བྱིན་རླབས་ཀྱི་ཡི་གེ

༼ཉ༽

༄༅། །བྱིན་རླབས་ཀྱི་ཡི་གེ་བཞུགས།།

༄༅། །དཔལ་བདེ་མཆོག་འཁོར་ལོ་ལ་ཕྱག་འཚལ་ལོ། །ཚེས་བཅུ་ལ་སོགས་དུས་ཁྱད་པར་ཅན་གྱི་དུས་སུ། ཚེས་བཅུའི་མཆོད་པའི་རིམ་པ་ཇི་ལྟ་བ་བཞིན་དུ་བཤམ། བུམ་པ་གཅིག་ཆོ་ག་ཇི་ལྟ་བ་བཞིན་བཅས་ལ། ལས་ཐམས་ཅད་པ་བཟླས། མེ་ལོང་ལ་རྡོ་རྗེ་རྣལ་འབྱོར་མ་མཆོད་པའི་རྟེན་གྲུ་གསུམ་ཉིས་བརྩེགས་དང༌། དགའ་བ་འཁྱིལ་པ་གྲྭ་རྣམས་སུ་བྱ། དབུས་སུ་རྣལ་འབྱོར་མའི་སྙིང་པོ་གསེར་གྱི་སྨྱུ་གུས་བྲི། ཡང་འབྲས་ཟན་ལ་ཏིང་ལོ་དྲི་མ་མ་ཤོར་བ་བྱ། དེ་ནས་ལྷའི་རྣལ་འབྱོར་རྫོགས་པར་བྱས་ལ། སངས་རྒྱས་ལ་མཆོད་པ་བྱ། དམ་ཚིག་ཅན་ལ་གཏོར་མ་སྦྱིན་པ་གཉིས་ཀ་དུས་གཅིག་བཏང་ལ། བར་འདིར་ཚོགས་ལ་རོལ་པར་བྱ། དེ་ནས་འཇིག་རྟེན་པ་གཤེགས་པར་བྱས་ལ། དེ་ནས་སློབ་མ་གདོང་གཡོགས་ཏེ། མཎྜལ་བྱས་ནས་འདུག་པ་ལ། བུམ་ཆུ་དང༌། ལས་ཐམས་ཅད་པའི་སྔགས་ཀྱིས་བསང༌། དེ་ནས་སློབ་མ་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ལྟེ་བར། ཕག་མོ་མཚོན་གང་བ་ཅིག་བསམས་ལ། དེའི་ཆོས་འབྱུང་དུ་སྔར་གྱི་ལྟ་བུའི་འཁོར་ལོ་གཡོན་དུ་འཁོར་བར་བསམ། དཔྲལ་བར་དགའ་བ་འཁྱིལ་བ་གཡོན་སྐོར་དུ་འཁོར་བར་བསམ། དེ་ལ་དང་པོ་སློབ་མས་གསོལ་བ་གདབ་པ་ནི། སློབ་དཔོན་ཁྱོད་ཀྱིས་བདག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས། ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་དངོས་གྲུབ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་སྩལ་ཞིང་བརྟན་པར་མཛད་དུ་གསོལ། ཞེས་ལན་གསུམ་གསོལ་བ་གདབ། དེ་ནས་སློབ་དཔོན་སློབ་མ་གཉིས་ཀས་རྡོ་རྗེ་ཕག་མོ་མར་མེའི་རྣམ་པ་ཧྲི་ལི་ལི་སོང་ཞིང་བྱོན་པར་བསམས་ལ། མར་མེ་ཆུང་བ་དེ་འབར་བཞིན་དུ་སློབ་མའི་ཁར་གཞུག་གོ །དེ་ནས་ལྟེ་བར་སྔར་བསྟན་པ་བཞིན་དུ་གནས་པར་བསམ་མོ། །དེ་ནས་རྡོ་རྗེ་རྣལ་འབྱོར་མའི་སྙིང་པོ་ལན་གསུམ། བླ་མའི་རྗེས་སུ་བཟླས་ལ་སློབ་མའི་རྒྱུད་ལ་རྣལ་འབྱོར་མ་གནས་པ་ཡིན་པར་བསྟན་ལ། དེའི་བསྒོམ་བཟླས་ཆག་ཏུ་མི་རུང་བའི་གདམས་པ་བསྟན་ཏོ། །དེ་ཡང་རྣལ་འབྱོར་བ་བརྩོན་འགྲུས་རབ་དང༌། འབྱོར་བ་རབ་ཀྱིས་ནི་ཚེ་འདི་ལ་རྡོ་རྗེ་རྣལ་འབྱོར་མ་དང་ཕྲད་ནས་མཁའ་སྤྱོད་དུ་འཁྱེར་ཏེ། བུད་མེད་ཁ་གདོང་དམར་བ། སྐྲ་སེར་ཞིང་གྲོལ་བ་དེ་ལྟ་བུ་དང་ཕྲད་ནས་བསྙེན་བཀུར་བྱས་པས་མཁའ་སྤྱོད་དུ་འཁྱེར་རོ། །བརྩོན་འགྲུས་འབྲིང་ལ་སོགས་པ་ནི། ལངྐ་ལི་ཡ་བྱ་བའི་ཤིང་སྦུབས་སྟོང་པར་ཡོད་པར་སིནྡྷཱུ་ར་བླུགས་ལ། དེ་དུར་ཁྲོད་དུ་སྦས་པ། ཚེས་གཅིག་ནས་བཅོ་ལྔའི་བར་དུ། ནུབ་རེ་ཞིང་དེའི་སྟེང་དུ་བཟླས་བསྒོམ་བྱ། དེ་ནས་བཏོན་ལ་རྫས་དེ་ཡང་ནས་ཡང་དུ་མཆོད་པ་རྒྱ་ཆེན་པོ་བྱས་ལ། དེ་ནས་དེས་དཔྲལ་བར་དགའ་བ་འཁྱིལ་པ་བྱས་ལ། དེ་ནས་འཁར་བ་ལ་ཨོཾ་ཚུགས་བྱས་ཏེ་གྲོང་རྣམས་སུ་འཁྱམས་པ་དང༌། བུད་མེད་གང་གི་དཔྲལ་བར་དགའ་བ་འཁྱིལ་པ་བྱུང་བ། དེའི་ཞབས་ལ་འཇུས་པས་དེས་མཁའ་སྤྱོད་དུ་འཁྱེར་རོ། །བརྩོན་འགྲུས་དང་འབྱོར་བ་ཐ་མས་སྐྱེ་བ་ཕྱི་མ་ལ་རྣལ་འབྱོར་མ་དང་འཕྲད་ནས་མཁའ་སྤྱོད་དུ་འཁྱེར་རོ། །ཚེས་བཅུ་རྣམ་པ་གཉིས་ལ་བུ་མོ་གཞོན་ནུ་མ་ལ་སྟོན་མོ་བྱ་བ་ཡང་དམ་ཚིག་གོ། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*