སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་མན་ངག

༼ཉ༽

༄༅། །སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་མན་ངག་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། དཔལ་ལྡན་བླ་མ་རྡོ་རྗེ་རྣལ་འབྱོར་མའི། །ཞབས་ལ་དད་པས་གུས་པར་ཕྱག་འཚལ་ནས། །སྔགས་ཀྱི་དེ་ཉིད་ཀྱི་དེ་ཉིད་བྱིན་གྱིས་རློབ་པ་ཡི། །ལག་ཏུ་བླང་བའི་རིམ་པ་གསལ་པོར་བྲི། །འདིར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་རྫོགས་པའི་རིམ་པ་ལུས་ལ་རང་བཞིན་གྱིས་གྲུབ་པ་ཡི་གེའི་རྣམ་པར་གནས་པ། གཞན་ལས་ཁྱད་པར་དུ་འཕགས་པའི་གདམས་ངག སློབ་དཔོན་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པ་ཡིན་ཏེ། དེ་ཡང་ལུས་ལ་ཡུལ་ཉི་ཤུ་རྩ་བཞི་རྩ་གསུམ་དང་བཅས་པའི་ནང་དུ་རྗེ་བཙུན་མའི་སྔགས་ཀྱི་ཡི་གེ་སུམ་ཅུ་སོ་གཉིས་བསྒོམས་ནས་དེ་ལ་སེམས་ཟིན་ཏེ། ཏིང་ངེ་འཛིན་སྐྱེས་པ་དང༌། བདག་མེད་པའི་ལྟ་བ་དང་བསྲེས་ནས་བསྒོམས་ན། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་དང༌། སངས་རྒྱས་ཀྱིས་ཐོབ་པར་བྱེད་པ་ཡིན་ནོ། །དེ་ཡང་བློ་རབ་ཀྱིས་ཡི་གེ་ཐམས་ཅད་དུས་གཅིག་ཏུ་བསམ་པ་ཡིན་ནོ། །ལས་དང་པོ་པ་བློ་སྦྱོང་བའི་ཚེ། ཡི་གེ་དང་པོ་ལ་དམིགས་པ་བརྟན་པ་དང༌། ཡི་གེ་གཉིས་པ་ལ་སོགས་པ་དམིགས་པ་སུམ་ཅུ་རྩ་གཉིས་རིམ་གྱིས་བསྒོམ་པ་ཡིན་ནོ། །དེ་ལྟར་དེ་དག་བརྟན་པ་དང་ས་དང་པོ་ཡན་ཆད་ཀྱི་འབྲས་བུ་ངེས་པར་འགྲུབ་པ་ཡིན་ནོ། །ཡང་ལས་སོ་སོར་འགྲུབ་པར་འདོད་ན། གནས་རེ་རེའི་ཡི་གེ་རེ་རེ་བསྒོམས་པས་ཇི་སྐད་བཤད་པའི་འབྲས་བུ་སོ་སོར་འགྲུབ་པ་ཡིན་ནོ། །དེ་ཡང་ཇི་ལྟར་བསྒོམ་ཞེ་ན། རྗེ་བཙུན་མའི་བསྐྱེད་པའི་རིམ་པ་སྔོན་དུ་སོང་ནས་སྤྱི་བོ་པུལླཱི་ར་མཱ་ལ་ཡའི། པུའི་ནང་དུ་ཡི་གེ་ཨོཾ་ཉི་མའི་མདོག་ཅན་ཆོས་སྐུའི་རང་བཞིན་ཅན་བསྒོམས་ན་ཆོས་སྐུ་འཐོབ་པར་འགྱུར་རོ། །པུའི་གཡོན་རྐྱང་མའི་ཡར་རྩེར་ཡི་གེ་ཨོཾ་འཇའ་ཚོན་གྱི་རྣམ་པ་ཅན་དུ་གསུང་བྲག་ཆ་ཅན་དུ་བསྒོམས་ན་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་པར་འགྱུར་རོ། །པུའི་གཡས་ཕྱོགས་རོ་མའི་ཡར་རྩེར་ཡི་གེ་ཨོཾ་ཁ་དོག་དཀར་པོ་སྣང་ལ་རང་བཞིན་མེད་པ་ཆུ་ཟླའམ་མེ་ལོང་གི་གཟུགས་བརྙན་ལྟ་བུར་བསྒོམས་ན་སྤྲུལ་པའི་སྐུ་འཐོབ་པར་འགྱུར་རོ། །འདི་མན་ཆད་ཀྱི་ཡི་གེ་རྣམས་ནི་ཁ་དོག་སོ་སོ་ཡིན་མོད་ཀྱི། ཐམས་ཅད་ཀྱང་བདེ་བ་གསལ་བ་སྣང་ལ་སྟོང་པ་འོད་ཟེར་རབ་ཏུ་འཕྲོ་བའི་ངོ་བོ་ཅན་དུ་བསྒོམ་པ་ནི་མཐུན་ནོ། །ཐམས་ཅད་ལ་ཡང་གནས་སྐབས་ཀྱི་འབྲས་བུ་སོ་སོ་ཡིན་མོད་ཀྱི། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་པ་ནི་ཐམས་ཅད་མཐུན་ནོ། །དེའང་སྨིན་མཚམས་ཀྱི་རའི་སྟེང་དུ་ས་ཡིག་འོད་ཟེར་སྣ་ཚོགས་ཅན་བསྒོམས་ན་ཐུན་མོང་གི་དངོས་གྲུབ་སྣ་ཚོགས་འགྲུབ་བོ། །སྤྱི་གཙུག་ཛཱ་ལནྡྷ་རའི་ཛའི་གནས་སུ་རྦ་ཁ་དོག་དམར་པོ་བསྒོམས་ན་ཕྲིན་ལས་དང་རྫུ་འཕྲུལ་སྣ་ཚོགས་དང༌། འཕོ་བ་དང༌། གྲོང་འཇུག་ལ་ཐོགས་པ་མེད་པར་ནུས་སོ། །རྣ་བ་གཡས་པ་ཨཽ་ཌྱན་གྱི་ཨོའི་གནས་སུ་བུད་ཁ་དོག་དཀར་པོ་བསྒོམས་ན་མངོན་པར་ཤེས་པ་དྲུག་འཐོབ་པར་འགྱུར་རོ། །ལྟག་པ་ཨརྦུ་ཏའི་ཨའི་ནང་དུ། དྷ་ཡིག་ཁ་དོག་དམར་པོ་བསྒོམས་ན་གཉིས་སུ་མེད་པའི་རྟོགས་པ་མྱུར་དུ་སྐྱེ་བར་འགྱུར་རོ། །རྣ་བ་གཡོན་པ་གཽ་དཱ་ཝ་རཱིའི་ནང་དུ་ཌཱ་ཡིག་ཁ་དོག་དཀར་པོ་བསྒོམས་ན་མཁའ་སྤྱོད་མྱུར་དུ་འགྲུབ་པར་འགྱུར་རོ། །སྨིན་མའི་དབུས་སུ་རཱ་མེ་ཤྭ་རའི་ནང་དུ་ཀི་ཡིག་ཁ་དོག་དམར་པོ་ལས་འོད་བྱུང་ལུས་ཐམས་ཅད་ལ་ཁྱབ་པར་བསྒོམས་ན་བདེ་བ་སྐྱེ་ཞིང་ནད་མེད་པར་འགྱུར་རོ། །མིག་གཉིས་དེ་ཝིའ་ཀོ་ཊའི་ནང་དུ་ནཱི་ཡིག་སྔོན་པོ་བསྒོམས་ན་ལྷའི་སྤྱན་ལྔའི་དངོས་གྲུབ་འཐོབ་པར་འགྱུར་རོ། །དཔུང་པ་གཉིས་མཱ་ལ་ཝའི་ནང་དུ། ཡེ་ཁ་དོག་སྔོ་དམར་བསྒོམས་ན། རྒ་བ་དང༌། འཆི་བ་མེད་པར་འགྱུར་རོ། །མཆན་ཁུང་གཉིས་ཀཱ་མ་རཱུ་པའི་ཀཱའི་ནང་དུ་བ་ཡིག་སྐར་མ་ལྟ་བུ་བསྒོམས་ན་འདོད་ཡོན་ཐམས་ཅད་འགྲུབ་པར་འགྱུར་རོ། །ནུ་མ་གཉིས་ཨོ་ཊེའི་ཨོའི་ནང་དུ་ཛྲ་དམར་སེར་བསྒོམས་ནས་དེའི་འོད་ཀྱིས། ཁམས་གསུམ་གྱི་བདུད་རྩི་སྤྱན་དྲངས་ནས་ལུས་ལ་ཐིམ་པར་བྱས་ན། ལུས་མདངས་དང་ལྡན་ཞིང་ལོ་སྟོང་ཕྲག་འཚོ་བར་འགྱུར་རོ། །ལྟེ་བ་ཏྲི་ཤ་ཀུ་ནེའི་ཏྲིའི་ནང་དུ་ཝ་ཡིག་ཁ་དོག་སྣ་ཚོགས་བསྒོམས་ནས་ལུས་ཐམས་ཅད་འོད་འབར་བར་བསམས་ན། ཉོན་མོངས་པ་མ་ལུས་པ་ཞི་བར་འགྱུར་རོ། །སྣ་རྩེ་ཀོ་ས་ལའི་ཀོའི་ནང་དུ་རྞཎ་མེའི་ཁ་དོག་ལྟ་བུ་བསྒོམས་ནས། བརྩེགས་པའི་ཡི་གེ་གསུམ་ལས་འོད་འབར་པས་བདེ་སྟོང་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་བསྒོམས་ན། དགའ་བ་བཞི་ལས་ལྷན་ཅིག་སྐྱེས་པ་མྱུར་དུ་སྐྱེ་བར་འགྱུར་རོ། །ཁ་ཀ་ལིཾ་གའི་ལྕེ་རྩའི་འདབ་མ་ཆུང་ངུའི་ཀའི་ནང་དུ་ནཱི་ཁ་དོག་སྔོན་པོ་ལས་འོད་དམར་པོ་འཕྲོ་བར་བསྒོམས་ན། མཉམ་གཞག་ལ་བདེ་བ་དང་རྗེས་ལ་སྒྱུ་མ་ལྟ་བུའི་ཉམས་མྱུར་དུ་སྐྱེ་བར་འགྱུར་རོ། །མགྲིན་པ་ལཾ་པ་ཀའི་མགྲིན་པའི་ཏོང་ཏོང་པའི་སྟེང་ལྃ་ཡིག་གི་ནང་དུ། ཡེ་ཡིག་ཁ་དོག་དམར་པོ་བསྒོམས་ན་རང་རིག་པའི་ཡེ་ཤེས་མྱུར་དུ་མཐོང་བར་འགྱུར་རོ། །སྙིང་ཀཱཉྩི་ཀའི་ཀ་ཡིག་གི་ནང་དུ་བ་འོད་དམར་པོར་བསྒོམས་ན་འོད་གསལ་གྱི་ས་མ་དྷི་མྱུར་དུ་འཐོབ་པར་འགྱུར་རོ། །འདོམ་པར་ཧི་མཱ་ལ་ཡའི་ཧི་ཡིག་གི་ནང་དུ་ཛྲ་དམར་པོ་བསྒོམས་ནས་དེའི་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲང་ཞིང༌། ནང་གི་སྦྱིན་སྲེག་བྱས་ན་རྣམ་པར་རྟོག་པ་ཞི་བར་འགྱུར་རོ། །རྟགས་ཀྱི་རྩེ་མོ་པྲེ་ཏ་པུ་རའི་པྲེ་ཡིག་གི་ནང་དུ་བཻ་ཡིག་ཁ་དོག་དཀར་པོ་གཡོན་དུ་མྱུར་དུ་འཁོར་བར་བསྒོམས་ན་ལྷན་སྐྱེས་མྱུར་དུ་འཐོབ་པར་འགྱུར་རོ། །བཤང་ལམ་གྲྀ་ཧ་དེ་ཝའི་གྲྀ་ཡིག་གི་ནང་དུ། རོ་ཡིག་ཁ་དོག་དམར་པོ་བསམས་ནས་དེའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་བསྒོམས་ན་སེམས་ཅན་དམྱལ་བ་འཇིག་པར་འགྱུར་རོ། །བརླ་གཉིས་སཽ་རཱཥྚའི་སཽ་ཡིག་གཉིས་ཀྱི་ནང་དུ་ཙ་ཡིག་ཁ་དོག་དཀར་པོ་བསྒོམས་ན། བདེ་བ་ཆེན་པོ་མྱུར་དུ་འཐོབ་པར་འགྱུར་རོ། །བྱིན་པ་གཉིས། སུ་ཝརྞ་དྭཱི་པའི་སུ་ཡིག་གཉིས་ཀྱི་ནང་དུ་ནཱི་ཡིག་སྔོན་པོ་བསྒོམས་ན་མཁའ་སྤྱོད་འཐོབ་པར་འགྱུར་རོ། །སོར་མོ་བཅུ་དྲུག་ན་ག་རའི་ནའི་ནང་དུ། ཡེ་ཡིག་སྔོ་བསངས་བསྒོམས་ན་རྒ་བ་དང་འཆི་བ་མེད་པར་འགྱུར་རོ། །དེ་ནས་བརྗོད་པའི་གོ་རིམ་གྱི་དབང་དུ་བྱས་ན་ཧཱུྃ་གསུམ་འཇུག་ཀྱང་ཡུལ་ཉི་ཤུ་རྩ་བཞིའི་དབང་དུ་བྱས་ན། ཕཊ་གསུམ་འབྱུང་བས་རྐང་པའི་བོལ་གཉིས་སིནྡྷུ་རའི་སི་གཉིས་ཀྱི་ནང་དུ། ཡི་གེ་ཕཊ་གསུམ་གསུམ་ཁ་དོག་དམར་པོ་མེ་རབ་ཏུ་འབར་བ་བསྒོམས་ན། དྲོད་སྐྱེ་ཞིང་ཉོན་མོངས་པ་རྣམས་བསྲེག་པར་འགྱུར་རོ། །རྐང་ལག་གི་མཐེ་བོང་བཞི་མ་རོའི་མ་ཡིག་བཞིའི་ནང་དུ། སྭཱ་ཁ་དོག་སྣ་ཚོགས་པ་བསྒོམས་ན། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མྱུར་དུ་སྐྱེ་བར་འགྱུར་རོ། །པུས་མོ་གཉིས་ཀུ་ལུ་ཏའི་ཀུ་གཉིས་ཀྱི་ནང་དུ་ཧཱ་ཡིག་རྡོ་རྗེ་ཕ་ལམ་གྱི་རྣམ་པ་སྟེ། དཀར་ལྗང་འོད་འབར་བ་གཉིས་བསྒོམས་ན་འཆི་བ་མེད་པ་སྟེ་མཁའ་སྤྱོད་མྱུར་དུ་འཐོབ་པར་འགྱུར་རོ། །དེ་ནས་འདོམ་པར་ཧི་མཱ་ལ་ཡ་དང་རྟགས་པྲེ་ཏ་པུ་རི་གཉིས་ཀྱི་བར་ན་རྩ་གསུམ་གྱི་མར་རྩེ་གནས་པ་ཡིན་ཏེ། དེ་ཡང་རྩ་གཡས་རོ་མ་མེའི་གསེབ་ཏུ་ཡི་གེ་ཧཱུྃ་བསྒོམས་པས། དག་པ་བཅུ་བཞི་མཚོན་ཏེ་ཁ་དོག་གཉིས་ལས་དམར་པོ་དང༌། ཉི་ཟླ་གཉིས་ལས་ཉི་མ་དང༌། སྲིད་པ་དང་མྱ་ངན་ལས་འདས་པ་གཉིས་ལས་སྲིད་པ་དང༌། སྤྲུལ་སྐུ་དང་ལོངས་སྐུ་གཉིས་ལས་སྤྲུལ་སྐུ་དང༌། ཉིན་མཚན་གཉིས་ལས་ཉིན་མོ་དང༌། རྣམ་ཤེས་དང་ཡེ་ཤེས་གཉིས་ལས་རྣམ་ཤེས་དང༌། དུས་དང་དུས་མིན་པ་གཉིས་ལས་དུས་དང༌། ཐབས་ཤེས་རབ་གཉིས་ལས་ཐབས་དང༌། ཀུན་རྫོབ་དོན་དམ་གཉིས་ལས་ཀུན་རྫོབ་དང༌། ལྷོ་བགྲོད་དང་བྱང་བགྲོད་གཉིས་ལས་ལྷོ་དང༌། ཁྲག་དང་ཁུ་བ་གཉིས་ལས་ཁྲག་དང༌། དབུགས་འབྱིན་པ་དང་འཇུག་པ་གཉིས་ལས་འབྱིན་པ་དང༌། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་གཉིས་ལས་ཉོན་མོངས་པ་སྟེ། དེ་རྣམས་དག་པ་དང་ཟད་པ་དང་ཆོས་མཐུན་པ་ཡིན་ནོ། །གཡོན་རྐྱང་མར་ཧཱུྃ་ཡིག་བསྒོམས་པས་ཀྱང༌། སྔ་མ་བཞིན་དུ་དག་པ་བཅུ་བཞི་དག་སྟེ། ཁ་དོག་དཀར་པོ་དང༌། ཟླ་བ་དང༌། མྱ་ངན་ལས་འདས་པ་དང༌། ལོངས་སྤྱོད་རྫོགས་པ་དང༌། སྟོང་པ་ཆེན་པོ་དང༌། མཚན་མོ་དང་ཡེ་ཤེས་དང༌། དུས་མིན་པ་དང༌། ཤེས་རབ་དང་དོན་དམ་པ་དང༌། བྱང་དུ་བགྲོད་པ་དང༌། བྱང་ཆུབ་ཀྱི་སེམས་འབབ་པ་དང༌། རླུང་ནང་དུ་འཇུག་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་མཚོན་ཞིང་དག་ལ་འཇོམས་པར་བྱེད་པ་ཡིན་ནོ། །དབུ་མའི་གནས་སུ་ཧཱུྃ་ཡིག་ཁ་དོག་སྔོན་པོ་བསྒོམ་པ་ཆོས་ཀྱི་སྐུ་སྟེ་གོང་མ་ཐམས་ཅད་ཀྱི་ཟུང་འཇུག་སྟོན་པར་བྱེད་པ་ཡིན་ནོ། །དེ་ལྟ་བུའི་ཧཱུྃ་གསུམ་ལས་མེ་འབར་ཏེ། ལྟེ་བའི་ཨྃ་འབར། དེས་སྙིང་གའི་ཧཱུྃ་འབར། དེས་སྤྱི་བོའི་ཨོཾ་དང་གསུམ་ཞུ་ནས་ལྟེ་བའི་ཨྃ་ལ་བབ་པའི་ཚུལ་དུ་བསམས་ཏེ། ཨཱ་ལི་དང༌། ཀཱ་ལི་ཞེས་བྱ་བ་གཡས་གཡོན་གྱི་རླུང་འགོག་པ་ཁ་སྦྱར་གྱི་དམིགས་པ་བྱས་ན་ཡེ་ཤེས་དང་དངོས་གྲུབ་ཐམས་ཅད་འབྱུང་བར་འགྱུར་རོ། །དེ་ནས་བདག་མེད་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་རང་ཤུགས་ཀྱི་རྒྱུ་ལ་སྐྱེས་པ་སྦྱངས་ན་རྡོ་རྗེ་འཆང་ཉིད་འཐོབ་པར་འགྱུར་རོ། །སྤྲོས་པ་དང་བྲལ་བའི་བཤད་པ་ཞིབ་ཏུ་གཞུང་ཉིད་ཀྱི་སྟེང་དུ་རྟོགས་པར་བྱའོ། །ཞལ་གཉིས་མའི་རྗེས་ལ་འདི་བསྟན་ཅིང༌། འདི་བཤད་པའི་རྗེས་ལ་སློབ་མ་རྗེས་སུ་གཟུང་ཞེས་བྱ་བ། ལས་བཅུ་བསྟན་པར་བྱའོ། །སྔགས་ཀྱི་དེ་ཉིད་སྒྲུབ་པའི་དོན་གསལ་འདི། །ཙིང་ངེ་འདུལ་བ་འཛིན་པས་གསོལ་བཏབ་ནས། །དཔལ་ལྡན་ས་སྐྱའི་དགོན་པར་འབད་དེ་བྲིས། །དགེ་དེས་འགྲོ་ཀུན་སྐུ་གསུམ་ཐོབ་པར་ཤོག །ཤཱ་ཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*