རྡོ་རྗེ་རྣལ་འབྱོར་མའི་ཞལ་གདམས་དོན་བཅུ་གཅིག་མ།

༼ཉ༽

༄། །རྡོ་རྗེ་རྣལ་འབྱོར་མའི་ཞལ་གདམས་དོན་བཅུ་གཅིག་མ་བཞུགས།།

༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་པའི་ཐབས་ལ་དོན་བཅུ་གཅིག་གིས་ངེས་པར་བྱ་སྟེ། ཉལ་དང་ལྡང་དང་བདུད་རྩི་མྱང༌། །ཚད་མེད་བླ་མ་བདག་ལྷར་བསྐྱེད། །འགྲོ་བ་དག་པའི་རྣལ་འབྱོར་དང༌། །དཔའ་བོ་དཔའ་མོས་བྱིན་གྱིས་བརླབ། །ངག་བཟླས་ཡིད་བཟླས་གཉིས་གཅིག་ཡིན། །བསམ་གྱིས་མི་ཁྱབ་རྣལ་འབྱོར་དང༌། །སྤྱོད་ལམ་གྱི་ནི་རྣལ་འབྱོར་ཏེ། །དེ་ལྟར་རྣལ་འབྱོར་བཅུ་གཅིག་གོ །དེ་ལ་དང་པོ་ཉལ་བའི་རྣལ་འབྱོར་ནི། བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་བསྒོམས་ན་དེའི་ངང་ལ་ཉལ་ལ། མ་བསྒོམས་ན་སྐད་ཅིག་གིས་སྟོང་པར་བསྒོམས་ལ་ཉལ་ལོ། །གཉིས་པ་ལྡང་བ་ནི། ནམ་མཁའ་ལ་ཌཱ་མ་རུའི་སྒྲ། ཉེ་བའི་སྙིང་པོར་གྲག་པ་ཙམ་གྱིས་རྗེ་བཙུན་མ་ཕྱག་མཚན་མེད་པའི་སྐུར་ལྡང་བར་བྱའོ། །གསུམ་པ་བདུད་རྩི་མྱང་བ་ནི། སྙིང་གའི་བྃ་མཆོད་པའི་བསམ་པས་འབྲུ་གསུམ་བརྗོད་ཅིང་མྱང་བར་བྱ་སྟེ། དེའང་རབ་ནི་རིལ་བུ་གསུམ། འབྲིང་གཉིས། ཐ་མ་གཅིག་མྱང་ངོ༌། །དེའང་མེད་ན་ཆང་ཧུབ་གསུམ་བཏུང་ངོ༌། །བཞི་པ་ཚད་མེད་ནི་བདག་གིས་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་བྱས་ལ། སེམས་ཅན་ཐམས་ཅད་སྲིད་པའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་བྱའོ། །ཞེས་བསམས་ཏེ། དེ་ལ་ཚད་མེད་བཞི་ཚང་ངོ༌། །ལྔ་པ་བླ་མའི་རྣལ་འབྱོར་ནི། ནམ་མཁའ་ལ་རིན་པོ་ཆེའི་ཁྲི་ལ་བླ་མ་དར་ལ་བབ་པའི་ཆ་ལུགས། རུས་པའི་རྒྱན་དྲུག་དང་བཅས་དང༌། ཌཱ་མ་རུ་དང༌། ཁ་ཊྭཱཾ་ག་དང༌། ཐོད་པ་འཛིན་པ་བསམས་ལ། དེ་ལ་དཀོན་མཆོག་གསུམ་གྱི་རང་བཞིན་ཡིན་སྙམ་དུ་བསམ་ཞིང་གུས་འདུད་དྲག་པོ་བྱའོ། །དྲུག་པ་ལྷར་བསྐྱེད་པ་ནི། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ། བྃ་ཡིག་དམར་པོ། དེའི་མཐའ་མ་སྔགས་ཀྱི་ཕྲེང་བ་ཁ་དོག་དམར་པོ་གཡོན་སྐོར་དུ་བཀོད་ལ། དེ་ལས་འོད་ཟེར་བྱུང་བས་ལུས་ཕྱི་ནང་ཐམས་ཅད་འོད་ཟེར་གྱིས་གང་སྟེ། དེས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དག་པས་ལུས་ཤེལ་སྒོང་དག་པ་བཞིན་གྱུར་ནས། རྗེ་བཙུན་མ་གཞུང་ནས་འབྱུང་བ་བཞིན་བསྐྱེད་དེ་གསལ་གདབ་བོ། །བདུན་པ་དེ་ནས་འགྲོ་བ་དག་པར་བྱ་བ་ནི། སྔགས་ཕྲེང་ལས་འོད་ཟེར་བྱུང་སྟེ། བ་སྤུའི་བུ་ག་ནས་སོང༌། རིགས་དྲུག་གི་སེམས་ཅན་ལ་ཕོག་པས། དེ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་པར་བསམ་ཞིང༌། རྗེ་བཙུན་མའི་སྐུར་བསྐྱེད་དོ། །བརྒྱད་པ་དཔའ་བོ་དང་དཔའ་མོ་དང་རྣལ་འབྱོར་མས་བྱིན་གྱིས་བརླབ་པ་ནི། ཡང་འོད་འཕྲོས་པས་དཔའ་བོ་དང་དཔའ་མོ་རྣལ་འབྱོར་མ་ཐམས་ཅད་དང་སེམས་ཅན་ཐམས་ཅད་ཀྱང་རྣལ་འབྱོར་མར་བསྐྱེད་པ་དེ་ཐམས་ཅད་བདག་གི་བ་སྤུའི་བུ་ག་ནས་བསྡུ་ཞིང་ཐིམ་པར་བྱའོ། །དགུ་པ་བཟླས་པ་ནི། ངག་བཟླས་བྱེད་ན་སྙིང་གའི་སྔགས་ཕྲེང་ལ་དམིགས་ལ་བཟླས་པ་བྱ། ཡིད་བཟླས་ཀྱི་དོན་ལ་རྫོགས་རིམ་མཚན་བཅས། དེའང་བདེ་བ་སྐྱོང་བར་འདོད་ན་གསང་གནས་སུ་ཆོས་འབྱུང་ཉིས་བརྩེགས་སམ། རྐྱང་པ་གང་རུང་དམར་སང་ངེ་བ་ཅིག་བསྒོམ། དེའི་གྲྭ་རྣམས་སུ་དགའ་བ་འཁྱིལ་པ་བཞིའང་དམིགས། དབུས་སུ་བྃ་ཡིག་ལ་སྔགས་ཕྲེང་གཡོན་སྐོར་དུ་བཀོད་དེ། དེ་ལ་དམིགས་ཏེ་རླུང་མནན་ཅིང་འོག་རླུང་ཡང་བསྐུམ། དེ་ལྟ་བུ་ཡིད་ཀྱིས་བཟླས་པ་བདུན་ནམ། དེ་མ་བྱུང་ན་ལྔའམ། དེ་མ་བྱུང་ན་གསུམ་བྱའོ། །ཕྱིས་གོམས་པ་དང༌། རིམ་གྱིས་གྲངས་མང་དུ་བྱའོ། །དྲོད་དང་བདེ་བ་སྐྱེ་ཞིང་འཕར་གཡོ་དྲག་ཏུ་འབྱུང་ཞིང་ཡང་རིམ་གྱིས་ཀློད། མི་རྟོག་པ་དོན་དུ་གཉེར་ན་ལྟེ་བར་བྱའོ། །དུ་བ་ལ་སོགས་པའི་རྟགས་རྣམས་ཀྱང་འདི་ཉིད་ལས་འབྱུང་ངོ༌། །བཅུ་པ་བསམ་གྱིས་མི་ཁྱབ་པ་ནི། སྙིང་གའི་སྔགས་ཕྲེང་ལས་འོད་འཕྲོས་པས་ཁམས་གསུམ་ཐམས་ཅད་འོད་ཟེར་གྱིས་གང༌། དེ་ནས། གཟུགས་མེད་ཁམས་ལུས་ཀྱི་སྟོད་ཀྱི་ཆ་ལ། གཟུགས་ཁམས་བར་གྱི་ཆ་ལ། འདོད་ཁམས་སྨད་ཀྱི་ཆ་ལ། རང་ཡང་སྔགས་དང་ཟླ་བ་ལ། ཟླ་བ་སྔགས་ལ། དེ་བྃ་ལ། དེ་ཐིག་ལེ་ལ། དེ་ནཱ་ད་དཀར་དམར་དུ་གྱུར་ཏེ། ཆུ་ལ་རླབས་ཐིམ་པ་ལྟར་ཅི་ཡང་མི་དམིགས་པར་གྱུར་པར་བསམས་ལ། དེའི་ངང་ལ་ཤེས་པ་ཀློད་དེ། དེ་ལ་ཇི་ཙམ་གནས་ཚད་དུ་བཞག་གོ །ཞི་གནས་ཤས་ཆེ་ན་ནཱ་དར་ལྡང་ངོ༌། །གསལ་བ་དང་བདེ་བ་ཤས་ཆེ་ན་སྟོང་པར་བཞག་གོ །དེ་ནས་ལྡང་བ་ནི་སྔ་མ་ལྟར་ཕྱག་མཚན་མེད་པའི་སྐུར་ལྡང་ངོ༌། །བཅུ་གཅིག་པ་སྤྱོད་ལམ་ནི་རང་དང་སྣང་བ་ཐམས་ཅད་རྣལ་འབྱོར་མའི་སྐུར་དམིགས། ལྷ་ལ་ལྷ་མཆོད་པར་དམིགས་པ་སྐུའི་དགའ་བ། དེའང་སྒྱུ་མ་ལྟ་བུའི་སྐུ་དང༌། བསམ་གྱིས་མི་ཁྱབ་པའི་ངང་ལས་མ་གཡོས་པར་དྲན་པར་བྱ་བ་ཐུགས་ཀྱི་དགའ་བ། སྒྲ་གྲག་པ་ཐམས་ཅད་ངག་གི་བཟླས་པར་བྱ་བ་གསུང་གི་དགའ་བ་སྟེ། དེ་ལྟར་དོན་བཅུ་གཅིག་གོ །འདིའི་ཕྱི་མཆོད་མདོར་བསྡུས་བྱེད་ན། དུས་རྒྱུན་དུའམ། ཚེས་བཅུ་རྣམ་པ་གཉིས་ལ། མཆོད་པ་ལྔ་དང་ནང་མཆོད་བ་ལིཾ་གཅིག་བཤམས། འཁར་བའི་སྣོད་གཅིག་མདུན་དུ་བཞག་ལ། རང་ལྷའི་རྣལ་འབྱོར་རྫོགས་པར་བྱ་སྟེ། ངག་བཟླས་ཅུང་ཟད་བྱ་སྟེ། དེ་ནས་ཆང་བྱིན་གྱིས་བརླབས་ལ་འབྲུ་གསུམ་བརྗོད་ཅིང་ཧོ་ཞེས་པས་དེ་བདུད་རྩིར་བསམ། མཐེབ་སྲིན་སྦྱར་ལ་ཆོས་འབྱུང་གཡོན་སྐོར་དུ་བྲི། དེའི་དབུས་སུ་བྃ་ཞེས་བརྗོད་དེ། སྲིན་ལག་རེག་པས་དེར་གདན་གཞི་སྐད་ཅིག་གིས་བསམ། རང་གི་ལྟེ་བའི་བྃ་ལས་བྃ་གཅིག་ཆད་དེ་གདན་སྟེང་དུ་སོང་བས་རྣལ་འབྱོར་མ་རང་འདྲ་བ་བསྐྱེད་དེ། དེ་ལ་ཕྱོགས་བཅུའི་དཔའ་བོ་དང༌། རྣལ་འབྱོར་མ་རྣམས་བསྡུས་ལ། གཉིས་སུ་མེད་པར་བསྟིམ། དེ་ནས་མཆོད་པ་རྣམས་ཨ་མྲྀ་ཏས་བསངས། མཆོད་པ་རེ་རེ་ཡང་འདོད་ཡོན་ལྔ་ལྔའི་ལྷ་མོ་དང་ལྡན་པར་བསམ། དེ་ནས་མཆོད་པ་ལྔས་མཆོད། སྙིང་པོ་ཉིད་ཀྱིས་ནང་མཆོད་ཀྱིས་མཆོད། གཏོར་མ་དབུལ། དེ་ནས་གཞན་གྱི་དོན་མི་བྱེད་ན་སྔར་བཞིན་སྙིང་གའི་སྔགས་ཕྲེང་ལས་འཕྲོ་འདུ་བྱ། གཞན་དོན་བྱེད་ན་ལྟེ་བའི་སྔགས་ཕྲེང་གཉིས་ཀྱི་འཕྲོ་འདུ་ལ་དམིགས་ཏེ་བཟླས་པ་བྱའོ། །དེ་ནས་ཨ་མྲྀ་ཏས་ཁྲུས་བྱས་པའི་སློབ་མ་ཆང་གི་མཎྜལ་གྱི་སྟེང་དུ་ཙོག་པུར་བཞག་སྟེ། དངོས་པོ་ཀུན་ལ་མ་ཆགས་པའི་བློ་བསྐྱེད། བླ་མ་ལ་གུས་པ་བསྐྱེད་དུ་གཞུག དེ་ནས་བླ་མའི་ལྟེ་བའི་སྔགས་ལས་འོད་ཟེར་དམར་པོ་བྱུང་སྟེ་སློབ་མའི་ལྟེ་བར་ཞུགས། ལྟེ་བའི་སྔགས་ཕྲེང་དང་བྃ་ཡིག་ལས་འོད་སྟེང་དུ་ལངས་ཏེ། ཧྃ་ཞུ་བར་བསམ། གཉིས་ཀས་དེ་བཞིན་དུ་བྱས། བླ་མས་ཉེ་སྙིང་ཅུང་ཟད་བཟླས། ཌཱ་མ་རུའི་སྒྲ་བག་ཙམ་རེས་འཇོག་ཏུ་བྱ། གཞན་མི་བྱ། སྤོགས་ཆོག་མེད། བདུད་རྩིས་བསྲུང་བ་བྱ། ཁྱོད་ལ་ཆོས་སྐུའི་རྟོགས་པ་བསྐྱེད་པ་ཡིན་ནོ། །ཞེས་ཡིད་ཆེས་བསྐྱེད། དེ་ནས་ཚོགས་ལ་རོལ། གཞན་དོན་མི་བྱེད་ན་གཏོར་མ་བཏང་བ་དང་ཚོགས་ལ་རོལ། ཚོགས་མེད་ནའང་དེ་ལྟར་བྱ། འདི་ལ་བདུད་རྩི་མྱང་བ་ཉིད་ཀྱིས་སྲུང་བར་འགྱུར་གྱི་སྲུང་བ་གཞན་མེད། ཤྲཱི་ནཱ་རོ་ཏ་པའི་གསུང་ངག་བདུད་རྩི་ལྟ་བུའི་དོན་བྱང་ཆུབ་སེམས་དཔས་བཀྲོལ་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*