རྗེས་གནང་རྒྱལ་བའི་སྡེས་མཛད་པ།

༼ཉ༽

༄། །རྗེས་གནང་རྒྱལ་བའི་སྡེས་མཛད་པ་བཞུགས།།

༄༅། །རྒྱ་གར་སྐད་དུ། བཻ་དྱཱ་དྷ་རཱི་ཀེ་ལི་བཛྲ་ཡོ་གི་ནཱི་ཨཱ་ཛྙ་བི་དྷིཿ བོད་སྐད་དུ། རིག་པ་འཛིན་མ་རྩེན་མ་རྡོ་རྗེ་རྣལ་འབྱོར་མའི་རྗེས་སུ་གནང་བའི་ཆོ་ག དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ལྷན་སྐྱེས་བདག་ཉིད་སྐུ་ཅན་གྱིས། །རྡོ་རྗེ་རྣལ་འབྱོར་མར་གུས་འདུད། །བླ་མ་བརྒྱུད་པ་ལས་འོངས་པ། །ཡང་དག་རབ་སྟེར་ཆོ་ག་བཤད། །དཔལ་ཕྲེང་བའི་རིག་པ་འཛིན་པའི་རྡོ་རྗེ་རྣལ་འབྱོར་མའི་རིམ་པས་སློབ་མ་རྗེས་སུ་འཛིན་པར་འདོད་པར་རྣལ་འབྱོར་པས། ནག་པོའི་ཕྱོགས་ཀྱི་ཚེས་བཅུ་ལ། དབེན་པ་ཡིད་དགའ་བར་བདུད་རྩི་ལྔ་ལ་སོགས་པས་ཡོངས་སུ་གཏོར་བའི་གནས་སུ་བླ་རེ་ལ་སོགས་པས་ཉེ་བར་བརྒྱན་ཏེ། སིནྡྷཱུ་རའི་ཕྱེ་མས་གྲུ་བཞི་པའི་མཎྜལ་བྱས་ལ། དེའི་དབུས་སུ་ཆུ་སྐྱེས་འདབ་མ་བརྒྱད་པའོ། །དེར་རྡོ་རྗེ་འཆང་གི་སྣོད་ཀྱི་སྟེང་དུ་སིནྡྷཱུ་ར་བཟང་པོའི་ཕྱེ་མས་ཡོངས་སུ་གང་བའི། དྲི་མ་མེད་པའི་མེ་ལོང་གི་སྟེང་དུ་གསེར་གྱི་ཐུར་མས་ལག་པ་གཡོན་པས། བཅོམ་ལྡན་འདས་མའི་གཟུགས་མངོན་པར་བྲི་བར་བྱའོ། །འཁོར་ལོའི་ཕྱི་རོལ་ཏུ་ཡང་བདུད་རྩི་ལྔ་བསྲེས་པའི་ཆུ་ཀླུང་གིས་ཡོངས་སུ་གང་བའི་ཁར་ལོ་འདབ་ཀྱིས་བརྒྱན་པ། མགྲིན་པ་གོས་ཀྱིས་དཀྲིས་པའི་བུམ་པ་ལྔའམ། ཡང་ན་ཀ་པཱ་ལ་བདུད་རྩིས་བཀང་བ་རྣམས་བཅོམ་ལྡན་འདས་མའི་སྔགས་ཀྱིས་མངོན་པར་བསྔགས་ནས་ཕྱོགས་བཞིར་གཞག་པར་བྱའོ། །དེ་ནས་སྔོན་དུ་བསྙེན་པ་འབུམ་བྱས་པའི་རྣལ་འབྱོར་པ་ཁ་ནུབ་ཏུ་ཕྱོགས་ལ། བདུད་རྩི་ལྔའི་རི་ལུ་ཁར་བཅུག་ལ། ལག་པ་གཡོན་པ་གོང་གི་སྔགས་ཀྱིས་སྦྱངས་ལ་སྔོན་དུ་ཡི་གེ་གསུམ་བརྗོད་པས་བདུད་རྩིར་བྱས་པའི་ཆང་གིས་ཡན་ལག་ལྔ་བཀྲུས་པས། སྲིད་པའི་རྒྱ་མཚོ་ལས་འགྲོ་བ་མ་ལུས་པ་དྲང་བར་འདོད་པས་ལྷ་མོའི་རྣལ་འབྱོར་བསྒོམ་པར་བྱའོ། །དེ་ནས་རང་གི་ས་བོན་གྱི་འོད་ཟེར་གྱིས་དྲངས་པའི་ཡེ་ཤེས་ཀྱི་ལྷ་མོ། མེ་ལོང་ལ་བྲིས་པའི་བཅོམ་ལྡན་འདས་མ་ལ་རབ་ཏུ་བཅུག་ནས། བཟའ་བ་དང༌། སྟོན་མོ་དང༌། བཏུང་བ་དང༌། ཆང་དང༌། ཤ་དང༌། ཁུ་བའི་ཁྱད་པར་རྣམས་དང༌། རྣམ་པ་སྣ་ཚོགས་པའི་འབྲས་བུ་རྣམས་དང༌། ཆུ་ལས་སྐྱེས་པ་དང༌། ཐང་ལས་སྐྱེས་པའི་མེ་ཏོག་མང་པོ་རྣམས་དང༌། གཏོར་མ་དང་ལྷ་བཤོས་རྣམས་དང༌། མར་མེའི་ཕྲེང་བ་མང་པོས་ཀྱང་ཡང་དག་པར་མཆོད་དེ། བསྟོད་ནས། རྐང་པ་བརྒྱད་པའི་སྔགས་བརྗོད་པས་བདུད་རྩིས་ཚིམ་པར་བྱས་ཏེ། རྣལ་འབྱོར་མའི་ཚུལ་གྱིས་མོས་པའི་སློབ་མ་འཇུག་པའི་དོན་དུ་བཅོམ་ལྡན་འདས་མ་ལ་གསོལ་བ་གདབ་པར་བྱ་སྟེ། བཅོམ་ལྡན་ཡེ་ཤེས་རྡོ་རྗེ་མཆོག །རིག་འཛིན་རྒྱལ་མོ་ལ་ཕྱག་འཚལ། །སྙིང་རྗེའི་བདག་ཉིད་དཀྱིལ་འཁོར་དུ། །སློབ་མ་འཇུག་པར་འཚལ་ལགས་ན། །ཇི་ལྟར་རྒྱལ་བ་ཀུན་གྱིས་ཁྱོད། །ཡེ་ཤེས་རྒྱ་མཚོར་བྱིན་རླབས་པ། །དེ་བཞིན་དུ་ནི་ཡེ་ཤེས་རོས། །སེམས་ཅན་འདི་ལ་བྱིན་རླབས་རིགས། །ཞེས་སོ། །དེ་ནས་རྣལ་འབྱོར་པ་རྣལ་འབྱོར་མའི་གྲོགས་དང་ལྡན་པས། སློབ་མ་དཀྱིལ་འཁོར་གྱི་ཁང་བར་བཅུག་སྟེ། མཎྜལ་གསུམ་བྱེད་དུ་བཅུག་ནས་གསོལ་བ་གདབ་པར་བྱའོ། །ཇི་ལྟར་རྡོ་རྗེ་སེམས་དཔའ་ཡིས། །འགྲོ་བ་བྱང་ཆུབ་སྒྲུབ་པའི་ཐབས། །ཡེ་ཤེས་དཔལ་ལྡན་རྣལ་འབྱོར་མར། །ཐམས་ཅད་རིག་པ་རང་གིས་བྱིན། །དེ་བཞིན་བདག་ལའང་མགོན་པོ་ཀྱེ། །ད་ལྟ་ཉིད་དུ་སྦྱིན་པར་རིགས། །ཞེས་བྱ་བ་ལན་གསུམ་བཀླག་པར་བྱའོ། །དེ་ནས་ཕྱོགས་བཞིར་མཎྜལ་བྱེད་དུ་བཅུག་ལ། བཅོམ་ལྡན་འདས་མ་ལའང་སློབ་མས་གསོལ་བ་གདབ་པར་བྱ་སྟེ། ལྷ་མོ་ལུས་ངག་ཡིད་ཀྱིས་སུ། །ཡེ་ཤེས་རྒྱ་མཚོ་ཁྱོད་ཕྱག་འཚལ། །ཇི་ལྟར་སངས་རྒྱས་སྟོབས་ཆེན་གྱིས། །ཐམས་ཅད་ཡེ་ཤེས་བྱིན་རླབས་པས། །དེ་བཞིན་བདག་རྒྱུད་དག་ལ་ཡང༌། །ཡེ་ཤེས་རྒྱུན་གྱིས་མཛད་དུ་གསོལ། །ཞེས་བྱའོ། །དེ་ནས་སློབ་མ་ལ་བུམ་པའི་ཆུས་མངོན་པར་གཏོར་ཏེ། ལྷ་མོའི་གཟུགས་སུ་རྣམ་པར་བསྒོམས་ནས་གོ་ཆའི་སྔགས་ཀྱིས་དངོས་སུ་བསྲུངས་ཏེ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། མིག་ལ་སོགས་པ་བྱིན་གྱིས་བརླབ་པར་ཡང་བྱས་ལ། ཡང་དག་པར་མཆོད་དེ་ལྕགས་ཀྱུ་སྦྱིན་ཞིང་བདུད་རྩི་འཐུང་དུ་གཞུག་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ནུབ་ཀྱི་ཆར་ཉེ་བར་འདུག་སྟེ། སློབ་མས་ལྷ་མོའི་གཟུགས་སུ་བསྒོམས་ནས། རྣལ་འབྱོར་མའི་ལག་པ་གཡོན་པར་མགོ་བོར་རྩ་བའི་སྔགས་ཀྱི་བྱིན་གྱིས་བརླབ་པར་བྱའོ། །བླ་མས་ཀྱང་ཡེ་ཤེས་ཀྱི་ཆུས་ཡོངས་སུ་གཏོར་བ་དང༌། ལུས་བདེ་བ་ཆེན་པོས་ཡོངས་སུ་གང་བ་དང༌། རྩ་བའི་སྔགས་བརྗོད་པ་སྔོན་དུ་སོང་བས་དྲིལ་བུ་དཀྲོལ་ཞིང་བླ་མའི་མན་ངག་གིས་ཡེ་ཤེས་བྱིན་གྱིས་བརླབ་པར་བྱའོ། །དེ་ལྟར་བྱས་པས་མཚམས་མེད་པར་བྱེད་པའང་ཡེ་ཤེས་ཀྱིས་བྱིན་གྱིས་རློབ་པར་འགྱུར་ན་སླར་ཡང་བསོད་ནམས་དང་ལྡན་པ་ལྟ་ཅི་སྨོས། དེ་ནས་པུས་མོ་གཡས་པ་ས་ལ་བཙུགས་པས་གནས་ཏེ། ཡེ་ཤེས་ལྔའི་བདག་ཉིད་ཀྱི་རྡོ་རྗེ་ལག་པ་གཡས་པར་བྱིན་ནས། བདུད་རྩི་ལྔས་ཡོངས་སུ་གང་བའི་ཐོད་པ་ཡང་ལག་པ་གཡོན་པར་བྱིན་ཏེ། རྐང་པ་གཡོན་པ་ས་ལ་བརྡབས་པས་འགྲོ་བ་ཐམས་ཅད་ལ་བདེ་བ་ཆེན་པོ་བབས་པས་བདུད་རྩིར་གྱུར་ཏེ། དངུལ་ཆུ་ལྟ་བུ་ཐོད་པའི་ནང་དུ་རབ་ཏུ་ཞུགས་པར་རྣམ་པར་བསྒོམས་ནས། ཐོད་པར་གནས་པའི་བདུད་རྩི་འཐུང་དུ་གཞུག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་མའི་སྒྲུབ་ཐབས་བླ་མ་བརྒྱུད་པ་ལས་འོངས་པའི་མན་ངག་ཀྱང་བརྗོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་མ་སིནྡྷཱུ་རར་སོན་པར་བྱའོ། །དེ་ལས་སྤྲོས་པའི་མཁའ་འགྲོ་མ་ལྔའི་གཟུགས་ལ་ཡང་མཆོད་པ་དང༌། བསྟོད་པ་དང༌། བདུད་རྩི་མྱང་བས་མཉེས་པར་བྱ་སྟེ་གཏོར་མའི་པཱུ་ཛས་ཀྱང་མཉེས་པར་བྱའོ། །བཟའ་བ་དང་སྟོན་མོ་དང༌། ཉའི་ཤ་ལ་སོགས་པས་ཡོངས་སུ་གང་བའི་གཏོར་མའི་སྣོད་ལ། ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་པས་བདུད་རྩིར་གྱུར་པ་ལ་སྔགས་འདིས་དབུལ་ཏེ། ཨོཾ་བཛྲ་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་ཀརྵ་ཡ། ཨཱ་ཀརྵ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། སརྦ་ཌཱ་ཀི་ནཱི་ནཱཾ་ཧྲྀ་ད་ཡ་ཧཱུྃ་ཕཊ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཧཱུྃ་ཨོཾ། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཧཱུྃ་ཧཱུྃ། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཧཱུྃ་ཏྲཱྃ། ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཧཱུྃ་ཧྲཱིཿ ཨོཾ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཧཱུྃ་ཨཿ ཨོཾ་སརྦ་ཡོ་གི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཧཱུྃ་ཧཱུྃ། ཧ་ཧ། ཧི་ཧི། ཛཿཧཱུྃ་བྃ་ཧོཿ ཨོཾ་བཛྲ་ཡོ་གི་ནི་བྷྱཿས་མ་ཡ་སྟྭཾ་དྲྀ་ཤྱ་རཀྵ་རཀྵ་ཧོཿ ཞེས་བྱ་བས་སོ། །དེ་ནས་ཡང་མཆོད་པ་དང༌། བསྟོད་པ་དང༌། བདུད་རྩི་མྱང་བ་བྱས་ནས་བཟོད་པར་གསོལ་ཏེ། ཡི་གེ་བརྒྱ་པའི་སྔགས་ཀྱིས་མཉེས་པར་བྱས་ནས་མངོན་པར་འདོད་པའི་དངོས་གྲུབ་བླངས་སྟེ། ཨོཾ་བཛྲ་མུཿ ཞེས་བྱ་བའི་སྔགས་ཀྱིས་གཤེགས་སུ་གསོལ་བ་ནི། ཡེ་ཤེས་ཀྱི་ལྷ་མོ་བདག་ཉིད་ལ་གཞུག་པར་བྱའོ། །དེ་ནས་ཇི་ལྟར་ནུས་པའི་ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དགའ་སྟོན་ཆེན་པོ་བྱའོ། །གནང་སྦྱིན་ཆོ་ག་བྱས་པ་ལས། །བསོད་ནམས་ཉེ་བར་བསགས་པ་གང༌། །དེ་ཡིས་སྐྱེ་བོ་མ་ལུས་རྣམས། །ལྷ་མོ་ཡེ་ཤེས་ལ་གཞོལ་ཤོག །བླ་མ་བརྒྱུད་པའི་མན་ངག་གི་རིམ་པ། མཁས་པ་ཆེན་པོ་རྒྱལ་བའི་སྡེ། མིང་གཞན་གྱིས་ཁང་པ་གསར་པ་ཞེས་བྱ་བར་བརྗོད་པས་བྲིས་པའོ། །ཕྲེང་བའི་རིག་པ་འཛིན་མའི་རིམ་པའི་རྗེས་སུ་གནང་བ་སྦྱིན་པའི་ཆོ་ག་རྫོགས་སོ། །པཎྜི་ཏ་དེ་ཉིད་དང༌། བཙུན་པ་དར་མ་ཡོན་ཏན་གྱིས་བསྒྱུར་བའོ། །སུམ་ལོའམ། ཀླེ་ལོའོ། །མེ་ཏྲཱི་མཁའ་སྤྱོད་དོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*