ཕག་མོ་ལས་བཅུའི་གསལ་བྱེད།

༼ཉ༽

༄༅། །ཕག་མོ་ལས་བཅུའི་གསལ་བྱེད་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་མཚུངས་རྗེ་བཙུན་བླ་མ་དང༌། །དཔལ་ལྡན་མཁའ་འགྲོ་བྱེ་བའི་གཙོ་མོ་མཆོག །རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ནས། །དེ་མཉེས་བྱེད་པའི་ཆོ་ག་གསལ་པོར་བྲི། །རྫེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷ་སུམ་ཅུ་སོ་བདུན་མའམ། ལྷ་བཅུ་གསུམ་མའམ། ཞལ་གཉིས་མའམ། ཞལ་གཅིག་མ་ལ་སོགས་པ་གང་གི་སྒོར་ཞུགས་ཀྱང་རུང་སྟེ། རང་དང་གཞན་དང་གཉིས་ཀའི་དོན་བྱེད་པ་ལ། ལས་ཀྱི་ཡན་ལག་བཅུར་འདུ་བ་ཡིན་ནོ། །དེ་ལ་ཐོག་མར་བསྙེན་པའི་ཆོ་ག་དང༌། གཞན་དོན་སློབ་མ་རྗེས་སུ་གཟུང་བའི་ཆོ་ག་དང༌། ཚེས་བཅུ་དང་འབྲེལ་པ་ཚོགས་ཀྱི་མཆོད་པ་དང༌། བདག་གཞན་གཉིས་ཀ་དང་འབྲེལ་པ་གཞོན་ནུ་མའི་མཆོད་པ་དང༌། གནས་སྐབས་ཐམས་ཅད་དང་འབྲེལ་པ་གཏོར་མའི་ཆོ་ག་དང༌། དམན་པའི་དངོས་གྲུབ་དང་འབྲེལ་པ་སྦྱིན་སྲེག་གི་ཆོ་ག་དང༌། བུ་ཆུང་གསར་བུ་ལ་ཕན་གདགས་པ་སྲུང་བའི་འཁོར་ལོ་དང༌། ལས་རྩུབ་པའི་དབང་དུ་བྱས་ན་གདུག་པ་ཅན་ཚར་གཅོད་པ་ནི་སུམྦྷའི་ཆོ་ག་དང༌། བསྒོམས་པས་ཕྱིར་བཟློག་པ་དང༌། བྲིས་པས་ཕྱིར་བཟློག་པའི་ཆོ་ག་སྟེ་བཅུའོ། །དང་པོ་བསྙེན་པ་ལ་གཉིས་ཏེ། བསྒོམ་བཟླས་འབའ་ཞིག་གི་བསྙེན་པ་དང༌། མདུན་བསྐྱེད་དང་འབྲེལ་པའི་བསྙེན་པའོ། །དང་པོ་ནི་ཐོག་མར་མལ་ནས་བདག་ཉིད་ལངས་ནས། བདག་ཉིད་ལྷའི་ང་རྒྱལ་ཅུང་ཟད་དྲན་པས་ལུས་དག་པ་དང༌། ཤྲཱི་ཧེ་རུ་ཀ་ཞེས་བྱ་བ་ཡི་གེ་བཞི་པའི་དོན་དྲན་པས་ངག་དག་པ་དང༌། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་བྃ་བསྒོམས་ལ་ཡིད་དག་པར་བྱས་ལ། ཆང་བྱིན་གྱིས་བརླབ་པ་ནི་སུམྦྷ་ནི་ལ་སོགས་པ་ཟློས་ཤིང་བདག་དང༌། གནས་དང་རྣལ་འབྱོར་སྲུང་བ་དང༌། གོ་ཆ་བགོ་བ་དང༌། དག་པ་གསུམ་གྱི་སྔགས་བརྗོད་པ་དང༌། བདག་གི་རྣལ་འབྱོར་བསྐྱེད་རྫོགས་གཉིས་བསྒོམ་ཏེ། བཟླས་པ་བྱ་བ་ཡིན་ཏེ། མངོན་པར་རྟོགས་པ་ཞིབ་ཏུ། ཞལ་གཉིས་མ་ཆུང་ངུའི་ཞལ་གདམས་ལས་རྟོགས་པར་བྱའོ། །གཉིས་པ་མདུན་བསྐྱེད་དང་འབྲེལ་པའི་བསྙེན་པ་ལ་མདུན་བསྐྱེད་རྒྱས་བསྡུས་གསུམ་ཡིན་ཏེ། རྒྱས་པར་བྱེད་ན་མདུན་བསྐྱེད་འོག་སྟ་གོན་གྱི་སྐབས་བཞིན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་རྒྱས་པར་བྲི། འབྲིང་དུ་བྱེད་ན་མེ་ལོང་ལ་སིནྡྷུ་རའི་དཀྱིལ་འཁོར་འོག་ནས་འབྱུང་བ་བཞིན་བྲི། བསྡུས་ཏེ་བྱེད་ན་མེ་ལོང་ལ་ཆང་གིས་གྲུ་གསུམ་ཉིས་བརྩེགས་ཀྱི་དབུས་སུ་བྃ་ཡིག་བྲི། གང་ལྟར་ཡང་རུང་སྟེ། བདག་གི་རྣལ་འབྱོར་རྫོགས་པར་བསྒོམ་པ་དང༌། མདུན་གྱི་རྟེན་ལ་དམ་ཚིག་པ་བསྐྱེད། དེ་ལ་ཡེ་ཤེས་པ་གཞུག སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་དབང་བསྐུར། དེ་ལ་མཆོད་པ་ཅི་འབྱོར་གྱིས་མཆོད། བསྟོད་པས་བསྟོད། བཟོད་པར་གསོལ་ལ་བཟླས་པ་བྱ་སྟེ། བདག་དང་མདུན་གྱི་ལྷ་གཉིས་ཀའི་ལྟེ་བར་ཆོས་འབྱུང་གི་འཁོར་ལོའི་དབུས་སུ་བྃ་གཅིག་བསྒོམ། དེའི་མཐའ་མ་ན་ཕར་ལ་སྔགས་ཀྱི་ཕྲེང་བ་འོལ་མ་སེའི་ཕུང་པོ་ལྟར་འོད་ཟེར་དམར་པོ་འཕྲོ་བ་དམིགས་ལ་ཡིད་ཀྱི་བཟླས་པ་དང༌། ངག་གི་བཟླས་པ་བྱའོ། །ཐུན་འཇོག་ཁར་སྲིན་ལག་གཡོན་པས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་རེག་པ་དེ། བདག་གི་ལྟེ་བར་རེག་པས་མདུན་གྱི་ལྷ་རྣམས་བདག་གི་ལྟེ་བར་བསྡུ། ཡི་གེ་བརྒྱ་པ་བརྗོད། སྨོན་ལམ་གདབ། སུམྦྷ་ནིས་བསྲུངས་ལ་སྤྱོད་ལམ་ཅི་བདེ་བས་གནས་པར་བྱའོ། །དེ་ལྟར་ཐུན་གསུམ་མམ་བཞིའི་རྣལ་འབྱོར་གྱིས་སྔོན་དུ་བསྙེན་པ་བྱ་སྟེ། དེའང་མཚན་མའི་བསྙེན་པ་རབ་རྗེ་བཙུན་མས་གནང་བ་བྱིན་པའམ། འབྲིང་རྨི་ལམ་དུ་གནང་བ་ཐོབ་པ། ཐ་མ་གཞན་དོན་དུ་སྙིང་རྗེ་ཆེན་པོ་སྐྱེ་བའོ། །དུས་ཀྱི་བསྙེན་པ་རབ་ཟླ་བ་གསུམ། འབྲིང་ཟླ་བ་གཉིས། ཐ་མ་ཟླ་བ་གཅིག་གོ །གྲངས་ཀྱི་བསྙེན་པ་རབ་བཞི་འབུམ། འབྲིང་ཉིས་འབུམ། ཐ་མ་ཆིག་འབུམ། དེ་ལྟ་བུའི་ཚུལ་གྱིས་བསྙེན་པ་སྔོན་དུ་སོང་ནས་གཞན་དོན་བརྩམ་ན་བསྙེན་པ་གསོ་བའི་དོན་དུ་བཞི་ཁྲིའམ། བཞི་སྟོང་བཟླས་ལ་གཞན་དོན་བརྩམ་པར་བྱའོ། །དང་པོ་བསྙེན་པ་བྱ་བ་བསྟན་ཟིན་ཏོ།།  །།དེ་ནས་སྤྱི་དོན་གཉིས་པ་སློབ་མ་རྗེས་སུ་གཟུང་བ་ལ་གཉིས། སྟ་གོན་དུ་གནས་པའི་ཆོ་ག་དང༌། བྱིན་གྱིས་བརླབ་པའི་ཆོ་ག་དངོས་སོ། །དེ་ལྟར་དེ་གཉིས་ཀྱང་ནུབ་གཉིས་སུ་བྱེད་པའི་ཆོ་ག་དང༌། ནུབ་གཅིག་ལ་རྫོགས་པར་བྱེད་པའི་ཕྱག་ལེན་ལུགས་གཉིས་ཀ་མཛད། ནུབ་གཉིས་སུ་བྱེད་ན། ནུབ་དང་པོ་ལ་མཎྜལ་བྱུགས་ལ། མེ་ཏོག་ཚོམ་བུ་ཙམ་བཀྲམ་པའམ། དཀྱིལ་འཁོར་བྲི། དེའི་སྟེང་དུ་བུམ་པ་བཅས་ལ་བཞག དེའི་སྟེང་དུ་སིནྡྷུ་རའི་མཎྜལ་བཞག ཡང་ན་མེ་ཏོག་ཚོམ་བུ་ཙམ་གྱིས་བཏུབ། གཏོར་མ་དང་མཆོད་པ་བཤམ། བདག་བསྐྱེད་དང་མདུན་བསྐྱེད་མཆོད། གཏོར་མ་བཏང༌། སློབ་མས་མཎྜལ་ཕུལ་ལ་གསོལ་བ་གདབ། སྡིག་པ་བཤགས་པ་སྔོན་དུ་འགྲོ་བས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་བྱ། དེ་ནས་སློབ་མ་གནས་གཞན་དུ་ཇི་ལྟར་བདེ་བར་ཉལ་དུ་གཞུག སློབ་དཔོན་འཁོར་དང་བཅས་པས་ཚོགས་ལ་ལོངས་སྤྱད་དོ། །ཕྱིད་ཉིན་དཀྱིལ་འཁོར་བྲིས་ལ་བདག་བསྐྱེད་མདུན་བསྐྱེད་མཆོད་དེ། སློབ་མ་ལ་བྱིན་གྱིས་བརླབ་ཅིང་དབང་བསྐུར་བར་བྱའོ། །ནུབ་གཅིག་ཏུ་བྱེད་ན། ཉིན་མོ་བུམ་པ་བཅས་ལ་ནུབ་མོ་བདག་བསྐྱེད་མདུན་བསྐྱེད་མཆོད་དེ། སློབ་མ་སྟ་གོན་བྱ། བྱིན་བརླབ་དབང་སྐུར་རྫོགས་པར་བྱས་ལ་ཚོགས་ལ་ལོངས་སྤྱད་པར་བྱའོ། །གང་ལྟར་ཡང་རུང་སྟེ་ལག་ཏུ་བླང་བའི་རིམ་པ་ནི་འདི་ཡིན་ཏེ། ཚེས་བཅུ་ལ་སོགས་པ་དུས་ཁྱད་པར་ཅན་གྱི་དུས་སུ་ས་ཕྱོགས་ཕྱག་དར་བྱ། མཎྜལ་བ་བྱུང་ལྔ་ལ་སོགས་པ་དྲི་ཞིམ་པོ་དང་བཅས་པས་སྐྱང་ནུལ་བྱ། ཙནྡན་དམར་པོའམ་ས་ཚོན་དམར་པོས་དཀྱིལ་འཁོར་གྲུ་གསུམ་ཉིས་བརྩེགས་བྲི། དེའི་ཕྱི་ཕྱོགས་མཚམས་བརྒྱད་དུ་སྒོ་མཚམས་མ་བརྒྱད་ཀྱི་ཚོམ་བུ་བརྒྱད་བྱ། རྩིབས་དྲུག་ལ་རྡུལ་ཚོན་དཀར་པོས་ཤར་གྱི་རྩིབས་ནས་བཟུང་སྟེ། ཡིག་མགོ་ཕྱིར་བསྟན་ལ་གཡོན་སྐོར་གྱི་རིམ་པས། ཨོཾ་བྃ། ཧྃ་ཡོཾ། ཧྲིཾ་མྃ། ཧྲེཾ་ཧྲིཾ། ཧཱུྃ་ཧཱུྃ། ཕཊ་ཕཊ། ཅེས་པ་དྲུག་བྲིའོ། །དེའི་དབུས་སུ་བྃ་བྲིའོ། །དེའི་སྟེང་དུ་ཀ་པཱ་ལའི་སྟེང་དུ་ཆང་ལ་བདུད་རྩི་སྦྱར་བས་བཀང་ལ་དཔྲལ་བ་རང་ལ་བསྟན་ལ་བཞག དེའི་སྟེང་དུ་འཁར་བའི་མཎྜལ་དྲི་མ་མེད་པ་གུར་གུམ་མམ་ཆང་གིས་བསངས་ཏེ་ཕྱིས་ལ། སིནྡྷུ་རའི་ཕྱེ་མ་བཙགས་ལ་རྡུལ་ཚོན་གྱིས་བྲིས་པའི་དཀྱིལ་འཁོར་ལྟ་བུ་བྲི། ཟུར་བཞིར་དགའ་བ་འཁྱིལ་པ་བཞི་བྲིས་ལ། དེའི་ལྟེ་བར་བྃ་གྱི་ཐ་མར་ཨོཾ་གསུམ་མའི་སྔགས་བྲིས་ལ་ཐོད་པའི་སྟེང་དུ་བཞག་གོ །དེ་ལ་དར་དམར་པོའམ། རས་དམར་པོའི་གུར་དབུབ་བོ། མཆོད་ཡོན་ཞབས་བསིལ་སྔོན་དུ་འགྲོ་བའི་མཆོད་པ་ཁོ་ར་ཁོར་ཡུག་ཏུ་བཤམ། གཏོར་མ་བཤམ། དེ་ནས་བུམ་པ་གཙང་མ་རས་དམར་པོས་མགུལ་ཚིང་བྱ། ཁ་རྒྱན་གཟུགས། སུམྦྷ་ནི་བཟླས་ཤིང་ཁ་དང་ཞབས་གུ་གུལ་གྱིས་བདུག ནང་དུ་སྨན་ལྔ། འབྲུ་ལྔ། རིན་ཆེན་ལྔ། བདུད་རྩི་ལྔ། ཆུ་གཙང་མས་བཀང༌། དྲི་ཞིམ་པོ་སྦྱར་བའི་དུང་ཆོས་སྟེང་དུ་བཞག རྡོ་རྗེ་ལ་གཟུངས་ཐག་བཏགས་ལ་སློབ་དཔོན་དང་ཉེ་བའི་གནས་འཚམ་པ་ཅིག་ཏུ་བཞག་གོ །གནས་ཀྱི་ཉེ་འཁོར་དུ་ག་ཎ་ཙཀྲའི་ཡོ་བྱད་བཤམ་དུ་གཞུག དེ་ནས་རྡོ་རྗེ་སློབ་དཔོན་ཞལ་ནུབ་ཕྱོགས་སུ་བལྟས་ཏེ་བཞུགས། སློབ་མ་གཞན་གྲལ་ཅི་བདེར་བྱས་ལ་ལས་ཀྱི་རྡོ་རྗེ་སློབ་མས་མཎྜལ་དང་མེ་ཏོག་ཕུལ་ལ། ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ། ཡི་གེ་བརྒྱ་པས་རྒྱུད་སྦྱང༌། དེ་ནས་བདག་གི་རྣལ་འབྱོར་གྱི་མངོན་རྟོགས་ཀྱི་རིགས་མང་པོ་ཡོད་ནའང༌། ཞལ་གཉིས་མ་ཆུང་ངུ་བཞིན་བསྒོམས་ལ། ཡིད་བཟླས་ངག་བཟླས་ཅུང་ཟད་ཙམ་བྱ། བདག་གི་རྣལ་འབྱོར་ལ་མཆོད་པ་དང༌། བསྟོད་པ་དང༌། བདུད་རྩི་མྱང་བའི་བར་བྱ། དེ་ནས་མདུན་གྱི་ཐོད་པའི་ཆང་བྱིན་གྱིས་བརླབས། དེའི་སྟེང་གི་སིནྡྷུ་རའི་དཀྱིལ་འཁོར་སྟོང་པ་ཉིད་ཀྱི་ངང་ལས་རྡོ་རྗེ་རྣལ་འབྱོར་མར་བསྐྱེད་པའམ། བྲིས་པ་དང་རྗེས་སུ་མཐུན་པ་ཉིད་གསལ་བར་བསྐྱེད་ཀྱང་བཏུབ། དེ་ལ་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ། ལྷར་བསྐྱེད་པ་ཡིན་ན། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་ཞིང་མི་བསྐྱོད་པས་རྒྱས་བཏབ། ཡི་གེར་བསྐྱེད་ན་དེ་གཉིས་མི་དགོས། དེ་ནས་མཆོད་པ་བསང་ཞིང་བྱིན་གྱིས་བརླབས་ལ། མཆོད་ཡོན་ཞབས་བསིལ་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། བདུད་རྩིའི་མཆོད་པ་དང༌། རྡོ་རྗེ་དྲིལ་བུ་གསིལ་ཞིང༌། རྐང་པ་བརྒྱད་པ་ལ་སོགས་པའི་བསྟོད་པས་བསྟོད། འདོད་པའི་དོན་ལ་གསོལ་བ་གདབ། ཡི་གེ་བརྒྱ་པ་བརྗོད་ལ་བཟོད་པར་གསོལ་བར་བྱའོ། །དེ་ནས་བུམ་པ་སུམྦྷ་ནིས་བསངས་ལ། སྭ་བྷཱ་ཝས་སྟོང་པར་བསྒོམ། བྷྲཱུྃ་ལས་རིན་པོ་ཆེའི་བུམ་པར་བསྒོམ། དེའི་ནང་དུ་བྃ་ལས་རྡོ་རྗེ་རྣལ་འབྱོར་མ་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་གཞུག སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར་ལ་མི་བསྐྱོད་པས་རྒྱས་གདབ། དེ་ལ་མཆོད་པ་ལྔ་དང༌། བདུད་རྩིའི་མཆོད་པ་དང༌། རྐང་པ་བརྒྱད་པ་ལ་སོགས་པ་ཅི་ཤེས་པས་བསྟོད། གཟུངས་ཐག་ནས་བཟུང་ལ། ཨོཾ་གསུམ་མའི་གསང་སྔགས་བཟླས་པས་སྔགས་ཀྱི་འོད་ཟེར་བདག་གི་ཞལ་ནས་འཕྲོས་ཏེ། གཟུངས་ཐག་ལ་འཁྲིལ་ནས་བུམ་པའི་ནང་དུ་སོང་བས་རྡོ་རྗེ་རྣལ་འབྱོར་མའི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བྱུང་སྟེ། བུམ་པའི་ནང་དུ་བདུད་རྩིའི་ཆུ་རྒྱུན་མེ་རེ་རེ་ཁེངས་པར་བསམ་ཞིང༌། སྔགས་བཟླས་སོ། །སྔགས་བརྒྱ་རྩ་བརྒྱད་ཐོན་པ་དང༌། དུང་ཆོས་ཀྱི་ཆུ་བུམ་པའི་ནང་དུ་བླུགས་ལ། རྗེ་བཙུན་མ་འོད་དུ་ཞུ་བས་བུམ་པའི་ནང་ཁེངས་པར་བསམ་མོ། །དེ་ནས་གཏོར་མ་བཏང༌། དེ་ཡན་ཆད་སྔོན་དུ་བྱ་བའི་ཆོ་ག་ཡིན་ནོ། །དེ་ནས་སློབ་མ་རྣམས་ཉིན་མོ་ནས་བཟུང་ནས་གསོ་སྦྱོང་གི་སྡོམ་པ་ལེན་དུ་གཞུག དེ་ཉིད་ཀྱི་ཚེ་ཁྲུས་བྱ། གྲལ་ལ་རིམ་གྱིས་འཁོད་པ་དང༌། མཎྜལ་འབུལ་དུ་གཞུག ལག་ཏུ་མེ་ཏོག་ཕྲེང་བ་བཟུང་ལ་བླ་མ་དང་ཡི་དམ་གྱི་ལྷ་ལ་གསོལ་བ་གདབ་པ་ནི། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་གསོལ་བ་གདབ། དེ་ནས་ཚིགས་སུ་བཅད་པ་འདིས་སྡིག་པ་བཤགས་པ་ནས་བཟུང་སྟེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བསྔོ་བའི་བར་བྱེད་པ་ཡིན་ཏེ། འདི་སྐད་དུ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་པས་སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་དང༌། སྐྱབས་སུ་འགྲོ་བ་དང༌། སྨོན་པ་དང༌། འཇུག་པ་དང༌། ཡོངས་སུ་བསྔོ་བར་བྱའོ། །དེ་ཡན་ཆད་སྟ་གོན་གྱི་ནུབ་མོ་བྱས་ལ། ཕྱིད་ནུབ་ཀྱང་བལྡབ་ནས་བྱེད་པའམ། ནུབ་གཅིག་པར་བྱེད་ན་དེ་ཡན་ཆད་སྔོན་དུ་འགྲོ་བའི་ཚུལ་ཡིན་ནོ། །དེ་ནས་བྱིན་གྱིས་བརླབ་པ་དངོས་ནི། སློབ་མ་རྣམས་ལག་པ་སྦྲེལ་དུ་བཅུག་ལ། སློབ་མའི་གཙོ་བོའི་ལག་པ་བླ་མས་བཟུང་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རྟོགས་པས་གཡོགས་པའི་སེམས་ཀྱིས་ནི། །ལེགས་པའི་སངས་རྒྱས་ཕྱིར་བཟློག་ལྟར། །དད་པའི་ཆུ་ཡིས་བཀྲུས་པའི་སེམས། །ཕན་པའི་སེམས་ཀྱིས་འདིར་འཇུག་བྱ། །དད་པ་མེད་པའི་སེམས་ཅན་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ཇི་ལྟར་ས་བོན་ཚིག་པ་ལ། །མྱུ་གུ་སྔོན་པོ་སྐྱེ་མི་སྲིད། །ཅེས་བརྗོད་ལ། དེའི་དོན་ཡང་རྣམ་པར་རྟོག་པ་ཐམས་ཅད་སྤངས་ལ་ལྷ་དང་བླ་མ་ལ་གུས་འདུད་དྲག་པོ་སྐྱེད་ཅིག ཅེས་བརྗོད་ལ། སུམྦྷ་ནི་བཟླས་ཤིང་བུམ་ཆུས་བྲན། དར་དམར་པོས་གདོང་བཅིང༌། ཁ་ནུབ་ཕྱོགས་སམ་ཅི་རིགས་པར་བལྟར་བཅུག་ལ། སེ་གོལ་གྱི་སྒྲ་དང་སུམྦྷ་ནི་བཟླས་ཤིང་བསྲུང་བ་བྱ། གུ་གུལ་གྱི་དུད་པས་བདུག རྐང་མཐིལ་གྱི་རླུང་གིས་སུམ་མདོའི་མེ་སྦར། བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་བསྲེགས་ཏེ་དག་པ་གསུམ་གྱི་སྔགས་བརྗོད་པས། སྒྱུ་མ་ལྟ་བུ་མི་དམིགས་པར་བསྒོམ། དེའི་སྐད་ཅིག་ལ་བདག་རང་རྡོ་རྗེ་རྣལ་འབྱོར་མ་ཞལ་གཉིས་མར་བསྐྱེད། ལྟེ་བར་བྲིས་པ་དང་འདྲ་བའི་འཁོར་ལོ་བསྒོམ། དེ་ལས་འོད་ཟེར་གཡས་རོ་མ་ནས་སོང་སྟེ། འོད་ཟེར་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲང་སྟེ་སྤྱི་བོར་བསྟིམ། སྤྱི་གཙུག་གི་ཧྃ་ལས་བདུད་རྩིའི་ཆུ་རྒྱུན་རྩ་དབུ་མ་ནས་བྱུང་སྟེ། ལྟེ་བར་ཕབ་པ་ལ་དམིགས་པ་གཏད་པ་ནི། དྲོད་སྐྱེད་པའི་མན་ངག་གོ །ཡང་ལྟེ་བ་ནས་གཡས་རོ་མ་ནས་སོང་སྟེ། ཞལ་གཡས་པའི་ཕག་གདོང་གི་གཡུང་དྲུང་འཁྱིལ་པ་ལ་ཕོག་སྟེ། མྱུར་དུ་འཁོར་བ་ལ་དམིགས་པ་གཏད་པ་ནི་མི་རྟོག་པ་སྐྱེ་བའི་གདམས་ངག་གོ །ལྟེ་བའི་འཁོར་ལོ་དེ་ཉིད་གསང་གནས་སུ་ཕབ་སྟེ། མྱུར་དུ་འཁོར་བ་ལ་དམིགས་པ་གཏད་པ་ནི། བདེ་བ་སྐྱེ་བའི་གདམས་ངག་གོ །དེ་ལྟར་དམིགས་པ་གསུམ་པོ་ཅིག་ཆར་རམ་རིམ་གྱིས་དྲག་ཏུ་བསྒོམ་དུ་བཅུག་ལ། བླ་མས་བདུག་པས་བདུག་ཅིང༌། ཨོཾ་གསུམ་མའི་སྔགས་སྒྲ་མི་ཆེ་བར་བཟླས་ཤིང༌། གསུང་ཌཱ་མ་རུའམ་དྲིལ་བུའི་སྒྲ་མི་ཆེ་བར་བརྡུངས་པས་སློབ་མའི་རྒྱུད་ལ་ཡེ་ཤེས་སྐྱེ་བ་ནི། ལུས་བ་སྤུ་ལྡང་བའམ། ངག་ཏུ་སྔགས་བརྗོད་པའམ། སེམས་ལ་མི་རྟོག་པ་སྐྱེ་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །དེ་ནས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཨོཾ་ཏིཥྛ་བཛྲ། ཞེས་བྱ་བ་དང༌། ཡེ་ཤེས་བརྟན་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་གདོང་གཡོགས་ཕྱེ་ལ་དཀྱིལ་འཁོར་བསྟན་ཏེ་བྱིན་རླབས་ཀྱི་རིམ་པའོ། །དེ་ནས་དབང་གི་དོན་དུ་གསོལ་བ་གདབ་པ་ནི། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་འདྲང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་བརྗོད་ལ། དེ་ནས་བླ་མས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྤྱི་བོ་ནས་དབང་བསྐུར་བར་སྒོམས་ཤིག ཅེས་བརྗོད་ལ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང༌། དངོས་སུ་བུམ་པའི་ཆུས་སྤྱི་བོ་ན་མར་དབང་བསྐུར་ཞིང་ཚེ་ཐོག་མ་མེད་པ་ནས་བསགས་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་ནས། ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན་པར་བསྒོམས་ལ། བུམ་པའི་དབང་ཐོབ་པ་ཡིན་ནོ་ཞེས་ངོ་སྤྲད་དོ། །དེ་ནས་སིནྡྷཱུ་རའི་འོག་གི་ཐོད་པ་ནས་བདུད་རྩི་བླངས་ལ་ཡི་གེ་གསུམ་དང་གསང་སྔགས་ཟློས་ཤིང་སློབ་མ་ལ་འཐུང་དུ་བཅུག་གོ །གསང་དབང་ཐོབ་པ་ཡིན་ནོ་ཞེས་ངོ་སྤྲད་དོ། །དེ་ནས་ཡང་སིནྡྷཱུ་རའི་དཀྱིལ་འཁོར་གྱི་སྔགས་ཕྲེང་རྣམས་བླ་མའི་སྲིན་ལག་གཡོན་པས་བླངས་པའི་སིནྡྷཱུ་ར་ལྟེ་བར་བྱུགས་ཤིང༌། གསང་སྔགས་ལན་ཅིག་བཟླས་ལ་སྔགས་རྣམས་ལྟེ་བར་ཐིམ་པར་བསྒོམ། ཡང་གཡུང་དྲུང་འཁྱིལ་པའི་སིནྡྷཱུ་ར་རྣམས་བླངས་ལ་སྔགས་ཟློས་ཤིང་དཔྲལ་བར་བྱུགས་པས་དགའ་བ་འཁྱིལ་བ་རྣམས་སྨིན་མཚམས་སུ་ཐིམ་པར་བསྒོམ། ཡང་གོ་ཆའི་ལྷ་མོའི་སིནྡྷཱུ་ར་རྣམས་བླངས་ལ། གོ་ཆའི་སྔགས་ཟློས་ཤིང་སྤྱི་གཙུག་ཏུ་རེག་པས། གོ་ཆའི་སྔགས་རྣམས་སྤྱི་གཙུག་ཏུ་ཐིམ་པར་བསྒོམ་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་ཡིན་ནོ་ཞེས་ངོ་སྤྲད་དོ། །དེ་ནས་སྔར་གྱི་བྱིན་རླབས་ཀྱི་རྒྱུན་གང་བྱུང་བ་ཅིག་བསྒོམ་དུ་བཅུག་ལ། དབང་བཞི་པ་ཐོབ་པ་ཡིན་ནོ་ཞེས་ངོ་སྤྲད་དོ། །དེ་ནས་ཞལ་གཉིས་མ་ཆུང་བ་ནས་འབྱུང་བའི་མངོན་རྟོགས་དང་དམ་ཚིག་དང༌། སྤྱོད་ལམ་ཅི་རིགས་པ་ཅིག་བསྟན་ལ། རེ་ཞིག་གི་དོན་གྲུབ་པ་ཡིན་ནོ། །ཞེས་ངོ་སྤྲད་དོ། །དེ་ནས་སློབ་མ་རྣམས་ཀྱིས་ཀྱང་བླ་མའི་ཞབས་ལ་ཕྱག་འཚལ་ཏེ། ཡོན་ཕུལ་ལ་གྲལ་རིམ་གྱིས་འཁོད་པར་བྱའོ། །དེ་ནས་ཚོགས་ཀྱི་འཁོར་ལོའི་ཡོ་བྱད་བྱིན་གྱིས་བརླབས་ཏེ་ལོངས་སྤྱད་ལ། མཇུག་ཏུ་སིནྡྷཱུ་རའི་དཀྱིལ་འཁོར་ལ་མཆོད་དེ། འདོད་པའི་དོན་ལ་གསོལ་བ་བཏབ་ལ། བཟོད་པར་གསོལ་ཏེ་ཡེ་ཤེས་པ་གཤེགས་པ་དང༌། དམ་ཚིག་པ་བདག་ལ་བསྡུ་བ་དང༌། སིནྡྷཱུ་རའི་དམན་མ་སྲུང་བ་དོན་དུ་གཉེར་བ་རྣམས་ལ་བྱིན་ཏེ། དེ་དག་གིས་ཀྱང་སྲུང་བའི་དོན་དུ་མགོའམ་དཔུང་པ་ལ་གདགས་པར་བྱའོ། །སིནྡྷཱུ་ར་རྙིང་པ་དེ་དག་སིནྡྷཱུ་ར་སོ་མ་དང་བསྲེས་ནས་ཕྱིས་དཀྱིལ་འཁོར་བྲིས་ན་སིནྡྷཱུ་ར་དེ་ཤིན་ཏུ་བྱིན་རླབས་ཆེ་བ་ཡིན་གསུང་ངོ༌། །དེ་ནས་སྨོན་ལམ་དང༌། བཀྲ་ཤིས་དང༌། ཡི་གེ་བརྒྱ་པ་བརྗོད་པ་དང༌། ལས་ཀྱི་རྗེས་བསྡུ་བ་རྣམས་བྱའོ། །གཉིས་པ་གཞན་དོན་སློབ་མ་རྗེས་སུ་གཟུང་བའི་ཆོ་ག་རྣམས་བསྟན་ཟིན་ཏོ།།  །།གསུམ་པ་ཚོགས་ཀྱི་འཁོར་ལོའི་ཆོ་ག་ལ་ལྔ། དད་པ་མེད་པས་མི་བྱ་བ་དང༌། གནས་ཁང་བརྒྱན་པར་བྱ་བ་དང༌། དགོས་པ་དང༌། སྙན་གསན་དབབ་པ་དང༌། ཆོ་གའོ། །དེ་ལ་བཞི། ཆ་དང་པོ་གྲལ་རིམ་གྱིས་འཁོད་དེ། ལྷའི་རྣལ་འབྱོར་ལ་གནས་པར་ཞུ་བ་ཕུལ་ལ། བདག་གི་རྣལ་འབྱོར་གྱི་བསྒོམ་བཟླས་དང༌། གཏོར་མ་བཏང་བའོ། །ཆ་གཉིས་པ་ནི་ལྷའི་རྣལ་འབྱོར་དང་ལྡན་པ་རྣམས་ལ་ལས་ཀྱི་རྡོ་རྗེས་མཆོད་པ་བྱ་བའོ། །ཆ་གསུམ་པ་ནི་ཚོགས་ཀྱི་ཡོ་བྱད་བཏེག་ལ་བྱིན་རླབས་བྱས་ཏེ། ལས་ཀྱི་རྡོ་རྗེས་ཕུད་བླ་མ་དང༌། དཀྱིལ་འཁོར་དང༌། གཏོར་མ་ལ་ཕུལ་ནས། རིམ་པ་བཞིན་དུ་ཚོགས་ཀྱི་ལོངས་སྤྱོད་རྣམས་དྲངས་ཏེ། ལོངས་སྤྱོད་པའི་ཚེ། སྙིང་གའི་བྃ་ཡིག་དང༌། ལྷ་ཚིམ་པར་བྱ་བ་དང༌། བདག་དང་ཡོན་བདག་གི་སྡིག་པ་ཞི་བར་བྱ་བ་དང༌། བསོད་ནམས་རྒྱས་པ་ལ་སོགས་པ་གང་འདོད་པའི་བསམ་པས་ལོངས་སྤྱད་ན། ཕན་ཡོན་དེ་དག་འབྱུང་བར་འགྱུར་རོ། །དེ་དུས་ཀྱི་འདྲེན་པ་དང༌། ལེན་པའི་ཚིགས་བཅད་དང༌། བྱིན་གྱིས་རློབ་པའི་སྔགས་དང༌། གསོལ་བ་གདབ་པ་དང༌། ཕྱག་འཚལ་བའི་ཚིགས་སུ་བཅད་པ་རྣམས་ནི་གཞུང་ཉིད་དུ་རྟོགས་པར་བྱའོ། །གཞན་ཡང་ཁ་ཟས་ཀྱིས་ཚིམ་པ་དང༌། རྡོ་རྗེའི་གླུ་བླང་བ་དང༌། གར་བྱ་བས་ཀྱང་ཚིམ་པ་ཡིན་ནོ། །ཆ་བཞི་པ་ནི་ཡོན་བདག་གིས་རྟ་ལ་སོགས་པའི་ཡོན་ཕུལ་ལ། བཟོད་པར་གསོལ་བ་དང༌། ལྷག་མ་བསྡུས་ལ་འབར་བའི་ཕྱག་རྒྱས་ཁ་ཕྲུ་བཏབ་ལ། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་སརྦ་བྷཀྵ་ལ་སོགས་གསུམ་བརྗོད་ལ་སེ་གོལ་གཏོགས་ལ་ཕྱི་རོལ་དུ་བཏང་ངོ༌། །དེ་ནས་བཀྲ་ཤིས་ཀྱི་ཚིགས་བཅད་དང༌། སྨོན་ལམ་བཏབ་ལ་ལས་ཀྱི་རྗེས་བསྡུ་བར་བྱའོ། །ཚོགས་ཀྱི་བྱ་བ་བསྟན་ཟིན་ཏོ།།  །།དོན་བཞི་པ་གཞོན་ནུ་མའི་མཆོད་པ་བྱེད་པར་འདོད་ན་དོན་དྲུག་སྟེ། དུས་དང༌། གྲོགས་དང༌། གནས་དང༌། ཡོ་བྱད་དང༌། ཆོ་ག་དང༌། དགོས་པའོ། །དེ་ལ་དང་པོ་དུས་ནི། གྲུབ་ན་ཟླ་བ་རེ་ལ་ཡར་ངོ༌། མར་ངོའི་ཚེས་བཅུ་གཉིས་སོ། །དེ་ནས་གྲུབ་ན་ཟླ་བ་རེ་ལ་ཁོར་རེའོ། །དེའང་མ་གྲུབ་ན་ལོ་གཅིག་གི་དགུན་ཟླ་འབྲིང་པོ་སྟེ། རྒྱལ་གྱི་ཉ་བའི་ཟླ་བའི་བསོད་ནམས་བསོག་པར་འདོད་ན་ཡར་གྱི་ཚེས་བཅུ། སྒྲིབ་པ་ཟད་པར་འདོད་ན་མར་གྱི་ཚེས་བཅུ་སྟེ། དགུན་གྱིས་དུས་ཡིན་ནོ། །ཁྱད་པར་དུས་ནི། སློབ་མ་རྗེས་སུ་གཟུང་བའི་དུས་སུ་གྲུབ་ན་བྱ་སྟེ། དེའང་ཉིན་མོར་གཞོན་ནུ་མའི་མཆོད་པ་བྱ་སྟེ། ནུབ་མོར་སློབ་མའི་བྱ་བའམ། མཚན་མོར་སྔོན་དུ་གཞོན་ནུ་མའི་མཆོད་པ་བྱས་ནས། དེ་ནས་སློབ་མའི་བྱ་བ་བྱས་ཀྱང་བཏུབ་བོ། །ཡང་ན་ཟླ་བ་གཅིག་གི་གོང་ངམ། ཉི་མ་འགའ་འམ། སྔར་ཉིན་ཙམ་གཞོན་ནུ་མའི་མཆོད་པ་བྱས་ཀྱང་ཉེས་པ་མེད་དེ། མཆོག་ཏུ་ལེགས་སོ། །གྲོགས་གཞོན་ནུ་མ་གཅིག་ནས་བཟུང་སྟེ། སུམ་ཅུ་སོ་བདུན་གྱི་བར། ལྷའི་གྲངས་དང་མཐུན་པར་གྲོང་པའི་ཆོས་ཀྱིས་མ་ཕོག་པ་བཅུའམ། བཅུ་གཉིས་ཡན་ཆད་ཡིན། མང་པོ་སོགས་པར་འདོད་ཅིང་དེ་ལྟ་བུ་མ་རྙེད་ན། དམ་ཚིག་དང་ལྡན་པ་ཅུང་ཟད་རྒན་པ་འགའ་ཡང་བསོད་ནམས་ཀྱི་ཁ་བསྐང་དུ་ཉེས་པ་མེད་དོ། །གསུམ་པ་གནས་ནི་གཞོན་ནུ་མ་དེ་རྣམས་ཀུན་དམ་ཚིག་ཐོབ་ན་དཀྱིལ་འཁོར་གྱི་ཁང་པར་འཁོད་ལ། དམ་ཚིག་མ་ཐོབ་ན་གནས་ཁང་གཙང་མར་བྱས་ལ། གཞན་ནམ་ཁང་པ་ཡངས་ན་གནས་དེ་ཉིད་དུ་ཡོལ་བས་བར་དུ་བཅད་ལ་གཞོན་ནུ་མ་རྣམས་ཀྱིས་ནི་དཀྱིལ་འཁོར་གྱི་རྫས་རྣམས་མི་མཐོང༌། སློབ་དཔོན་གྱིས་ནི་མཐོང་བའི་སར་བཞག་པ་ཡིན་ནོ། །ཡོ་བྱད་ནི་གཞོན་ནུ་མ་ལ་དགོས་པ་རྣམས་ཉེ་འཁོར་དུ་ཚགས་བྱ་བ་ཡིན་ནོ། །ཆོ་ག་ལ་དོན་བཅུ་གཉིས་སུ་གནས་པ་ལས། སྙན་གསན་དབབ་པ་དང༌། ཁྲུས་བྱ་བ་དང༌། ནང་དུ་བོད་པ་དང༌། ཀུ་ཤ་ལ་སོགས་པའི་གདན་ལ་བཞག་པ་དང༌། སུམྦྷ་ནི་ལ་སོགས་པ་སྔགས་ཀྱིས་བགེགས་བསྲུང་བ་དང༌། སློབ་དཔོན་བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་བཟླས་བརྗོད་བྱ་བ་དང༌། དྲུག་ནི་རྟོགས་སླའོ། །བདུན་པ་བརྟེན་པ་ལྷ་བསྐྱེད་པ་ནི། གཞོན་ནུ་མ་གཅིག་ལས་མེད་ན་རྡོ་རྗེ་རྣལ་འབྱོར་མར་བསྐྱེད་དོ། །ལྔ་ཡོད་ན་སྙིང་པོའི་རྣལ་འབྱོར་མ་བཞི་དང་ལྔར་བསྐྱེད། དྲུག་ཡོད་ན་གོ་ཆའི་རྣལ་འབྱོར་མ་དྲུག་ཏུ་བསྐྱེད། བདུན་ཡོད་ན་འདི་ནི་ཤིན་ཏུ་བྱིན་རླབས་ཆེ་སྟེ། གོ་ཆའི་རྣལ་འབྱོར་མ་དྲུག་དང༌། རྡོ་རྗེ་ཕག་མོ་དང་བདུན་དུ་བསྐྱེད། ཡང་ན་ཡ་མི་ནི་ལ་སོགས་པ་བདུན་ནམ། གཟུགས་ཅན་མ་ལ་སོགས་པ་བདུན་དུ་བསྐྱེད། བརྒྱད་ཡོད་ན་མི་ནི་ལ་སོགས་པ་བདུན། རྡོ་རྗེ་ཕག་མོ་དང་བརྒྱད་དུ་བསྐྱེད། བཅུ་གསུམ་ཡོད་ན་ལྷ་བཅུ་གསུམ་མར་བསྐྱེད། ཉི་ཤུ་རྩ་བཞི་ཡོད་ན་འཁོར་ལོ་གསུམ་གྱི་རྣལ་འབྱོར་མར་བསྐྱེད། སུམ་ཅུ་སོ་བདུན་ཡོད་ན་རྣལ་འབྱོར་མ་སུམ་ཅུ་སོ་བདུན་དུ་བསྐྱེད་ལ། རང་བཞིན་གྱི་རྣལ་འབྱོར་མ་ཐམས་ཅད་སྤྱན་དྲངས་ལ་དེ་ལ་གཞུག་པར་བསམ། གཞོན་ནུ་མ་ལ་བསྟིམ་པ་ནི་མ་ཡིན་ནོ། །དོན་བརྒྱད་པ་མཆོད་པ་ནི། དེ་རྣམས་ལ་མཆོད་ཡོན། ཞབས་བསིལ་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། གླ་རྩི་ག་པུར་ལ་སོགས་པའི་དྲི་སྦྱར་བས་ལུས་ལ་བྱུག སིནྡྷཱུ་ར་དཔྲལ་པར་བསྐུ། ལིག་བུ་མིག་ལ་སོགས་པ་མིག་ལ་བསྐུ། དར་ལ་སོགས་པའི་ན་བཟའ་དམར་པོ་དབུལ། མེ་ཏོག་དམར་པོའི་ཕྲེང་བ་དབུ་ལ་དབུལ། བདུག་སྤོས་ཀྱི་མཆོད་པས་མཆོད། ཤ་ཆང་ལ་སོགས་པའི་སྟོན་མོས་ཚིམ་པར་བྱས། དེ་ནས་གཏོར་མ་རྒྱ་ཆེན་པོས་མཆོད་པར་བྱའོ། །དགུ་པ་ལྟས་བརྟག་པ་ནི། དང་པོ་གྲལ་བྱས་མ་ཐག་དང༌། ཟས་ལ་ལོངས་སྤྱོད་ཁ་དང༌། འགྱེས་པའི་དུས་དང་གསུམ་དུ་འབྱུང༌། དགེ་བ་ལ་ལུས་གར་བྱེད་པ། ངག་སྔགས་བརྗོད་པ། ལུང་སྟོན་པ། བཀྲ་ཤིས་བརྗོད་པའོ། །མི་ཤིས་པ་ལ་ངུ་བ་དང༌། རྩོད་པ་དྲག་པོ་འབྱུང་བ་དང༌། ངག་ལ་བཀྲ་མི་ཤིས་པའི་ལུང་སྟོན་པ་དང༌། གྲོགས་དང་བླ་མའི་མཚང་འདྲུ་བ་དང༌། བཀྲ་མི་ཤིས་པར་ལུང་སྟོན་པ་ལ་སོགས་པ་ངན་པའི་རྟགས་དུས་རྣམ་པ་གསུམ་དུ་བྱུང་ན། སྲུང་བ་རྣམ་པ་གསུམ་གཅེས་ཏེ། དེ་ནས་གཞོན་ནུ་མའི་མཆོད་པ་བསྐྱར་ལ་བྱའོ། །སྲུང་བ་གསུམ་ནི། དཔའ་བོའི་གོ་ཆ་དང༌། དཔའ་མོའི་གོ་ཆ་དང༌། སུམྦྷ་ནིའི་སྔགས་བཟླས་སོ། །བཅུ་པ་བཟོད་པར་གསོལ་ཞིང་སྨོན་ལམ་རྒྱ་ཆེན་པོ་གདབ་པའོ། །བཅུ་གཅིག་པ་ཡོན་དབུལ་ལ་གཤེགས་སུ་གསོལ་བའོ། །བཅུ་གཉིས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མཐའ་དག་འབྱུང་བའི་ཕན་ཡོན་བསྟན་པ་སྟེ། སྤྱི་དོན་དྲུག་པ་དགོས་པ་ཡང་ཐུན་མོང་དུ་བསྟན་པ་ཡིན་ནོ། །གཞོན་ནུ་མའི་མཆོད་པ་བསྟན་ཟིན་ཏོ།།  །།ལྔ་པ་གནས་སྐབས་ཐམས་ཅད་དང་འབྲེལ་པ་གཏོར་མའི་ཆོ་ག་ནི། ཤ་ལ་སོགས་པས་ཉེ་བར་བཀང་བའི་རྫས་མདུན་དུ་ཉེ་བར་བཞག་པ་ལ་ཆང་ལ་སོགས་པས་སྦྱང་སྟེ། སུམྦྷ་ནིའི་སྔགས་ཀྱིས་བགེགས་སྦྱང༌། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསྒོམ། ཡྃ་ལས་རླུང༌། རྃ་ལས་མེ། ཀྃ་ལས་ཐོད་པ་གསུམ་གྱི་སྒྱེད་པུའི་སྟེང་དུ། ཨཱཿདམར་པོ་ལས་ཐོད་པ་དཀར་པོའི་ནང་དུ། ཤར་དུ་ཨོཾ་ལས་དྲི་ཆེན། ལྷོར་ཏྲཱྃ་ལས་རཀྟ། ནུབ་ཏུ་ཨཱྃ་ལས་བྱང་སེམས། བྱང་དུ་ཁྃ་ལས་ཀླད་པའམ་གཞུངས་པ། དབུས་སུ་ཧཱུྃ་ལས་དྲི་ཆུ། བྱང་ཤར་དུ་ལ་ལས་ཁྱི་ཤ། ཤར་ལྷོར་མྃ་ལས་བ་ལང་གི་ཤ། ལྷོ་ནུབ་ཏུ་པྃ་ལས་རྟའི་ཤ། ནུབ་བྱང་དུ་ཏྲཱྃ་ལས་གླང་པོ་ཆེའི་ཤ། དབུས་སུ་ཧཱུྃ་ལས་མིའི་ཤའོ། །དེའི་སྟེང་དུ་ཟླ་བ། དེའི་སྟེང་དུ་ཧཱུྃ་ལས་ཁ་ཊྭཱཾ་ག་རྩེ་མོ་ཐུར་ལ་བལྟ་བ་ཧཱུྃ་གིས་མཚན་པའོ། །དེའི་ཡང་སྟེང་དུ་ཨོཾ། དེའི་སྟེང་དུ་ཨཱཿ དེའི་སྟེང་དུ་ཧཱུྃ་བསམ་པར་བྱའོ། །དེ་ནས་རླུང་གིས་མེ་སྦར། མེས་ཐོད་པ་བསྲོས། ཐོད་པའི་ནང་གི་རྫས་རྣམས་ཉི་མ་གཞོན་ནུའི་འོད་ལྟར་དམར་སེར་དུ་བསམ་པར་བྱའོ། །དེ་ནས་ཡི་གེ་གསུམ་ལས་སྐུ་གསུང་ཐུགས་ཀྱི་ལྷའི་འཁོར་ལོ་འོད་ཟེར་དུ་འཕྲོས་ནས་སེམས་ཅན་གྱི་དོན་བྱས་ནས་ཚུར་འདུས་ནས། ཡི་གེ་དེ་དག་ཉིད་ལ་ཞུགས་པར་བསམ་པར་བྱའོ། །དེ་ནས་ཡི་གེ་གསུམ་པོ་ཐོད་པའི་ནང་དུ་ལྷུང་སྟེ་ཞུ་བས། ཨོཾ་གྱིས་ཁ་དོག་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་པར་བསམ། ཨཱཿཡིས་དྲི་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་པར་བསམ། ཧཱུྃ་གིས་རོ་བཅུད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་པར་བསམ། ཁ་ཊྭཱཾ་ག་ལས་བདུད་རྩིའི་རྒྱུན་བབས་པས། ཁ་ཊྭཱཾ་ག་ཡང་ཞུ་ཞིང་ལྷུང་བས་ནུས་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་བསམ་ཞིང་ངག་ཏུ། ཨོཾ་ཨཱཿཧཱུྃ། ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་འབར་བའི་ཕྱག་རྒྱ་དང༌། ཨོཾ་ཨ་རལླིའི་སྔགས་ཀྱིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དུར་ཁྲོད་བརྒྱད་འཁོར་དང་བཅས་པ་སྤྱན་དྲངས་ལ། མདུན་དུ་བཞུགས་སུ་གསོལ་ཏེ། མཆོད་པ་ལྔ་དང༌། བདུད་རྩིའི་མཆོད་པས་ཀྱང་མཆོད་ལ། འདོད་པའི་དོན་ལ་གསོལ་བ་བཏབ་ནས། ལྷ་མོ་ཚད་མ་སོགས་ཀྱིས་སྨོན་ལམ་བཏབ། ཆོས་ཐམས་ཅད་བདག་མེད་པར་དྲན་པར་བྱས་ལ། ལག་པ་རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ། ཡིད་ཀྱིས་བདུད་རྩི་རྣམས་ཕྱག་ཏུ་བཞག་པས། ལྗགས་རྡོ་རྗེའི་འོད་ཀྱི་སྦུ་གུས་གསོལ་བར་བསམ་ཞིང༌། ཨོཾ་གསུམ་མའི་སྔགས་ལ་བཛྲ་ཨ་རལླིའི་སྔགས་བཏགས་ལ། ཡེ་ཤེས་པ་རྣམས་མཉེས་པར་བྱའོ། །དེ་ནས་ཡང་གཏོར་མ་གཉིས་པ་ཡོད་ཀྱང་རུང༌། དེ་ཉིད་ལ་ཡང་རུང་སྟེ། དུར་ཁྲོད་ཆེན་པོ་བརྒྱད་ལ་གནས་པའི་ཕྱོགས་སྐྱོང་རྣམས་ལ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། ལ་སོགས་པའི་སྔགས་ཀྱིས་ཕྱོགས་རྣམས་ལ་གཡོན་སྐོར། མཚམས་རྣམས་ལ་གཡས་སྐོར་དུ་ཕུལ་བས། དེ་རྣམས་ཀྱིས་བདུད་རྩི་མྱངས་པས་བདེ་བ་ཆེན་པོ་ཐོབ་པར་བསམས་ལ་འབུལ། དེ་ནས་མཆོད་པ་ལ་སོགས་པས་མཆོད་ལ། རྗེ་བཙུན་མའི་སྔགས། རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་ལ། མངོན་པར་འདོད་པའི་དོན་ལ་གསོལ་བ་གདབ་བོ། །ལྷག་ཆད་ཁ་བསྐང་བའི་དོན་དུ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་དོ། །དེའི་རྗེས་ལ་ཨོཾ་བཛྲ་མུཿ ཞེས་བརྗོད་པས། པད་ཀོར་གྱི་ཕྱག་རྒྱ་བསྐོར་བས་དགྱེས་པར་བྱས་ལ། ལྷ་མོའི་མགྲོན་མི་དམིགས་པར་བྱའོ། །དེ་ནས་ཚོགས་ཀྱི་ཆོ་ག་དང་འབྲེལ་ན་ལྷག་མ་རྣམས་བསྡུས་ལ་བྱ། ལྷག་མ་མེད་ན་ཡང་ཆང་གིས་ཁ་བཀང་ལ་འབར་བའི་ཕྱག་རྒྱ་བྱས་ལ། ཨོཾ་ཕཻཾ་ཞེས་བྱ་བའི་ཁ་ཕྲུས་གཏོར་མ་དེ་ཉིད་སྣོད་གཅིག་ཏུ་བཏབ་ལ། ཨོཾ་སརྦ་བྷཀྵ། ཞེས་པའི་སྔགས་ཀྱིས་བཏབ་ལ། ལྷག་མ་ལ་དགའ་བ་རྣམས་ཚིམ་པར་བྱས་ཏེ་སེ་གོལ་གཏོགས་ལ་རང་གི་གནས་སུ་གཏང་བར་བྱའོ། །གཏོར་མའི་ཆོ་ག་བསྟན་ཟིན་ཏོ།།  །།དྲུག་པ་སྦྱིན་སྲེག་ལ་གཉིས། ནང་གི་ནང་དང་ཕྱིའིའོ། །དང་པོ་ནི་ཁ་ཟས་བདུད་རྩིར་བྱིན་གྱིས་བརླབས་ནས། རྡོ་རྗེ་རྣལ་འབྱོར་མར་བསྒོམ་སྟེ། སྙིང་གའི་བྃ་ཡིག་ལས་མེ་འབར་བའི་དབུས་ན་བཞུགས་པ་ཚིམ་པའི་བསམ་པས་ཟ་བ་སྟེ། འདི་ནི་ཚོགས་དང་ཁ་ཟས་དང་འབྲེལ་པ་ཡིན་ནོ། །ཕྱིའི་སྦྱིན་སྲེག་ནི་ལས་བཞི་དང་འབྲེལ་པ་སྟེ། སྒྲུབ་པ་པོ་ཆོས་གོས་དང་ལྡན་པས་ཐབ་བྱ་བ་ནི་ལས་བཞི་ཀའི་ཐབ་ཁུང་གཅིག་སྟེ། ཆོས་ཀྱི་འབྱུང་གནས་ཀྱི་དབྱིབས་ཅན། རྩེ་མོ་བདག་ལ་བསྟན་པ། རྒྱར་ཁྲུ་གང་ཟབས་སུ་ཁྲུ་ཕྱེད་པ་ཁ་དོག་དམར་པོས་བྱུགས་པའི་ལྟེ་བར་རྡོ་རྗེ་དམར་པོར་བྲི། སོར་གསུམ་ཕྱིར་དོར་བ་ལ་གྲི་གུག་གི་ཕྲེང་བ་བྲི། སོར་གསུམ་དཔངས་སུ་བརྩིགས་པ་ལ་རྡོ་རྗེ་ཕྲེང་བ་བྲི། ལས་དང་རྗེས་སུ་མཐུན་པའི་ཤིང་བརྩིག སུམྦྷ་ནིའི་སྔགས་ཀྱིས་བསྲུང་ཞིང་རྡོ་རྗེའི་རྭ་བ་དང་གུར་ལ་སོགས་པ་སྐད་ཅིག་གིས་བསམ། ཨརྒྷཾ་ལ་སོགས་པ་མཆོད་པའི་རྫས་དང༌། སུམྦྷ་ནིའི་སྔགས་བཟླས་པའི་བུམ་པ་གཡས་སུ་བཤམ། བསྲེགས་རྫས་དང་གཏོར་མ་གཡོན་དུ་བཤམ། རྡོ་རྗེ་དྲིལ་བུ་དང༌། དགང་གཟར། བླུགས་གཟར། ཐོད་པར་ཆང་ལ་བདུད་རྩི་སྦྱར་བ་རྣམས་མདུན་དུ་བཞག བདག་གི་རྣལ་འབྱོར་རྫོགས་པར་བསྒོམས་ལ་མཆོད། དེ་ནས་བཟླས་པ་ཅུང་ཞིག་བྱ། ཐབ་ཏུ་མེ་སྦར་ལ། སུམྦྷ་ནིས་བགེགས་བསང༌། སྭ་བྷཱ་ཝས་སྟོང་པར་བསྒོམ། སྐད་ཅིག་མས་བྲིས་པ་དང་རྗེས་སུ་མཐུན་པའི་ཐབ་བསྐྱེད། ཐབ་ཀྱི་དབུས་སུ་རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ལས། འཇིག་རྟེན་པའི་མེ་ལྷ་དམ་ཚིག་པ་བསྐྱེད་པར་བྱ་སྟེ། དེ་ལ་དམ་ཚིག་པ་བསྐྱེད་པ་དང༌། ཡེ་ཤེས་པ་དགུག་པ་དང༌། མཆོད་པས་མཆོད་པ་དང༌། བསྲེག་རྫས་འབུལ་བ་དང༌། མཆོད་ཅིང་བསྟོད་པ་དང༌། དེ་ལ་དངོས་གྲུབ་བླང་བ་དང༌། གཏོར་མ་བཏང་བའོ། །འཇིག་རྟེན་ལས་འདས་པའི་མེ་ལྷ། འཇིག་རྟེན་པའི་མེ་ལྷའི་ཐུགས་ཀར་ཆོ་ག་རྫོགས་པར་བསྐྱེད་པ་དང༌། དེ་ལ་མཆོད་ཅིང་བསྲེག་རྫས་འབུལ་བ་དང༌། ཡང་མཆོད་ཅིང་བསྟོད་དེ་བཟོད་པར་གསོལ་བ་དང༌། གཏོར་མ་བཏང་ནས་ཡང་ཡང་གསོལ་བ་བཏབ་སྟེ་གཤེགས་སུ་གསོལ། ཡང་འཇིག་རྟེན་པའི་མེ་ལྷ་ལྷག་མས་མཆོད་ཅིང་འདོད་པའི་དོན་བླངས་ནས། བཟོད་པར་གསོལ་ཏེ་གཤེགས་སུ་གསོལ་བ་དང༌། ལྷག་ཆད་ཁ་བསྐང་བའི་དོན་དུ་ཡི་གེ་བརྒྱ་པ་བརྗོད་པ་རྣམས་ནི་གཞུང་ཉིད་དུ་ཤིན་ཏུ་གསལ་ལོ། །འདིར་ཡང་སྦྱིན་སྲེག་འདི་ཆ་དྲུག་པ་ཞེས་གསུངས་ཏེ། ཆ་དང་པོ་སྒྲུབ་པའི་ཆས་གོས་དང༌། གཉིས་པ་ཐབ་དང་འབྲེལ་པ། གསུམ་པ་འཇིག་རྟེན་པའི་མེ་ལྷ་མཆོད་པ་དང༌། བཞི་པ་འདས་པའི་མེ་ལྷ་མཆོད་པ་དང༌། ལྔ་པ་གཏོར་མ་བཏང་བ་དང༌། དྲུག་པ་འཇིག་རྟེན་པ་མཆོད་པས་མཆོད་པའོ། །སྦྱིན་སྲེག་བསྟན་ཟིན་ཏོ།།  །།བདུན་པ་སྲུང་བའི་འཁོར་ལོ་བྲི་བ་ནི་དཔེ་ཆུང་དང༌། གཞུང་ཉིད་ན་ཤིན་ཏུ་གསལ་ལོ། །འཁོར་ལོ་རབ་ཏུ་གནས་པར་བྱེད་པར་འདོད་ན། འཁོར་ལོ་གཞི་གཙང་མར་བཞག གཏོར་མ་དང་མཆོད་པ་ཅི་འབྱོར་བཤམ། བདག་གི་རྣལ་འབྱོར་བསྒོམ་བཟླས་བྱ། དེ་ནས་ཙཀྲ་མི་དམིགས་ཏེ། སྟོང་པ་ལས་པད་ཟླའི་སྟེང་དུ་བྃ་ཡིག་དཀར་པོ། དེ་ལས་འཁོར་ལོ་ཇི་ལྟ་བ་བཞིན་བསྐྱེད་ལ། དེ་ལས་ཡེ་ཤེས་ཀྱི་འཁོར་ལོ་དཀར་པོ། དེ་འདྲ་བ་ཅིག་སྤྱན་དྲང་ལ་བསྟིམ། མཆོད་པ་ཅི་འབྱོར་གྱིས་མཆོད། གཏོར་མ་ཆོས་སྐྱོང་ལ་ཕུལ་ལ་བར་ཆད་ཞི་བར་གསོལ་བ་གདབ་བོ། །དེ་ནས་ལུས་ལ་བཅང་བ་དང༌། གནས་དབེན་པར་བཞག་སྟེ། མཆོད་པ་བྱ་སྟེ་བཅང་པའི་ལུགས་གཉིས་ནི་གཞུང་ཉིད་དུ་གསལ་ལོ། །སྲུང་བའི་འཁོར་ལོ་བསྟན་ཟིན་ཏོ།།  །།བརྒྱད་པ་སུམྦྷ་ནིའི་ཆོ་ག་ནི། བསྙེན་པ་སྔོན་དུ་སོང་བ་ཅིག་གིས་འགྲུབ་པར་འགྱུར་རོ། །དེ་ནས་འཁོར་ལོ་བྲི་བ་ནི། དཔེ་ཆུང་དང་གཞུང་ཉིད་དུ་གསལ་ལོ། །དེ་ལྟར་བྲིས་པའི་འཁོར་ལོ་དེ། ལ་ཅའི་རི་ལུའི་ནང་དུ་བཅུག་པ་བདུན་བྱའོ། །སྒྲུབ་པ་ཚར་བ་དང་ལས་སྦྱོར་གྱི་དུས་སུ་མེའི་འཁོར་ལོ་ཞེས་བྱ་བ་གཡོས་རྒྱུན་མ་ཆད་པའི་སྒྱེད་པུའི་འོག་ཏུ་བཅུག་ཀྱང་ལོ་གཅིག་ལ་སོགས་པའི་འོག་ཏུ་མ་ཤི་ན་སྤོགས་ཆོག་ནི། ཀླུ་གནས་པའི་ཆུ་མིག་གི་ངོས། སློབ་དཔོན་འདིའི་བཞེད་པ་ཀླུའི་ཆོས་འབྱུང་དུ་བཞེད་པས། དེའི་ནང་དུ་ཕུར་བུ་བཏབ་ལ། དེར་རང་ལྷའི་ང་རྒྱལ་དང་ལྡན་པས་ཟླ་བ་རེ་ལ་རི་ལུ་རེ་བསྐྱུར་ན། ཟླ་བ་བདུན་གྱིས་དགྲ་རྣམས་ངེས་པར་འཆི་བར་འགྱུར་རོ། །སུམྦྷའི་ཆོ་ག་བསྟན་ཟིན་ཏོ།།  །།དེ་ནས་དགུ་པ་བསྒོམས་པས་ཕྱིར་བཟློག་པ་ནི། གནས་དབེན་པར་སྟན་བདེ་བ་ལ་འདུག་ལ། བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ། རང་རྡོ་རྗེ་རྣལ་འབྱོར་མར་བསྒོམ། སྙིང་གའི་བྃ་ལས་འོད་འཕྲོས་པས། རང་གི་ཕྱི་རོལ་དུ་རྩིབས་བཅུ་པའི་འཁོར་ལོ། དེའི་དབུས་སུ་རྩིབས་དྲུག་པའི་ལྟེ་བ་ན་རང་རྡོ་རྗེ་རྣལ་འབྱོར་མར་བསྒོམ། རྩིབས་དྲུག་ལ་གོ་ཆའི་རྣལ་འབྱོར་མ་དྲུག་བསྐྱེད། ཕྱིའི་རྩིབས་བརྒྱད་ལ་སྒོ་མཚམས་མ་བརྒྱད། དེ་རྣམས་ནི་གཞུང་གཞན་དང་མཐུན་པ་བཞིན་བསྐྱེད། སྟེང་འོག་གཉིས་སུ་མཁའ་སྤྱོད་དང་ས་སྤྱོད་གཉིས་ནི་སྐུ་མདོག་ནག་མོ་གྲི་གུག་དང་ཐོད་པ་འཛིན་པའོ། །དེ་ལྟར་བསྐྱེད་ལ་ཡེ་ཤེས་པ་གཞུག་པ་དང༌། མཆོད་བསྟོད་བདུད་རྩི་མྱང་བ་བྱ་སྟེ། སྔགས་བཟླས་པ་དང༌། ལྷ་རྣམས་ཞལ་ཕྱིར་གཟིགས་ཤིང༌། འཁོར་ལོ་གཡོན་དུ་འཁོར་བས་གནོད་བྱེད་རྣམས་ཚར་གཅོད་པར་བསྒོམ་པ་འདི་ནི། བསྒོམས་པས་ཕྱིར་བཟློག་པའི་ཆོ་ག་བསྟན་ཟིན་ཏོ།།  །།བཅུ་པ་བྲིས་པས་ཕྱིར་བཟློག་པ་ནི། བསྒོམས་པ་ལ་གོ་ཆ་གྱོན་པ་ལ་སོགས་པའི་རྨི་ལམ་བཟང་པོ་བྱུང་ན་བྲི་བར་བྱ་སྟེ། བྲི་གཞི་རས་སམ་ཤོག་བུ་ལ། གུར་གུམ་གྱིས་སམ། གི་ཝང་གིས་བསྒོམས་པ་དང་རྗེས་སུ་མཐུན་པའི་དཀྱིལ་འཁོར་བྲིས་ལ། ལྟེ་བ་ལ་ཨོཾ་གསུམ་མ་ལ་རཀྵཿསྤེལ་བ་བྲི། རྩིབས་རྣམས་ལ་རང་རང་གི་སྔགས་ལ་རཀྵཿསྤེལ་ལ་བྲི། མུ་ཁྱུད་ལ་ཕྱིར་བཟློག་གི་སྔགས་ལ་རཀྵཿསྤེལ་བ་བྲིས་ལ། རབ་གནས་བསྲུང་བའི་གནས་སྐབས་སུ་བསྟན་པ་བཞིན་བྱ་སྟེ། ལུས་ལ་བཅངས་ན་བར་དུ་གཅོད་པ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །བྲིས་པས་ཕྱིར་བཟློག་པ་བསྟན་ཟིན་ཏོ།།  །།ལས་བཅུ་པོ་འདི་ནི་རྡོ་རྗེ་རྣལ་འབྱོར་མ་ཐམས་ཅད་ཀྱི་ལག་ལེན། མ་ཚང་བ་རྣམས་ཚང་བར་བྱེད་པ་ཡིན་མོད་ཀྱི། གཙོར་ཞལ་གཉིས་མ་ཆུང་བར་གྲགས་པ་དང༌། སྔགས་ཀྱི་དེ་ཉིད་གྲུབ་པའི་ལག་ལེན་ཡིན་ནོ། །དེས་ན་འདི་གསུམ་ནི་ཨིནྡྲ་བྷཱུ་ཏིའི་ཆོས་གསུམ་ཞེས་བྱ་བ་ཡིན་ནོ། །འདིའི་བརྒྱུད་པ་ནི། རྡོ་རྗེ་རྣལ་འབྱོར་མའི་སྲས་སམ་སློབ་མ་ནི་ལྭ་བ་པ་ཡིན་ལ། དེའི་སློབ་མ་ཨིནྡྲ་བྷཱུ་ཏི། དེས་ལྕམ་ལེགས་སྨིན་ལ། དེས་རྗེ་བཙུན་བིརྺ་པ་ལ། དེས་ཨ་བི་ཛུ་ཀ་ཏ་བྱ་བ་ལ། རྡོ་རྗེ་རྣལ་འབྱོར་མའི་ཆོས་ཐམས་ཅད་ཧ་དུ་དཀར་པོས་གསན་སྐད། ཡང་བིརྺ་པ་ལས་ཤ་བ་རི་པས། དེས་མེ་ཏྲཱི་པ་ལ། དེས་རྒྱ་གར་ཕྱག་ན་རྡོ་རྗེ་ལ། དེ་ལ་བླ་མ་ཧ་དུ་དཀར་པོས་གསན་གསུང་སྐད། ཕྱིས་བླ་མ་ཧ་དུ་དཀར་པོས་རྡོ་རྗེ་རྣལ་འབྱོར་མ་ཐམས་ཅད་ཀྱི་རྒྱུད་ཀྱི་མན་ངག་དང་བཅས་པ་རྡོ་རྗེ་རྣལ་འབྱོར་མ་ཉིད་ལས་གསན་གསུང་སྐད། བླ་མ་ཧ་དུ་དཀར་པོ་ལས་བལ་པོ་ལོ་ཙཱ་བ་ཡེ་ཤེས་རྡོ་རྗེས་གསན། དེ་ལ་རྗེ་བཙུན་ས་སྐྱ་པ་ཆེན་པོས་གསན་ནོ། །རྗེའི་ཞལ་ནས་རྡོ་རྗེ་རྣལ་འབྱོར་མ་མང་དུ་ཐོས་ནའང་ཨིནྡྲ་བྷཱུ་ཏིའི་ཆོས་གསུམ་པོ་འདི་ཀ་ལེགས་པར་འདུག་གསུང༌། དེའང་ཞལ་གཉིས་མ་ཆུང་བ་དང༌། སྔགས་ཀྱི་དེ་ཉིད་གྲུབ་པ་སྟེ་ཆོས་གཉིས་ནི་མི་དབང་ཉིད་ཀྱིས་མཛད་ལ། ལས་བཅུ་འདི་ནི་གདམས་ངག་སྙན་བརྒྱུད་རྣམས། བླ་མ་བྷ་རེནྡྲ་རུ་ཙིས་གཞུང་དུ་བཀོད་པ་ཡིན་ནོ། །མི་ཉག་འགའ་ཡི་ཡུལ་དུ་སྐྱེས་པ་ཡི། །ཙིང་ངེ་སྟོན་པ་དགེ་སློང་ཤེས་རབ་གྲགས། །དེ་ཡིས་གསོལ་བ་བཏབ་ནས་ལས་བཅུ་ཡི། །གསལ་བྱེད་དཔལ་ལྡན་ས་སྐྱར་འབད་དེ་སྦྱར། །དགེ་བ་དེས་ནི་ནམ་མཁའི་མཐས་གཏུགས་པའི། །འགྲོ་ཀུན་ལོག་པའི་ལམ་དང་བྲལ་གྱུར་ནས། །ཟབ་མོའི་ལམ་དང་ཕྲད་པར་གྱུར་ནས་ནི། །བྱང་ཆུབ་དམ་པ་མྱུར་དུ་ཐོབ་འགྱུར་ཤོག །ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་ཞལ་གདམས་ཡི་གེར་བཀོད་པ་རྫོགས་སོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*