ཕག་མོ་ཞལ་གཉིས་མའི་སྒྲུབ་ཐབས།

༼ཉ༽

༄༅། །ཕག་མོ་ཞལ་གཉིས་མའི་སྒྲུབ་ཐབས་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བསྐལ་པའི་མེ་དང་འདྲ་བའི་འོད་ལྡན་ཞིང༌། །ཉི་མ་བྱེ་བ་ཚོགས་པའི་གཟི་བརྗིད་ཅན། །བདེན་གཉིས་ཟུང་འཇུག་རྡོ་རྗེ་རྣལ་འབྱོར་མ། །ཞལ་གཉིས་ལྡན་པ་དེ་ལ་ཕྱག་འཚལ་ལོ། །འདིར་དཔལ་རྡོ་རྗེ་རྣལ་འབྱོར་མ་ཞལ་གཉིས་མ་སྒྲུབ་པའི་ཐབས། དཔལ་ཨཽ་ཌྱན་གྱི་མི་དབང་ཨིནྡྲ་བྷཱུ་ཏི་མཛད་པའི་སྒྲུབ་པའི་ཐབས་ཀྱི་ལག་ཏུ་བླང་བའི་རིམ་པ་བརྗོད་པར་བྱའོ། །འདིར་སྒྲུབ་པ་པོ་དབང་དང་བྱིན་རླབས་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པས། སྟན་བདེ་བ་ལ་ཁ་ནུབ་ཏུ་བལྟས་ཏེ་འདུག་ལ། སྐྱབས་འགྲོ་བྱས་ནས་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམས་ལ། སྦྲང་ཆང་ངམ། བུར་ཆང་ངམ། སྦྱར་བའི་ཆང་གང་ཡང་རུང་བ་ཐོད་པར་བླུགས་ཏེ། བདུད་རྩི་ལྔ་དང་ལྡན་པར་བྱའོ། །དེ་ནས་ལག་པ་གཡོན་པའི་མཐེ་བོ་དང་སྲིན་ལག་སྦྱར་ཏེ། ཐོད་པའི་དཔྲལ་བ་རང་གི་མདུན་དུ་བསྟན་པའི་ཆང་གི་ནང་དུ་བཅུག་སྟེ། ཨོཾ་ཞེས་བརྗོད་ཅིང་གཡོན་སྐོར་གྱིས་ཆོས་འབྱུང་བྲི་ཞིང་ཨཱཿ ཞེས་བྱ་བ་དང་ཧཱུྃ་ཞེས་བརྗོད། དབུས་སུ་བཾ་ཞེས་བརྗོད་པས་ཕྱོགས་བཅུའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བདུད་རྩིའི་ཆར་ཕབ་ནས་ཐོད་པ་གང་བར་བསམ་ཞིང༌། ཨོཾ་ཨཱཿཧཱུྃཞེས་མང་དུ་བརྗོད་པར་བྱའོ། །བདུད་རྩི་མཐེབ་སྲིན་སྦྱར་བས་བླངས་ལ། དཔྲལ་བ་དང༌། མགྲིན་པ་དང༌། སྙིང་གར། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་བྱུག་གོ །ལུས་ཐམས་ཅད་ལ་གཏེར། མཆོད་པའི་རྫས་ཡོད་ན་སུམྦྷ་བཟླས་ཤིང་བསང༌། དེ་ནས་ལག་པ་གཡས་པའི་མཐེབ་སྲིན་གྱིས་བླངས་ལ་ལག་པ་གཡོན་པའི་མཐིལ་དུ། ཨོཾ་བྃ་བརྗོད་ཅིང་ཡི་གེ་ཁ་དོག་དམར་པོ་བསྒོམ་སྟེ། རྡོ་རྗེ་ཕག་མོར་མོས་པ་བྱ། མཐེའུ་ཆུང་གི་རྩ་བར་ཧྃ་ཡྃ་སྔོན་མོ་གཤིན་རྗེ་མར་མོས། སྲིན་ལག་ལ་ཧྲིཾ་མྃ་དཀར་མོ་རྨོངས་བྱེད་མར་མོས། གུང་མོ་ལ་ཧྲེཾ་ཧྲིཾ་སེར་མོ་སྦྱིན་བྱེད་མར་མོས། མཛུབ་མོ་ལ་ཧཱུྃ་ཧཱུྃ་ལྗང་གུ་སྐྱོད་བྱེད་མར་མོས། ཐེ་བོང་གི་རྩ་བར་ཕཊ་ཕཊ་དུད་ཁ་ཙཎྜི་ཀཱར་མོས་པ་བྱས་ལ། ཡང་ལག་པ་ཐམས་ཅད་ལ་གཏོར་ཞིང༌། ལག་པ་གཉིས་ཕན་ཚུན་མཉེས་ལ་ལུས་ཐམས་ཅད་ལ་བྱུག་ཅིང་གོ་ཆའི་སྔགས་བརྗོད་པར་བྱའོ། །དེ་ནས་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་སྣང་བ་དང་ལུས་དག་ཅིང་མི་དམིགས་པར་བྱ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་སྟོང་པ་དང་ངག་དག་པར་བྱས། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་པས་ཟུང་དུ་འཇུག་པ་སྟེ། ཡིད་དག་པར་བསམ་པར་བྱ། དེ་ནས་སྐད་ཅིག་མས་བདག་གི་ལུས་ཁམས་རྣམ་པར་དག་པའི་རང་བཞིན་གཞལ་ཡས་ཁང་དུ་བསྒོམ་མོ། །བདག་གི་ལྟེ་བའི་ཐད་སོར་ཨྃ་གྱུར་པའི་བྃ་ཡིག་དམར་པོ་ལས་བྱུང་བའི་རྡོ་རྗེ་རྣལ་འབྱོར་མ་ཕྱག་གཡས་པས་གྲི་གུག་འཕྱར་བ། གཡོན་པས་ཐོད་པ་ཁྲག་གིས་བཀང་པ་ཐུགས་ཀར་འཛིན་པ། གྲུ་མོའི་ཁུག་ན་ཡར་ཁ་ཊྭཱཾ་ག་དར་དཔྱངས་དང་དྲིལ་བུ་སིལ་སིལ་གྱི་སྒྲ་དང་ལྡན་པ། དབུ་སྐྲ་སིལ་བུ་ཐུར་དུ་གྲོལ་བ། གཅེར་བུ་ཞལ་གཉིས་ཀའང་སྤྱན་གསུམ་དང་ལྡན་པ། བུ་མོ་ལོ་བཅུ་དྲུག་ལོན་པའི་ཆ་བྱད་ཅན། རུས་པའི་རྒྱན་ཆ་ལྔ་དང་ལྡན་པ། སངས་རྒྱས་ལྔའི་རང་བཞིན་གྱི་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་ཅན། ཞབས་གཡོན་པའི་བརླ་ལ་གཡས་པའི་བྲང་བ་སྦྱར་བའི་སྐྱིལ་ཀྲུང་ཕྱེད་པའི་ཚུལ་གྱིས་པདྨ་དང་ཉི་མའི་སྟེང་དུ་རོ་མནན་པ། ཛཱ་བའི་མེ་ཏོག་གམ། སིནྡྷུ་རའི་མདོག་ལྟར་དམར་བ། རྩ་བའི་ཞལ་ནི་ཀུན་རྫོབ་རྣམ་པར་དག་པ་ཁྲོ་མོའི་ཞལ་ལ། གཡས་པ་ནི་དོན་དམ་པ་རྣམ་པར་དག་པ་ཕག་གི་གདོང་ངོ༌། དེའི་ཁ་དོག་ནི་ཞི་བ་ལ་ཁ་དོག་དཀར་པོར་བསྒོམ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོར་བསྒོམ་པར་བྱའོ། །དེ་ནས། བླ་མའི་མན་ངག་ལམ་གྱིས་ནི། །རིམ་པ་རྒྱས་པར་ཤེས་པར་བྱ། །ཞེས་འབྱུང་པས་ན་སྔར་བཞིན་ལག་པ་བྱིན་གྱིས་བརླབས་ལ་བྱིན་གྱིས་བརླབས་པའི་ལག་པའི་མཐིལ་ལྟེ་བར་རེག་ཅིང༌། ཨོཾ་བྃ་ཞེས་བརྗོད་ཅིང༌། ལྟེ་བར་ཨོཾ་བྃ་དམར་མོ་རྡོ་རྗེ་ཕག་མོར་མོས་པ་བྱའོ། །དེ་བཞིན་དུ་འོག་མ་རྣམས་ལ་ཡང་མཐེ་ཆུང་སྙིང་གར་རེག་ཅིང༌། སྲིན་ལག་ཁ་ལ་གུང་མོ་སྤྱི་བོ་རུ། མཛུབ་མོ་སྤྱི་གཙུག་ཏུ། མཐེབ་ཆེན་དཔུང་པ་ལ་རེག་པ་ཙམ་བྱ་ཞིང༌། ཡིག་འབྲུ་ངག་ཏུ་བརྗོད་པ་དང༌། ཡི་གེར་བསྒོམ་པ་དང༌། ལྷར་མོས་པ་བྱའོ། །དེ་ནས་འབར་བའི་ཕྱག་རྒྱ་དང༌། ངག་ཏུ་ཕཻཾ། ཞེས་བརྗོད་པས་ཡེ་ཤེས་འཁོར་ལོ་ནམ་མཁར་སྤྱན་དྲངས་ལ། ཅི་འབྱོར་པས་མཆོད་དེ། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས་བདག་གི་ལུས་ལ་བསྟིམ་པར་བྱའོ། །ཡང་འབར་བའི་ཕྱག་རྒྱ་དང༌། ངག་ཏུ་ཕཻཾ་ཞེས་བརྗོད་པ། དབང་བསྐུར་གྱི་ལྷ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་སྤྱན་དྲང་སྟེ། དབང་བསྐུར་བར་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པའི་ཆུས་བདག་གི་སྤྱི་བོ་ནས་མར་དབང་བསྐུར་བས། ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱངས་ཏེ། ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོའི་འཁོར་ལོའི་སྟེང་དུ་མི་བསྐྱོད་པས་དབུར་བརྒྱན་པར་བསམ་པར་བྱའོ། །དེ་ནས་མཆོད་ཡོན་ཞབས་བསིལ་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང་ནང་བདུད་རྩི་དང༌། བསྟོད་པའི་མཆོད་པ་སྟེ། བསྐྱེད་པའི་རིམ་པའོ། །དེ་ནས་རྫོགས་པའི་རིམ་པའི་རྣལ་འབྱོར་ནི་ཅིས་ཀྱང་འབྲེལ་པ་ཅན་དུ་བསྒོམ་སྟེ། གསང་གནས་འཁོར་ལོ་གྲུ་གསུམ་ཉིས་བརྩེགས་གཡས་གཡོན་གྱི་ཟུར་བཞི་ལ། གཡུང་དྲུང་རིས་འཁྱིལ་པ་བཞི། ལྟེ་བར་བྃ་གྱི་མཐའ་མར་ཨོཾ་གསུམ་མའི་སྔགས་ཀྱིས་བསྐོར་བ་གཡོན་དུ་འཁོར་བ་ལ་དམིགས་ལ། དེའི་འོད་ཀྱིས་ཕག་གདོང་གི་དཔྲལ་བ་ན་གཡུང་དྲུང་རིས་འཁྱིལ་པ་མྱུར་དུ་གཡོན་འཁོར་བ་དམིགས་ཤིང་རླུང་ཁ་སྦྱར་ཅི་རིགས་པ་ཅིག་བསྒོམ་པར་བྱའོ། །རྫོགས་པའི་རིམ་པའོ། །དེ་ལྟར་སྔོན་དུ་སོང་ནས་གང་ཟག་རིགས་གཉིས་ཏེ། ཐུན་མོང་གི་དངོས་གྲུབ་གཙོར་བསྒྲུབ་པར་འདོད་པ་དང༌། ཏིང་ངེ་འཛིན་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་འདོད་པའོ། །དང་པོ་ནི་ལྷའི་རྣལ་འབྱོར་ལ་དམིགས་པ་གཏད་ལ། ཨོཾ་གསུམ་མའི་བཟླས་བརྗོད་འབུམ་ཕྲག་བཞི་ལ་སོགས་པ་མང་དུ་བྱེད་པ་ཡིན་ནོ། །གཉིས་པ་ནི་དབང་བཞི་པའི་རྫོགས་པའི་རིམ་པའི་མན་ངག་བྱིན་རླབས་ཀྱི་རྒྱུན་བསྒོམ་པ་ཡིན་ཏེ། འདི་ལ་གསུམ། བདེ་བ་སྔོན་དུ་སོང་བའི་སྟོང་པ་དང༌། དྲོད་སྔོན་དུ་སོང་བའི་བདེ་སྟོང༌། སྟོང་པ་སྔོན་དུ་སོང་བའི་བདེ་བ་ཞེས་བྱ་བ་དང་དམིགས་པ་གསུམ་ཡིན་ནོ། །དང་པོ་ནི་གསང་གནས་ཀྱི་འཁོར་ལོ་འཁོར་བ་དང༌། མཛོད་སྤུར་རུ་དགའ་བ་འཁྱིལ་པ་འཁོར་བ་གཉིས་ལ་དམིགས་པ་མཉམ་དུ་གཏད་དོ། །སྟེང་རླུང་མནན་ཅིང་འོག་རླུང་བསྐུམས་ལ་ལུས་སེམས་གཉིས་ཀ་བསྒྲིམ་བ་ཉིད་ཀྱིས་སྐད་ཅིག་དེ་ཉིད་ལ་བདེ་དྲོད་འབར་རོ། །དེ་ནས་རླུང་མི་མནན་པར་འཁོར་ལོ་ཉིད་ལ་དམིགས་པ་གཏད་པས་རང་གི་དྲོད་དང་བདེ་བ་འབར་རོ། །མཐར་གསང་གནས་ཀྱི་འཁོར་ལོ་འབའ་ཞིག་གིས་བདེ་བ་འབར་རོ། །འདི་ནི་བདེ་བ་སྔོན་དུ་སོང་བའི་སྟོང་པ་སྒོམ་པ་ཡིན་ཏེ། སྟོང་པ་དེའང་གཟུང་འཛིན་གྱི་འཆིང་བ་ལས་གྲོལ་བའི་སྟོང་པ་བསྒོམ་པ་ཡིན་གྱི། སྣང་བ་མི་དམིགས་པའི་སྟོང་པ་བསྒོམ་པ་མ་ཡིན་ཏེ། སྣང་བ་ནི་དུ་བ་ལ་སོགས་པ་སྣ་ཚོགས་སུ་སྣང་བ་འཆར་ཞིང༌། མཐར་ནི་ལྷག་མཐོང་དང༌། ཟུང་དུ་འཇུག་པས་ཞི་གནས་དང་སྟོང་པ་ཟུང་དུ་ཆུད་པར་འགྱུར་རོ། །གཉིས་པ་དྲོད་སྔོན་དུ་སོང་བའི་བདེ་བ་བསྒོམ་པ་ནི། འོག་གི་འཁོར་ལོའི་དམིགས་པ་སྔ་མ་བཞིན་དུ་བྱས་ལ། འཁོར་ལོ་འཁོར་བའི་ཤུགས་ཀྱིས་བྃ་ཡིག་ལས་འོད་གསལ་གྱི་མེ་ཆེར་འབར། དབུ་མའི་ལམ་ནས་སོང་སྟེ་ཧྃ་གི་བར་དུ་འབར། ཧྃ་ལས་ཐིག་ལེ་བ་ཐག་ལྟ་བུ་འཛག་པས་དྲག་ཏུ་འཁོར་ཞིང༌། དྲག་ཏུ་འབར་བར་བསམ། སྲིན་པོའི་ལམ་དྲག་ཏུ་བསྡམ་མོ། །ཐིག་ལེ་འཛག་པ་ཤུགས་ཆེ་ན་ཟོན་བྱ། འོག་གི་འཁོར་ལོ་མི་དམིགས་པར་བྱས་ལ་འབར་བ་ཙམ་ལ་སེམས་གཏད། འོག་རླུང་ལྷོད་དེ་སྟེང་རླུང་རན་ཚད་བྱ། ཉམས་གཞན་ཐམས་ཅད་འདྲའོ། །གསུམ་པ་སྟོང་པ་སྔོན་དུ་སོང་ནས་བདེ་བ་བསྒོམ་པ་ནི། ལྟེ་བར་འཁོར་ལོ་ལ་དམིགས་པ་གཏད་ལ། འཁོར་ལོ་དང་སྔགས་ཕྲེང་མི་འཁོར་བར་ཡང་ནས་ཡང་དུ་གསལ་གདབ། དེ་ནས་བྃ་ཡིག་གི་ཐིག་ལེ་དམར་པོ་དེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚོན་བྱེད་ཡིན་པས། ཐིག་ལེ་དེ་ལ་བུ་ག་རྟ་རྔ་ཙམ་ཞིག་བསམས་ལ། དེ་ཇེ་ཡངས་ཇེ་ཡངས། ཇེ་ཆེ་ཇེ་ཆེ་ལ་ཐིག་ལེ་དེར་དམིགས་པ་གཏད་པའི་དབང་གིས། ཐིག་ལེ་དང༌། བྃ་ཡིག་དང༌། སྔགས་ཕྲེང་དང༌། བདག་ཉིད་དང༌། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་རང་གི་ངང་གིས་མི་དམིགས་ཤིང་སྟོང་པར་འགྱུར་རོ། །ཐིག་ལེ་སྟོང་པ་ཡི་གེ་མེད། །ཅེས་པའི་དོན་ཡང་དེ་ཡིན་ནོ་གསུང༌། དེའི་རྗེས་ལ་ལུས་བདེ་བས་གང་ཞིང་སེམས་ལ་སྟོང་ཉམས་ཆེ་སྟེ། རྗེས་ཀྱི་སྣང་བ་སྣ་ཚོགས་སུ་འགྱུར་རོ། །ཤེས་བྱའི་སྒྲིབ་པ་བག་ལ་ཉལ་སྤང་བའི་ཕྱིར། ཟས་ལ་གཙང་བཙོག་མེད་པ་དང༌། གྲོགས་ལ་བཟང་ངན་མེད་པ་དང༌། སྤྱོད་ལམ་ལ་ངེས་པ་མེད་པར་བྱས་ན། ངེས་པར་མཆོག་གི་དངོས་གྲུབ་འཐོབ་པར་འགྱུར་རོ། །དེ་ནས་གསང་སྔགས་བཏུ་བ་ནི། གཞུང་ཉིད་དུ་རྟོགས་པར་འགྱུར་ལ། ཚོགས་བསོགས་པ་ཕྱི་རོལ་གྱི་མཆོད་པ་དང༌། གཞོན་ནུ་མའི་མཆོད་པ་དང༌། ཚེས་བཅུའི་མཆོད་པ་དང༌། སློབ་མ་རྗེས་སུ་གཟུང་བའི་ཆོ་ག་རྣམས་ནི་གཞུང་གི་སྟེང་དུ་རྟོགས་མོད་ཀྱི། འོན་ཀྱང་སློབ་མ་རྗེས་སུ་གཟུང་བ་ཞེས་བྱ་བ་ལས་བཅུ་དང་ཞལ་གྱི་གདམས་པ་ལྟར་ཤེས་པར་བྱའོ། །ཞལ་གཉིས་མ་ཆུང་ངུའི་རྗེས་ལ་སྔགས་ཀྱི་དེ་ཁོ་ན་ཉིད་དང་ལས་བཅུ་བསྟན་པར་བྱའོ། །འདི་གསུམ་མི་དབང་ཨིནྡྲ་བྷུ་ཏིའི་ཆོས་གསུམ་བྱ་བ་ཡིན་ཏེ། གོང་མ་གཉིས་ནི་མི་དབང་ཉིད་ཀྱིས་མཛད་ལ། ལས་བཅུ་ནི་མན་ངག་གི་བརྒྱུད་པ་རྣམས་རྗེ་བཙུན་བྷ་ལེནྡྲ་རུ་ཙིས་མཛད་པ་ཡིན་ནོ། །བདེན་གཉིས་དོན་རྟོགས་རྡོ་རྗེ་རྣལ་འབྱོར་མའི། །དོན་གསལ་འདི་ཉིད་དཔལ་ལྡན་ས་སྐྱ་པའི། །དགེ་བསྙེན་རྣལ་འབྱོར་གྲགས་པ་རྒྱལ་མཚན་ལ། །ཙིང་ངེ་སྟོན་པས་གསོལ་བ་བཏབ་ནས་བྲིས། །དགེ་བ་འདིས་ནི་ནམ་མཁའི་མཐའ་གཏུགས་པའི། །སེམས་ཅན་ཐམས་ཅད་ལམ་འདིར་མྱུར་ཞུགས་ནས། །དཔལ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་མཆོག །ཚེ་འདི་ཉིད་ལ་གྲུབ་པར་འགྱུར་བར་ཤོག །ཅེས་པ་འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*