུར་ཏེ། དོན་ཡོད་གྲུབ་པས་དབུར་བརྒྱན་པར་བསམས་ལ། སྙིང་གར་པདྨ་དང་ཟླ་བའི་སྟེང་གི་ཏཱྃ་ལ་ཡི་གེ་བཅུ་པས་བསྐོར་བར་བསམས་ནས། ཡི་གེ་བཅུ་པ་ཉིད་བཟླ་བར་བྱའོ། །དེ་ལྟར་ཐུན་གྲངས་དང༌། ཐུན་ཚད་ནི་ཅི་རིགས་པར་བྱས་ལ། སྤྱོད་ལམ་ཐམས་ཅད་ནི་ལྷའི་ང་རྒྱལ་དང་ལྡན་པར་བྱའོ། །དེ་ལྟ་བུའི་གྲངས་ཀྱི་བསྙེན་པ་ཐ་མས་འབུམ་ཕྲག་གསུམ། འབྲིང་གིས་དྲུག རབ་ཀྱིས་བཅུ། ཡང་རབ་ཀྱིས་བཅུ་གཉིས་བཟླས་ན་འགྲུབ་པར་འགྱུར་རོ། །ཞེས་གསུང་ཡང༌། ཐམས་ཅད་ཀྱིས་འབུམ་ཕྲག་བཅུ་གསུམ་བཟླས་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །སྔོན་དུ་བསྙེན་པའི་ཆོ་གའོ།།  །།སྒྲུབ་པ་དང་ལས་ལ་སྦྱར་བའི་སྔོན་དུ་བསྲུང་བར་འདོད་ན། ལྷའི་རྣལ་འབྱོར་སྔ་མ་བཞིན་དུ་བསྐྱེད་པའི་སྙིང་གར་འཁོར་ལོ་རྩིབས་བརྒྱད་པ་ལྟེ་བ་དང་མུ་ཁྱུད་དུ་བཅས་པ་ཁ་དོག་ལྗང་གུ་བསམས་པའི་ལྟེ་བར་ཨོཾ་དང་ཧཱའི་བར་དུ་ཆེ་གེ་མོ་རཀྵ་རཀྵ་དང་བཅས་པ་སྤེལ་མར་བསམས་ལ། རྩིབས་བརྒྱད་ལ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་བསམ། མུ་ཁྱུད་ལ་ཨཱ་ལི་གཡོན་བསྐོར། ཀཱ་ལི་གཡས་སྐོར་དུ་བསམས་ནས་འཁོར་ལོ་དང་ཡི་གེ་དང༌། དེ་དག་རང་ལས་འོད་ཟེར་ལྗང་སྔོན་གྱི་རྣམ་པ་འཕྲོས་ཏེ་བསྒྲུབ་བྱའི་ལུས་ལ་བཀང་བས་བསྲུང་བར་བསམ་ཞིང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོ་རཀྵ་རཀྵ་སྭཱ་ཧཱ་ཞེས་བཟླས་ན་བསྲུང་བ་དང༌། འཆི་བ་བསླུ་བར་འགྱུར་རོ། །འོན་ཀྱང་འཆི་བ་བསླུ་བའི་སྒྲོལ་མ་ནི་དཀར་མོ་ཡིན་ནོ། །གཞན་བཙོན་ར་ལས་ཐར་བར་བྱ་བ་དང༌། ནད་ལ་སོགས་པ་ཞི་བར་བྱ་བའི་ལས་རྣམས་ལ་ནི་སྒྲོལ་མ་དཀར་མོ་དང༌། འཁོར་ལོ་དང་ཡིག་འབྲུ་དཀར་པོར་བསམས་ན་ཇི་ལྟར་འདོད་པའི་སྔགས་ཀྱི་སྤེལ་ཚིག་དང་བཅས་པས་སྤེལ་ཏེ་འོད་ཟེར་འཕྲོ་བ་ལ་སོགས་པ་ཆོ་ག་ལྷག་མ་སྔ་མ་བཞིན་དུ་བྱས་ན་དེ་དང་དེ་འགྲུབ་པར་འགྱུར་རོ། །དབང་དུ་བྱ་བ་ནི་རྗེ་བཙུན་མ་དམར་མོར་བསྒོམ་པ་དང༌། ཙཀྲ་དང་ཡི་གེའི་ཁ་དོག་དང་འོད་ཟེར་ཡང་དམར་པོར་བྱ་ཞིང་ཆེ་གེ་མོ་བ་ཤྱཾ་ཀུ་རུ་ཧོའི་སྔགས་ཀྱི་སྤེལ་ཚིག་དང་བཅས་པ་བཟླས་ཏེ། ཆོ་ག་ལྷག་མ་ནི་སྔ་མ་བཞིན་བྱས་ན་དབང་དང་འགུགས་པའི་ལས་འགྲུབ་པར་འགྱུར་རོ། །ལོངས་སྤྱོད་རྒྱས་པ་ལ་སོགས་པའི་ལས་ལ་རྗེ་བཙུན་མ་སེར་མོ་དང༌། འཁོར་ལོ་དང༌། ཡི་གེའི་ཁ་དོག་དང༌། འོད་ཟེར་ཡང་སེར་པོར་སྤྲོ་ཞིང་པུཥྚིཾ་ཀུ་རུ་ཨོཾ་གྱི་མཐའ་རྟེན་དང་བཅས་པ་བཟླས་ཏེ། ཆོ་ག་ལྷག་མ་སྔ་མ་བཞིན་བྱས་ན་ལོངས་སྤྱོད་ལ་སོགས་པ་རྒྱས་པའི་ལས་འགྲུབ་པར་འགྱུར་རོ། །ཤེས་རབ་ཞན་པ་དང༌། ལེ་ལོ་ཅན་དང༌། དད་པ་ཆུང་བ་རྣམས་ལ་ནི་རྗེ་བཙུན་མ་དཀར་མོ་དང༌། འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ་དང་ཧཱའི་བར་དུ་ཆེ་གེ་མོ་ཤེས་རབ་འཕེལ་བར་མཛད་ཅིག་ཅེས་པ་བསམས་ཏེ། ཆོ་ག་ལྷག་མ་རྣམས་ནི་སྔ་མ་ལྟར་ཡིན་གྱི་འོན་ཀྱང་གོང་མའི་འཁོར་ལོའི་ཡི་གེ་རྣམས་ནི་གཡས་སྐོར། ཨཱ་ལི་གཡོན་སྐོར་ཀཱ་ལི་གཡས་སྐོར་ཡིན་པ་ལས་འདིར་འཁོར་ལོ་ལ་དགོད་པའི་ཡི་གེ་ཐམས་ཅད་ནི་གཡོན་སྐོར་དུ་བཀོད་ནས་འོད་ཟེར་དཀར་པོ་འཕྲོ་བ་དང༌། ལས་ཀྱི་སྤེལ་ཚིག་དང་བཅས་པའི་སྔགས་བཟླས་ན་ཤེས་རབ་འཕེལ་བ་ལ་སོགས་པའི་ལས་འགྲུབ་པར་འགྱུར་རོ། །འདི་རྣམས་འཁོར་ལོ་སྙིང་གར་བསྒོམ་པའི་ལས་ཡིན་ནོ། །འཁོར་ལོ་དེ་རྣམས་གྲོ་ག་ལ་སོགས་པའི་གཞི་ལ་གུར་གུམ་ལ་སོགས་པས་ཇི་ལྟ་བ་བཞིན་བྲིས་ཏེ་བསྒྲུབས་ན་ཡང་གོང་གི་ལས་རྣམས་འགྲུབ་པར་འགྱུར་རོ། །དེ་རྣམས་ཀྱི་དོན་ནི་འདི་ཡིན་ཏེ། བསྙེན་པ་སྔོན་དུ་སོང་བས་ལས་ལ་སྦྱོར་བ་ལ། སྒྲོལ་མ་དང་འཁོར་ལོ་དང་ཡི་གེའི་ཁ་དོག་སོ་སོར་བསྒྱུར་བ་དང༌། ཡི་གེ་དགོད་པ་གཡས་སྐོར་དང་གཡོན་སྐོར་གྱི་བྱེ་བྲག་དང༌། བསྒྲུབ་བྱ་སོ་སོ་ལ་དམིགས་པ་དང༌། འོད་ཟེར་ཁ་དོག་སོ་སོར་སྤྲོ་བ་དང༌། ངག་གི་བཟླས་པའི་མཐར་རཀྵ་སོགས་ཀྱི་སྔགས་ཀྱི་སྤེལ་ཚིག་བསྒྱུར་བ་དང༌། འཁོར་ལོའི་དབུས་ཀྱི་སྤེལ་ཚིག་བསྒྱུར་བ་སྟེ་དྲུག་གིས་ཤེས་པར་བྱ་བ་ཡིན་ནོ། །མདོར་ན་ལྷའི་ཁ་དོག་སོ་སོ་ལ་སོགས་པས་ཇི་ལྟར་འདོད་པའི་ལས་སོ་སོ་རྣམས་འགྲུབ་པར་འགྱུར་བ་ཁོ་ན་ཡིན་ནོ། །སྤྱིའི་སྒྲུབ་ཐབས་ཀྱི་བརྗེད་བྱང༌།། ཨི་ཐི།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*