བདེ་མཆོག་ལཱུ་ཧི་པའི་ལུགས་ཀྱི་མངོན་པར་རྟོགས་པ་བསྒོམ་པའི་རིམ་པ།

༈ ས་སྐྱ་བཀའ་འབུམ་ལས་པོད་༼ཉ༽པ།

རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་པོད་གསུམ་པ།

 

༄༅། །སརྦཏཐཱགཏཱནཱཾཝཱགོགུཧྱདྷརཀོབྷཊྚཱརཀོརཏྣཿཀཱིརྟིདྷྭཛསྱཔྲཝཙནཾཔུསྟཀསྟྲྀཏཱིཡེབྷྱསྶམྦརལཱུཧྀཔཱདདྷརྨསྱཱབྷིསམཡཾབྷཱབྱངྐརམབིཛཧཱར།།

༄༅། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་འཛིན་པ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་གསུང་རབ་གླེགས་བམ་གསུམ་པ་ལས་བདེ་མཆོག་ལཱུ་ཧི་པའི་ལུགས་ཀྱི་མངོན་པར་རྟོགས་པ་བསྒོམ་པའི་རིམ་པ་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་འཆང་དབང་དང༌། །བླ་མའི་ཞབས་ལ་ཕྱག་བྱས་ནས། །དཔལ་ལྡན་འཁོར་ལོ་སྡོམ་པ་ཡི། །མངོན་རྟོགས་གསལ་པོར་བྲི་བར་བྱ། །སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལཱུ་ཧི་པས་མཛད་པའི་དཔལ་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་མངོན་པར་རྟོགས་པ་བསྒོམ་པའི་རིམ་པ། བླ་མའི་མན་ངག་བཞིན་ཞིབ་ཏུ་བྲི་བ། དེ་ལ་རྟེན་གྱི་གང་ཟག་དང༌། ལམ་མངོན་པར་རྟོགས་པ་དང༌། འབྲས་བུའོ། །དང་པོ་རྣལ་འབྱོར་གྱི་དབང་ཕྱུག་སྟེ། བྱང་ཆུབ་ཀྱི་སེམས་བརྟན་པ། རྒྱུད་འདིར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ། སྔགས་རྒྱུད་རྣལ་འབྱོར་ཤེས་པ་ནི། སློབ་པའི་རྣལ་འབྱོར་ཡིན་པ་དེ་འདིར་འཇུག་ལ། སེམས་བརྟན་ནས་མི་སློབ་པའི་རྣལ་འབྱོར་ནི་རིམ་གྱིས་འབྱུང་བར་འགྱུར་རོ། །གཉིས་པ་ལམ་མངོན་པར་རྟོགས་པ་ལ་བཞིས་བཅིངས་པ་སྟེ། མཉམ་པར་གཞག་པའི་རྣལ་འབྱོར་དང༌། སྤྱོད་ལམ་གྱི་རྣལ་འབྱོར་དང༌། གཏོར་མའི་རྣལ་འབྱོར་དང༌། ཁ་ཟས་ཀྱི་རྣལ་འབྱོར་རོ། །མཉམ་པར་གཞག་པའི་རྣལ་འབྱོར་ལ་གཉིས། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །བསྐྱེད་པའི་རིམ་པ་ལའང་གཉིས་ཏེ། བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ལ་མཆོད་པ་དང༌། བཟླས་པའི་རྣལ་འབྱོར་རོ། །ཉལ་བའི་རྣལ་འབྱོར་ནི་རྫོགས་པའི་རིམ་པའི་ཁོངས་སུ་འདུ་ལ། ལྡང་བའི་རྣལ་འབྱོར་དང་ཁྲུས་ཀྱི་རྣལ་འབྱོར་གཉིས་ནི་བསྐྱེད་རིམ་གྱི་སྔོན་འགྲོ་ཡིན་ཞིང༌། དག་པ་རྗེས་སུ་དྲན་པ་ནི་ཁ་ཅིག་སྤྱོད་ལམ་གྱི་ཁོངས་སུ་སྡུད་མོད་ཀྱི། འདིར་བསྐྱེད་རིམ་བརྟན་པར་བྱེད་པ་ཡིན་པས། མཉམ་གཞག་གི་ཁོངས་སུ་བསྡུའོ། །གོང་དུ་བརྗོད་པའི་བདག་ཉིད་ལྷར་བསྐྱེད་པ་ལ་གསུམ། རྒྱས་པ་ལ་དགའ་བས་ཇི་སྙེད་པའི་ཆོས་ཇི་ལྟ་བ་བཞིན་དུ་བསྒོམ་པ་དང༌། འབྲིང་ལ་དགའ་བས་ཇི་ལྟ་བ་བཞིན་དུ་བསྒོམ་པ་དང༌། བསྡུས་པ་ལ་དགའ་བས་རང་གི་ལུས་ལ་ཇི་ལྟར་གྲུབ་པ་ཙམ་ཞིག་བསྒོམ་པའོ། །སྤྱིའི་དོན་མདོར་བསྡུས་པ་ཙམ་བསྟན་ཟིན་ཏོ། །དང་པོ་རྒྱས་པ་ལ་དགའ་བ་བརྗོད་པར་བྱའོ། །དེ་ལ་གཉིས། རྒྱུ་ཚོགས་གཉིས་བསགས་པ་དང༌། འབྲས་བུ་ལྷ་བསྐྱེད་པའོ། །དང་པོ་ལ་གཉིས། བསོད་ནམས་ཀྱི་ཚོགས་འཁོར་དང་བཅས་པ་དང༌། དོན་ཆེན་པོ་ཡེ་ཤེས་ཀྱི་ཚོགས་བསྒོམ་པའོ། །དང་པོ་ལ་བཞི། གསོག་པར་འགྱུར་བའི་དགེ་བའི་རྩ་བ་ཐམས་ཅད་གཞན་དོན་དུ་འགྱུར་བར་བྱ་བའི་ཕྱིར་ཚངས་པའི་གནས་བཞི་བསྒོམ་པ་དང༌། ཚོགས་སོགས་པ་ལ་རྟེན་ཁྱད་པར་ཅན་ཞིག་དགོས་པས་ཕུང་པོ་ཁམས་དང་སྐྱེ་མཆེད་གཞི་སྦྱང་བསྒྱུར་དང༌། ཚོགས་བསགས་དངོས་དང་འབྲེལ་པས་ཚོགས་བསགས་བཅུ་གསུམ་གྱིས་ཚོགས་བསགས་པ་དང༌། དོན་ཆེན་པོ་ཡེ་ཤེས་ཀྱི་ཚོགས་ལ་འཇུག་པ་ལ་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར་སྲུང་བའི་འཁོར་ལོ་བསྒོམ་པའོ། །འདི་ལ་སྔོན་དུ་སྲུང་བའི་འཁོར་ལོ་བསྒོམས་ནས་དེ་ནས་ཚོགས་བསགས་བཅུ་གསུམ་བྱས་ཀྱང་མི་འགལ་ཞེས་བདག་གི་བླ་མ་གསུངས་ཏེ། འདི་ནི་ལེགས་པར་གསུངས་པ་ཡིན་ནོ། །དེ་ལ་ཐོག་མར་ཐོ་རངས་ཀྱི་དུས་སུ་ཚངས་པའི་གནས་བཞི་བསྒོམ་པའི་སྔོན་དུ་ལྡང་བའི་རྣལ་འབྱོར་ལ་འཇུག་ལ། དེའི་ཡང་སྔོན་དུ་ཉལ་བའི་རྣལ་འབྱོར་ལ་འཇུག་པས་རིམ་པ་བཞིན་དུ་བརྗོད་ན། དཔལ་འཁོར་ལོ་བདེ་མཆོག་བསྒོམ་པའི་རྣལ་འབྱོར་པས། མདང་ནུབ་མོར་ཉལ་བའི་རྣལ་འབྱོར་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་རྡོ་རྗེ་སེམས་དཔའ་བསྡུ་བའི་རྫོགས་པའི་རིམ་པ་སྟོང་པ་ཉིད་ཀྱི་ངང་ལ་ཉལ་བར་བྱ་སྟེ་ཉལ་བའི་རྣལ་འབྱོར་རོ། །དེ་ནས་ལྡང་བའི་རྣལ་འབྱོར་ནི་ནམ་གྱི་བཞི་ཆའམ་བརྒྱད་ཆ་ན་ལྡང་བར་འདོད་པས། ནམ་མཁའ་ནས་ཌཱ་མ་རུའི་སྒྲ་ཀ་ར་ཀ་ར་ཀུ་རུ་ཀུ་རུ་ཞེས་བྱ་བ་ལ་སོགས་པ་དཔའ་བོ་ཉི་ཤུ་རྩ་བཞིའི་སྔགས་སུ་གྲགས་པས་བདག་གི་གཉིད་བསྐུལ་ནས། དེའི་སྐད་ཅིག་ལ་དཔལ་འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་ང་རྒྱལ་དུ་ལྡང་བར་བྱ་སྟེ། ལུས་ལྷར་བྱིན་གྱིས་བརླབས་པ་སྐུའི་དགའ་བའོ། །ངག་ཏུ་ཤྲཱི་ཧེ་རུ་ཀ་ཨ་ཧཾ་ཞེས་བརྗོད་ནས་དཔལ་ཧེ་རུ་ཀ་ནི་ང་ཡིན་ནོ་ཞེས་བྱ་བ་སྟེ། དེའང་ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཞེས་བྱ་བ་ལ་སོགས་པ་ཡི་གེ་བཞིའི་དོན་དྲན་པར་བྱ་སྟེ། ངག་སྔགས་སུ་བྱིན་གྱིས་བརླབས་པ་སྟེ། གསུང་གི་དགའ་བའོ། །རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུྃ་མཐིང་ནག་ཅིག་བསྒོམ་སྟེ། ཨ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས། ཟླ་བ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཧཱུྃ་ནི་གཟུང་འཛིན་གཉིས་བྲལ་གྱི་ཡིད་ཀྱི་རང་བཞིན་དུ་མོས་པར་བྱ་སྟེ། སེམས་ཡེ་ཤེས་སུ་བྱིན་གྱིས་བརླབས་པ་ཐུགས་ཀྱི་དགའ་བའོ། །དེ་དག་ནི་ལྡང་བའི་རྣལ་འབྱོར་རོ། །དེ་ནས་བསམ་གཏན་གྱི་གྲོགས་སུ་འགྱུར་ན་ཆུ་གཙང་མའམ་རྡོ་རྗེའི་ཆུས་འོག་དབང་བསྐུར་གྱི་སྐབས་བཞིན་ཁྲུས་བྱའོ། །དེ་ནས་སྟན་བདེ་བ་ལ་ཅི་བདེར་བསྡད། ཡོད་ན་བདུད་རྩིའི་རིལ་བུ་ཁར་བཅུག་ལ་ཚངས་པའི་གནས་བཞི་བསྒོམ་པར་བྱ་སྟེ། སྙིང་གའི་ཧཱུྃ་ལས་འོད་ཟེར་སྔོན་པོ་ཞིག་བྱུང་སྟེ་རྩ་བའི་ཞལ་སྔོན་པོ་ནས་ཕར་ལ་སོང་སྟེ། དང་པོ་ཤར་ཕྱོགས་ཀྱི་འཇིག་རྟེན་ཁམས་ཐམས་ཅད་ཁྱབ་དེ་ནས་ཕྱོགས་བཅུའི་ཁམས་གསུམ་གྱི་གནས་ཐམས་ཅད་ཁྱབ་སྟེ། འགྲོ་བ་རིགས་དྲུག་དང༌། སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བསྒོམ་ལ། སླར་འོད་ཟེར་ཧཱུྃ་ལ་བསྡུས་ལ་བཞག་སྟེ་ཐུགས་བྱིན་གྱིས་བརླབས་པའོ། །ངག་ཏུ་སུ་ཁེ་བྷ་ཝནྟུ་ཞེས་བརྗོད་དེ་གསུང་བྱིན་གྱིས་བརླབས་པའོ། །ལུས་གཡོན་པའི་སྡིགས་མཛུབ་ཕྱོགས་བཅུར་བསྐོར་ཞིང་སེ་གོལ་བརྡབ་སྟེ་སྐུ་བྱིན་བརླབས་པའོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པ་གསུམ་དང་ལྡན་པའི་བྱམས་པ་ཚད་མེད་པའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་བྱམས་པ་ཚད་མེད་པ་ལས་ཁྱད་པར་དུ་འཕགས་པ་ཡིན་གསུངས་ཏེ། དེ་ལྟ་བུའི་བྱིན་རླབས་གསུམ་དང་ལྡན་ཞིང་ཕ་རོལ་ཏུ་ཕྱིན་པ་ལས་ཁྱད་པར་དུ་འཕགས་པའི་ཚུལ་དུ་འོག་མ་གསུམ་པོ་ལ་ཡང་ཤེས་པར་བྱའོ། །དེ་ནས་སྙིང་རྗེ་ཚད་མེད་པ་ནི། ཡང་སྙིང་གའི་ཧཱུྃ་ལས་འོད་ཟེར་ལྗང་གུ་བྱུང་ནས་གཡོན་པའི་ཞལ་ལྗང་བ་ནས་ཕར་སོང་སྟེ། དང་པོ་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱས། དེ་ནས་སྔར་བཞིན་འཇིག་རྟེན་གྱི་ཁམས་དང་སེམས་ཅན་གྱི་ཁམས་གཞན་རྣམས་ཀྱང་ཁྱབ་སྟེ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུད་དང་བྲལ་བར་བསྒོམ་ལ་སླར་འོད་ཟེར་ཚུར་བསྡུས་ཏེ་ཐུགས་བྱིན་གྱིས་བརླབས་པའོ། །སྐུ་དང་གསུང་བྱིན་རླབས་ནི་སྔར་དང་འདྲའོ། །དེ་ནས་དགའ་བ་ཚད་མེད་པ་ནི་ཡང་སྙིང་གའི་ཧཱུྃ་ལས་འོད་ཟེར་དམར་པོ་བྱུང་སྟེ། རྒྱབ་ཀྱི་ཞལ་དམར་པོ་ནས་ཕར་སོང་སྟེ། དང་པོ་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱས། དེ་ནས་སེམས་ཅན་གྱི་ཁམས་དང་འཇིག་རྟེན་གྱི་ཁམས་གཞན་རྣམས་ཀྱང་ཁྱབ་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བའི་དགའ་བ་ཁྱད་པར་ཅན་དང་ལྡན་པར་བསྒོམས་ལ་སླར་འོད་ཟེར་ཧཱུྃ་ལ་བསྡུས་ལ་བཞག་སྟེ། ཐུགས་བྱིན་གྱིས་བརླབ་པའོ། །སྐུ་དང་གསུང་བྱིན་གྱིས་བརླབས་པ་ནི་སྔར་དང་འདྲའོ། །དེ་ནས་བཏང་སྙོམས་ཚད་མེད་པ་ནི་ཡང་སྙིང་གའི་ཧཱུྃ་ལས་འོད་ཟེར་སེར་པོ་བྱུང་སྟེ་གཡས་པའི་ཞལ་སེར་པོ་ནས་ཕར་སོང་སྟེ་དང་པོ་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་དེ་ནས་སེམས་ཅན་གྱི་ཁམས་དང་འཇིག་རྟེན་གྱི་ཁམས་གཞན་རྣམས་ཀྱང་ཁྱབ་སྟེ་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་ནས། དགའ་བ་དེའང་དགྲ་དང་གཉེན་དང་ཐ་མལ་པ་མེད་པར་ཐམས་ཅད་བཏང་སྙོམས་སུ་བསྒོམས་ལ་སླར་འོད་ཟེར་ཧཱུྃ་ལ་བསྡུས་ལ་བཞག་སྟེ་ཐུགས་བྱིན་གྱིས་བརླབ་པའོ། །སྐུ་དང་གསུང་བྱིན་རླབས་ནི་སྔར་དང་འདྲ་སྟེ་བཏང་སྙོམས་ཚད་མེད་པའོ། །དེ་དག་ནི་བསོགས་པར་འགྱུར་བའི་དགེ་བའི་རྩ་བ་ཐམས་ཅད་གཞན་དོན་དུ་འགྱུར་བར་བྱ་བའི་ཕྱིར་ཚངས་པའི་གནས་བཞི་བསྒོམ་པའོ། །དེ་ནས་ཚོགས་བསོག་པ་ལ་རྟེན་ཁྱད་པར་ཅན་ཞིག་དགོས་པས་ན། ཕུང་པོ་ཁམས་དང་སྐྱེ་མཆེད་གཞི་སྦྱང་ཞིང་བསྒྱུར་བ་ནི། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བདག་གི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་ལུས་ཐམས་ཅད་འོད་ཟེར་གྱིས་ཁྱབ་པས། བདག་གི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་ཐམས་ཅད་དག་པར་བསྒོམ་སྟེ་དེ་ནི་བདག་གི་གཞི་སྦྱོང་བའོ། །དེ་ནས་འོད་ཟེར་དེ་བདག་གི་བ་སྤུའི་བུ་ག་ནས་ཕར་སོང་ནས་འགྲོ་བ་རིགས་དྲུག་གི་བསྡུས་པའི་སེམས་ཅན་ཐམས་ཅད་ལ་ཕོགས་ནས་དེ་དག་གི་རྒྱུད་ལ་ཡོད་པའི་སྡིག་པ་ཐམས་ཅད་དག་པར་བསྒོམ་སྟེ་དེ་ནི་གཞན་གྱི་གཞི་སྦྱོང་བའོ། །དེ་ནས་གཞི་བསྒྱུར་བ་ནི་སྔོན་ལ་གཞན་གྱི་གཞི་བསྒྱུར་བར་བྱ་སྟེ། དེའང་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་འཁོར་ལོ་བདེ་མཆོག་དཔག་ཏུ་མེད་པ་བསྒོམ་པར་བྱའོ། །དེ་ནས་བདག་གི་གཞི་བསྒྱུར་བ་ནི་རིགས་དྲུག་འཁོར་ལོ་བདེ་མཆོག་གི་རྣམ་པར་བྱས་པ་དེ་དག་འོད་ཟེར་གྱི་རྣམ་པར་བསྡུས་ཏེ། བདག་གི་བ་སྤུའི་བུ་ག་ནས་དེ་རྣམས་ཞུགས་ནས་བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ལྷའི་ང་རྒྱལ་དུ་བསྒོམ་པར་བྱ་སྟེ། དེའང་ཇོ་བོ་བྷ་དནྟའི་དགོངས་པས་ཨ་བྷི་ངྷ་ན་དང་མཐུན་པར་ལྷ་ཞལ་ཕྱག་གི་རྣམ་པ་ཅན་དུ་བསྒོམ་པ་ཡིན་པ་ལས། འདི་ནི་བླ་མ་ཕམ་ཐིང་བའི་བཞེད་པས་ང་རྒྱལ་ལ་མ་མོས་པ་དྲན་པ་ཙམ་བྱེད་པ་ཡིན་ཏེ། དེའང་བདག་གི་མ་དག་པའི་གཟུགས་ཀྱི་ཕུང་པོ་ནི་གཟུགས་ཀྱི་ཕུང་པོ་མ་ཡིན་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡིན་སྙམ་དུ་བསམ། ནམ་མཁའི་ཁམས་ནི་ནམ་མཁའི་ཁམས་མ་ཡིན་པ་པདྨའི་དྲྭ་བ་ཅན་ཡིན་ནོ་ཞེས་པའི་བར་དུ་བསམ་ཞིང་ངག་ཏུ། འདི་སྐད་བརྗོད་པར་བྱ་སྟེ། གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ནི་རྡོ་རྗེ་ཉི་མའོ། །འདུ་ཤེས་ཀྱི་ཕུང་པོ་ནི་པདྨ་གར་གྱི་དབང་ཕྱུག་གོ །འདུ་བྱེད་ཀྱི་ཕུང་པོ་ནི་རྡོ་རྗེ་རྒྱལ་པོའོ། །རྣམ་པར་ཤེས་པའི་ཕུང་པོ་ནི་རྡོ་རྗེ་སེམས་དཔའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་གྱུར་པ་ནི་དཔལ་ཧེ་རུ་ཀའོ། །མིག་གཉིས་ལ་ནི་གཏི་མུག་རྡོ་རྗེའོ། །རྣ་བ་གཉིས་ལ་ནི་ཞེ་སྡང་རྡོ་རྗེའོ། །སྣ་གཉིས་ལ་ནི་སེར་སྣ་རྡོ་རྗེའོ། །ཁ་ལ་ནི་འདོད་ཆགས་རྡོ་རྗེའོ། །ལུས་ལ་ནི་ཕྲག་དོག་རྡོ་རྗེའོ། །སྐྱེ་མཆེད་ཐམས་ཅད་ལ་ནི་དབང་ཕྱུག་རྡོ་རྗེའོ། །སའི་ཁམས་ནི་ལྟུང་བར་བྱེད་མའོ། །ཆུའི་ཁམས་ནི་གསོད་པར་བྱེད་མའོ། །མེའི་ཁམས་ནི་འགུགས་པར་བྱེད་མའོ། །རླུང་གི་ཁམས་ནི་གར་གྱི་དབང་ཕྱུག་མའོ། །ནམ་མཁའི་ཁམས་ནི་པདྨའི་དྲྭ་བ་ཅན་ཏེ་ཞེས་བྱ་བའི་བར་དུ་བརྗོད་ཅིང་སེམས་ཀྱིས་མ་དག་པའི་ཕུང་པོ་ལ་སོགས་པ་བཅུ་བདུན་དག་པའི་ལྷ་བཅུ་བདུན་གྱི་རང་བཞིན་དུ་མོས་པར་བྱའོ། །དེ་དག་གིས་ནི་རིགས་ངན་གྱི་ཁང་པ་མེས་བསྲེགས་པ་བཞིན་ཚོགས་བསོག་པའི་རྟེན་ཁྱད་པར་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་«གཞུང་མ་འཁྲུག་པར་སྲུང་བའི་འཁོར་ལོ་སྒོམ་ན་ལེགས་སོ་ཞེས་གསུངས་སོ། །འདི་ཇོ་བོ་ནཱ་རོ་ཏ་པས་འཁྲུག་ཅན་དུ་བཞེད་ཅེས་གསུངས་ནས་ཚོགས་བསག་གོ །དེ་ཡང་»ཚོགས་བསགས་པ་དངོས་དང་འབྲེལ་བས་ཚོགས་བསགས་བཅུ་གསུམ་གྱི་ཚོགས་བསགས་པ་ནི། དང་པོ་ཕྱག་དང༌། དེ་ནས་མཆོད་པ་དང༌། སྡིག་པ་བཤགས་པ་དང༌། སྐྱབས་སུ་འགྲོ་བ་དང༌། དམ་ཚིག་དང་སྡོམ་པ་བཟུང་བ་དང༌། རྗེས་སུ་ཡི་རང་བ་དང༌། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང༌། ལམ་ལ་གནས་པ་དང༌། དགེ་བའི་རྩ་བ་བསྔོ་བ་དང༌། གནང་བ་ནོད་པ་དང༌། གཤེགས་སུ་གསོལ་བའོ། །དེ་ལ་ཐོག་མར་ཚོགས་ཀྱི་ཞིང་སྤྱན་དྲང་བ་ལ་འཇིག་རྟེན་ཡུལ་ཆོས་དང་བསྟུན་ནས་ཕྱག་འབྱུང་བ་ཡིན་ནོ། །དེའང་བདག་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་ནས། མདུན་གྱི་ནམ་མཁར་རྩ་བའི་བླ་མ་ནི་རྗེ་བཙུན་རྡོ་རྗེ་ཆོས་ཀྱི་རྣམ་པ། སྐུ་མདོག་དམར་པོ་གཡས་རྡོ་རྗེ་གཡོན་དྲིལ་བུ་འཛིན་པ་ལ་ཕྱག་ན་རྡོ་རྗེ་ལ་སོགས་པ་རྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ་སྟེ་སློབ་དཔོན་ཀླུ་སྒྲུབ་རབ་ཏུ་བྱུང་བའི་ཆ་ལུགས་ཅན་ཡིན་ལ། གཞན་ཐམས་ཅད་ཀྱང་གཡས་ཌཱ་མ་རུ། གཡོན་ཐོད་པ། གྲུ་མོ་ན་ཁ་ཊྭཱཾ་ག་འཛིན་པ། རུས་པའི་རྒྱན་ཆ་ལྔ་དང་ལྡན་པའི་རྣལ་འབྱོར་པའི་ཆ་ལུགས་ཅན་དུ་སྟེང་གི་ཆ་ལ་སྤྱན་དྲངས། འོག་གི་ཆ་ལ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ། དེ་རྣམས་ཀྱི་ཞབས་ལ་ཕྱག་བྱེད་པར་བསམ་ཞིང༌། ངག་ཏུ། ན་མོ་གུ་རུ་བྷྱཿཞེས་པས་བླ་མའི་ཚོགས་ལ་ཕྱག་བྱ། ན་མཿཤྲཱི་ཙཀྲ་སཾ་བ་ར་མཎྜལེ་བྷྱཿཞེས་པས་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཕྱག་བྱའོ། །དེ་ནས་མཆོད་པ་བྱ་བ་ནི་མཆོད་ཡོན་ཞབས་བསིལ་སྔོན་དུ་འགྲོ་བའི་ཕྱིའི་མཆོད་པ་དང༌། ཡིད་ལས་བྱུང་བའི་མཆོད་པ་གཉིས་དབུལ་ཏེ། དེ་ནི་མཆོད་པའི་སྐབས་སུ་ཤེས་པར་བྱའོ། །དེ་ནས་འཁོན་གཅུགས་དག་པར་བྱེད་པ་དང་འདྲ་བར་སྡིག་བཤགས་པ་ནི་བདག་གི་ལུས་དང་ཚོགས་ཀྱི་ཞིང་གཉིས་ཀ་དཔག་ཏུ་མེད་པ་སྤྲུལ་ལ། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་ཐམས་ཅད་བློའི་ཡུལ་དུ་བྱས་ལ། ངག་ཏུ་བདག་གིས་ཚེ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་འདོད་ཆགས་དང་ཞེས་སྡང་དང་གཏི་མུག་གི་དབང་གིས། ལུས་དང་ངག་དང༌། ཡིད་ཀྱི་སྒོ་ནས་སྡིག་པའི་ལས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིས་པ་ལ་རྗེས་སུ་ཡི་རང་བགྱིས་པ་དེ་དག་ཐམས་ཅད་བླ་མའི་ཚོགས་དང་དཀྱིལ་འཁོར་གྱི་འཁོར་ལོའི་སྤྱན་སྔར་བཤགས་ཤིང་ཡང་མི་བགྱིད་དོ། །ཞེས་བརྗོད་དོ། །དེ་ནས་སྐྱབས་སུ་འགྲོ་བ་ནི། གཙོ་བོ་དང་བླ་མའི་ཚོགས་རྗེས་སུ་ནི་སངས་རྒྱས་དཀོན་མཆོག སྔགས་རྣམས་ནི་ཆོས། འཁོར་གྱི་ལྷ་རྣམས་ནི་དགེ་འདུན་དུ་མོས་ལ། ངག་ཏུ། བདག་གིས་ཇི་སྲིད་འཁོར་ལོ་བདེ་མཆོག་གི་གོ་འཕང་མ་ཐོབ་ཀྱི་བར་དུ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་བརྗོད་དོ། །དེ་ནས་སྡོམ་པ་བཟུང་བ་ནི། དམ་ཚིག་དང་སྡོམ་པའི་ཚོགས་ཐམས་ཅད་བླང་ཞིང་བསྐྱང་པའི་བསམ་པ་དང་ལྡན་པས། ངག་ཏུ་བདག་གིས་འཁོར་ལོ་བདེ་མཆོག་གི་དམ་ཚིག་དང་སྡོམ་པའི་ཚོགས་ཐམས་ཅད་བླངས་ཤིང་བསྐྱང་བར་བགྱིའོ། །ཞེས་བརྗོད་དོ། །དེ་ནས་རྗེས་སུ་ཡི་རང་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་མཛད་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ལུས་དང་སྲོག་ལ་མི་ལྟ་བར་སེམས་ཅན་གྱི་དོན་མཛད་པ་དང༌། རང་སངས་རྒྱས་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་ཐུགས་སུ་ཆུད་པ་དང༌། འཕགས་པ་ཉན་ཐོས་བདེན་པ་བཞི་ཐུགས་སུ་ཆུད་པ་དང༌། སོ་སོའི་སྐྱེ་བོ་རྣམས་སྦྱིན་པ་སྣ་རེ་ཙམ་གཏོང་བའམ། ཚུལ་ཁྲིམས་སྣ་རེ་ཙམ་བསྲུང་བ་ལ་སོགས་པའི་དགེ་བའི་རྩ་བ་དེ་རྣམས་ཀུན་ལ་ཕྲག་དོག་མེད་པར་རྗེས་སུ་ཡི་རང་བར་བསྒོམས་ལ་དེ་དག་ངག་ཏུ་ཡང་བརྗོད་པར་བྱའོ། །དེ་ནས་སེམས་བསྐྱེད་པ་ནི་བདག་གིས་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ། །ཞེས་བརྗོད་དོ། །དེ་ལ་སེམས་ཅན་མ་བསྒྲལ་བ་བསྒྲལ་བ་ཞེས་བྱ་བ་ནི། སྲིད་པའི་རྒྱ་མཚོའི་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བར་འདོད་པའོ། །མ་གྲོལ་བ་རྣམས་གྲོལ་བ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་རང་རང་གི་མྱ་ངན་ལས་འདས་པའི་འཆིང་བ་དམ་པོས་བཅིངས་པ་རྣམས་དགྲོལ་བར་འདོད་པའོ། །དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་ནི། ངན་སོང་གསུམ་གྱིས་བསྡུས་པའི་སེམས་ཅན་བསྲན་ཐབས་མེད་པའི་སྡུག་བསྔལ་ལས་དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བའོ། །མྱ་ངན་ལས་མ་འདས་པ་མྱ་ངན་ལས་བཟླ་བ་ནི། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་མྱ་ངན་ལས་འདས་པ་ལ་འདོད་པ་མེ་འབར་བ་ལྟ་བུ་ཡོད་པ་རྣམས་མྱ་ངན་ལས་བཟླ་བར་འདོད་པ་སྟེ། བསམ་པ་དེ་དག་དང་ལྡན་པས་ཐམས་ཅད་ངག་ཏུ་བརྗོད་པར་བྱའོ། །དེ་ལྟར་སེམས་ཅན་གྱི་དོན་བྱེད་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་དགོས་པས་ན་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་དེ་དག་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་བསྐུལ་བར་བགྱིའོ། །ཞེས་ངག་ཏུ་བརྗོད་པར་བྱའོ། །དེའང་ཡུན་ཐུང་ན་མི་འོང་བས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལ་འདའ་བར་བཞེད་པ་ཐམས་ཅད་ལ་ཡོངས་སུ་མྱ་ངན་ལས་མི་འདའ་བར་གསོལ་བར་འཚལ་ལོ། །ཞེས་བརྗོད་དོ། །དེ་ནས་ལམ་ལ་གནས་པ་ནི་བདག་གིས་དཔལ་འཁོར་ལོ་བདེ་མཆོག་གི་ལམ་རིམ་པ་གཉིས་ལ་གནས་པར་བགྱིའོ། །ཞེས་བརྗོད་ཅིང༌། ཡིད་ཀྱིས་ཀྱང་བསམ་མོ། །དེ་ནས་བསྔོ་བ་ནི། དེ་ལྟར་བྱས་པའི་དགེ་བའི་རྩ་བ་དེ་དག་གིས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་འཁོར་ལོ་བདེ་མཆོག་གི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག ཅེས་བརྗོད་ལ་བསྔོ་བར་བྱའོ། །དེ་ནས་གནང་བ་ནོད་པ་ནི། ཚོགས་ཀྱི་ཞིང་དེ་དག་གི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་གནས་པ་འདི་ལེགས་པར་གནས་པ་ཡིན་གྱི་གནས་པ་འདིས་གནས་ན་མཆོག་འགྲུབ་པར་འགྱུར་རོ། །ཞེས་གསུང་བར་བསམ་མོ། །དེ་ནས་ཐུན་མཚམས་ཀྱི་གོ་རིམ་མི་འཁྲུག་པར་བྱ་བའི་ཕྱིར་མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་ཙམ་གྱིས་མཆོད་ལ་གཤེགས་སུ་གསོལ་བར་བྱའོ། །དེ་དག་གིས་ནི་ཚོགས་བསགས་དངོས་དང་འབྲེལ་བས་ཚོགས་བསགས་བཅུ་གསུམ་གྱིས་ཚོགས་བསགས་པའོ། །དེ་ནས་«འཁྲུག་མེད་དུ་ཡེ་ཤེས་ཀྱི་ཚོགས་བསྒོམ་མོ་ཞེས་གསུང་ལ། ཇོ་བོ་ནཱ་རོ་པས་འཁྲུག་ཅན་དུ་བྱས་ནས་སྲུང་འཁོར་བསྒོམ་མོ།» «།དེའང་»དོན་ཆེན་པོ་ཡེ་ཤེས་ཀྱི་ཚོགས་བསྒོམ་པ་ལ་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར། སྲུང་བའི་འཁོར་ལོ་བསྒོམ་པ་ལ་གསུམ་སྟེ། ས་ཕྱོགས་བགེགས་དང་བྲལ་བར་བྱ་བ་དང༌། སྲུང་བའི་འཁོར་ལོ་བརྟན་པར་བསྒོམ་པ་དང༌། བགེགས་ཚར་བཅད་པའོ། །དང་པོ་ནི་བདག་གི་སྙིང་གའི་ཧཱུྃ་ལས་གཤིན་རྗེའི་གཤེད་བཅུའམ། ཁཎྜ་རོ་ཧཱ་བཅུ་འམ་སྒོ་མཚམས་མ་བརྒྱད་དང༌། ཁཎྜ་རོ་ཧཱ་གཉིས་ཏེ་བཅུ་གང་བློ་ལ་མོས་པ་སྤྲོ་གསུངས་ན། སྒོ་མཚམས་མ་བརྒྱད་དང་ཁཎྜ་རོ་ཧཱ་གཉིས་ཏེ་བཅུ་སྤྲོས་ཏེ་ཤར་གྱི་དང་སྟེང་གི་དུས་གཅིག ནུབ་ཀྱི་དང་འོག་གི་དུས་གཅིག་སྤྲོས་ལ་སའི་ཕྱོགས་དེའི་བགེགས་ཐམས་ཅད་བསྐྲད་པར་བསམ་ཞིང་ངག་ཏུ་གསང་སྔགས་བརྗོད། ལུས་ཀྱི་གཡོན་བའི་སྡིགས་མཛུབ་ཕྱོགས་བཅུར་བསྟན་ཅིང་སེ་གོལ་གཏོགས་ཏེ་དེའང་ཕྱོགས་རྣམས་ཤར་ནས་བཟུང་སྟེ་གཡོན་སྐོར་དུ། མཚམས་རྣམས་ནི་མེ་ནས་གཡས་སྐོར་དུ་ཞལ་བཞིའི་གསང་སྔགས་ལན་གཉིས་སུ་བལྟ་བ་ལ་བརྗོད་པར་བྱའོ། །ཨོཾ་སུཾ་བྷ་ནི་སུཾ་བྷ་ཧུྃ་ཧཱུྃ་ཕཊ། ཨོཾ་གྲིཧྣ་གྲིཧྣ་ཧུྃ་ཧཱུྃ་ཕ་ཊ། ཨོཾ་གྲིཧྣཱ་པ་ཡ་གྲིཧྣཱ་པ་ཡ་ཧུྃ་ཧཱུྃ་ཕ་ཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱཾ་བཛྲ་ཧཱུྃ་ཧཱུྃ་ཕ་ཊ་ཅེས་བྱའོ། །དེ་ནས་གཉིས་པ་སྲུང་བའི་འཁོར་ལོ་བརྟན་པར་བསྒོམ་པ་ནི། ས་ཕྱོགས་དེར་རྃ་ལས་ཉི་མའི་དཀྱིལ་འཁོར་བསྒོམ། དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་གྱི་ར་སྔོ་བ། ལྷོའི་སེར་བ། ནུབ་ཀྱི་དམར་བ། བྱང་གི་ལྗང་བ་བསམ། དེའི་ལྟེ་བའི་ཧཱུྃ་ལས་འོད་བྱུང་བས་འོག་ཐམས་ཅད་རྡོ་རྗེའི་ས་གཞིར་བསྒོམ་ལ། ཨོཾ་མེ་དི་ནཱི་བཛྲཱི་བྷ་ཝ་བནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་པ་ལན་གསུམ་གྱིས་བྱིན་གྱིས་བརླབས། ཡང་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྡོ་རྗེ་ནག་པོ་གདེངས་པ་འགྲེང་བུར་གྱུར་པའི་རྭ་བ་དང་ཡང་ཕྲད་ལ་སོང་བའི་དྲྭ་བ་བསྒོམ་ལ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུྃ་བཾ་ཧཱུྃ་ཞེས་པ་ལན་གསུམ་གྱིས་བརྟན་པར་བྱའོ། །ཡང་འོད་ཟེར་སྟེང་དུ་འཕྲོས་པས་རྡོ་རྗེ་རྭ་བ་དང་དྲྭ་བའི་ནང་དུ་རྡོ་རྗེའི་གུར་བསྒོམ་ལ། ཨོཾ་བཛྲ་པཉྫ་ར་ཧཱུྃ་ཡཾ་ཧཱུྃ་ཞེས་པས་བྱིན་གྱིས་བརླབས། ཡང་དེའི་འོག་ཏུ་རྡོ་རྗེའི་བླ་རེ་བསྒོམ་ལ། ཨོཾ་བཛྲ་བི་ཏཱ་ན་ཧཱུྃ་ཁཾ་ཧཱུྃ་ཞེས་པས་བྱིན་གྱིས་བརླབས། ཡང་འོད་ཟེར་ཕྱིར་འཕྲོས་པས་དེ་དག་གི་ཕྱི་རོལ་ཏུ་མདའི་དྲྭ་བ་མདེའུ་རྩེ་བསྣོལ་བ་ཕྱིར་བསྟན་པ་སྲིད་པའི་རྩེ་མོ་ལ་ཐུག་པར་བསྒོམ་ལ། ཨོཾ་བཛྲ་པྲཱ་ཀཱ་ར་ཛཱ་ལ་ཏྲ་སཾ་ཏྲཾ་ཞེས་པས་བྱིན་གྱིས་བརླབས། ཡང་འོད་ཟེར་ཕྱིར་འཕྲོས་པས་དེ་དག་ཐམས་ཅད་ཀྱི་ཕྱི་རོལ་ཏུ་བསྐལ་པའི་མེ་ལྟ་བུའི་མེ་རི་རབ་ཏུ་འབར་བར་བསྒོམ་ལ ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱངྐ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་པས་བྱིན་གྱིས་བརླབས། དེ་དག་ཐམས་ཅད་ལ་གསང་སྔགས་ལན་གསུམ་གསུམ་བརྗོད་ཅིང༌། ལུས་ཀྱི་གཡོན་པའི་སྡིགས་མཛུབ་ཕྱོགས་བཅུར་བསྐོར་ཞིང་སེ་གོལ་གདབ་པར་བྱའོ། །དེ་ནས་གསུམ་པ་བགེགས་ཚར་གཅད་པ་ནི་སྔར་གྱི་སྒོ་མཚམས་མ་བརྒྱད་ཁཎྜ་རོ་ཧཱ་གཉིས་ཏེ་བཅུ་པོས་བགེགས་ཁ་ཅིག་ནི་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་ལ་བཀོད། ནག་པོའི་རིགས་ཅན་ཁ་ཅིག་ནི་བསྒྲལ་ཏེ་བདེ་བ་ཅན་ལ་སོགས་པའི་ཞིང་དུ་གནས་སྤར་བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ་ནི་བཀུག་སྟེ་འོངས་ནས་མེ་རིའི་ནང་རྡོ་རྗེ་རྭ་བའི་ཕྱི་རོལ་མདའི་དྲྭ་བའི་འོག་ཏུ་འོབས་གཅིག་ཡོད་པར་བསམ། དེའི་ཁ་ཁྱེར་ལ་ཕྱོགས་སྐྱོང་བཅུ་པོ་ཡོད་པར་བསྒོམས་ལ་བདག་གི་སྙིང་ག་ནས་ཕུར་བུ་བཅུ་སྤྲོས་ལ། སྒོ་མཚམས་མ་བརྒྱད་ཁཎྜ་རོ་ཧཱ་གཉིས་ཏེ་བཅུ་པོའི་ལག་ཏུ་གཏད་པར་བསྒོམ་ལ། ངག་ཏུ། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུྃ་ཕཊ། བཛྲ་ཀཱི་ལ་ཡ་བཛྲ་ངྷ་ར་ཨཱ་ཛྙཱ་པ་ཡ་ཏི། སརྦ་བི་གྷྣཱན་ཀཱ་ཡ་ཝཱཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕ་ཊ། ཅེས་བརྗོད་ལ་དེ་དག་གི་སྤྱི་བོར་ཕུར་བུ་བཙུགས་པར་བསམ། ཡང་བདག་གི་སྙིང་ག་ནས་ཐོ་བ་བཅུ་སྤྲོས་ལ། དེ་དག་གི་ལག་པ་གཡས་པར་གཏད་པར་བསམས་ལ། ཨོཾ་བཛྲ་མུཏྐ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ཅེས་བརྗོད་དེ་བརྡུངས་པར་བསམ། ཕྱོགས་སྐྱོང་དེ་དག་གི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་ཐལ་བྱུང་བས་བསད་པར་བསྒོམ་ལ། དེ་དག་གི་རྣམ་པར་ཤེས་པ་མི་བསྐྱོད་པ་ལ་སོགས་པའི་ཞིང་དུ་སྐྱེ་བར་གྱུར་ཅིག་ཅེས་དང་སྐྱེས་པར་ཡང་བསམ། རོ་རྣམས་འོབས་ཀྱི་ནང་དུ་བསྐྱུར་བར་བསམ་སྟེ་བགེགས་ཚར་བཅད་པའོ། །དེ་ནས་སྒོ་མཚམས་མ་ལ་སོགས་པ་བཅུ་པོ་དེ་རྣམས་ལས་རང་དང་འདྲ་བར་དཔག་ཏུ་མེད་པ་སྤྲུལ་ཏེ་མཚོན་ཆ་སྣ་ཚོགས་ཐོགས་ནས་རྡོ་རྗེའི་དྲྭ་མིག་ནས་ཕར་རོ་སྟོད་འཐོན་ནས་སྒྲུབ་པ་པོ་ཇི་སྲིད་བྱང་ཆུབ་མ་ཐོབ་བར་དུ་བར་ཆད་བསྲུང་བར་བསམ་མོ། །སྲུང་བའི་འཁོར་ལོ་བསྒོམ་པའོ། །འདི་ལ་སྔོན་ལ་སྲུང་བའི་འཁོར་ལོ་བསྒོམས་ནས། དེ་ནས་ཚོགས་བསགས་པ་བཅུ་གསུམ་བྱས་ཀྱང་མི་འགལ་ཞེས་གསུང་ཞིང་གཞུང་འདི་ཉིད་དང་གཞུང་གཞན་ཕལ་ཆེ་བ་ནའང༌། དེ་ལྟར་སྣང་བས་གོང་ལྟར་བསྒོམས་ཀྱང་ཉེས་པ་མེད་དོ། །བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་བསྲུང་བའི་རྣམ་པ་སེམས་སུ་ཤེས་པར་བྱ་བའི་ཕྱིར་དོན་ཆེན་པོ་ཡེ་ཤེས་ཀྱི་ཚོགས་བསྒོམ་པ་ནི། ཕྱི་དང་ནང་གིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ཙམ་དང༌། སྒྱུ་མ་དང༌། སྨིག་རྒྱུ་དང༌། མིག་ཡོར་ལྟ་བུར་བསྒོམས་ལ། ངག་ཏུ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ་ཞེས་བརྗོད་ལ་བརྟན་པར་བྱ། ཡང་སྒྱུ་མ་ཡང་རང་བཞིན་མེད་པར་བསྒོམས་ལ། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་བརྗོད་པས་བརྟན་པར་བྱའོ། །རྒྱུ་ཚོགས་གཉིས་བསགས་པ་བསྟན་ཟིན་ཏོ། །དེ་ནས་འབྲས་བུ་ལྷར་བསྐྱེད་པ་ལ་བཞི། དམ་ཚིག་སེམས་དཔའ་བསྐྱེད་པ་དང༌། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་དང༌། གོ་ཆ་བཅིང་བ་དང༌། དབང་བསྐུར་ཞིང་རིགས་ཀྱི་བདག་པོའི་རྒྱས་གདབ་པའོ། །དང་པོ་ལ་གཉིས། ཕྱིའི་དཀྱིལ་འཁོར་དག་པ་དང་བཅས་པ་བསྒོམ་པ་དང༌། ལུས་ཀྱི་དཀྱིལ་འཁོར་སྔགས་ཀྱི་བྱིན་གྱིས་བརླབས་དང་བཅས་པ་བསྒོམ་པའོ། །དང་པོ་ནི། སྟོང་པ་ཉིད་དུ་བསྒོམས་པའི་རྗེས་དེ་ཉིད་ལ་སའི་ཕྱོགས་དེར་ཡྃ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ་དང༌། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བས་མཚན་པ་དང༌། དེའི་སྟེང་བྃ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་དང༌། དེའི་སྟེང་དུ་ལྃ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་གྲྭ་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པ་དང༌། དེའི་སྟེང་དུ་སུྃ་ལས་རིའི་རྒྱལ་པོ་རི་རབ་ཟུར་བཞི་ཤར་ཤེལ། ལྷོ་བཻ་ཌཱུརྻ། ནུབ་པདྨ་རཱ་ག བྱང་གསེར་ལས་བྱས་པ་སྟེ། རཏྣ་བཞིའི་རང་བཞིན་ཅན་ལྕོག་བརྒྱད་དང་ལྡན་པ་བསྒོམ་མོ། །དེའི་སྟེང་དུ་ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཤར་གྱི་རྭ་སྔོ་བ། ལྷོ་སེར་བ། ནུབ་དམར་བ། བྱང་ལྗང་བ་བསྒོམ། དེའི་སྟེང་དུ་པྃ་ལས་པདྨ་འདབ་མ་བརྒྱད་པ་ཕྱོགས་བཞི་ཕྱོགས་ཚོན། མཚམས་བཞི་མཛེས་ཚོན་ནམ། ཡང་ན་ཕྱོགས་བཞི་དམར་པོ་ལ། མཚམས་བཞི་མཛེས་ཚོན་ནམ། འགྲེལ་པ་ལས་ནི་ཕྱོགས་བཞི་དམར་པོ་མེ་རླུང་གཉིས་སེར་པོ། སྲིན་པོ་ལྗང་གུ། དབང་ལྡན་དུ་ནག་པོར་བསྒོམ་པ་ཡང་གསུང་ན་དེ་དག་གང་རུང་དུ་བསྒོམ་ལ། དེའི་ལྟེ་བར་ཨཱ་ལི་བཅུ་དྲུག་ཕྲག་གཉིས་གཡོན་སྐོར་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སུ་མོས་པ་བྱ། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་པ་བྱའོ། །དེའི་སྟེང་དུ་ཀཱ་ལི་སུམ་ཅུ་སོ་བཞིའི་སྟེང་དུ། ཡ་ར་ལ་ཝ་ཌ་ཌྷ་དྲུག་བསྣན་པས་བཞི་བཅུ་ཐམ་པ་ཕྲག་གཉིས་གཡས་སྐོར་དཔེ་བྱད་བཟང་པོ་བརྒྱད་ཅུར་མོས་པ་བྱ། དེ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མོས་པ་བྱ། དེ་གཉིས་ཀྱི་བར་དུ་སྒོང་སྐྱེས་ཀྱི་དབང་དུ་བྱས་ན་རིགས་དྲུག་པ་རྡོ་རྗེ་འཆང་གི་ངོ་བོ་ཡིན་པས་ཡི་གེ་ཧཱུྃ་ཁ་དོག་དཀར་པོ་ཅིག་བསྒོམ་སྟེ་སོ་སོར་རྟོག་པའི་ཡེ་ཤེས་སུ་མོས་པ་བྱ། དེ་ནས་འོག་ནས་འབྱུང་བའི་སྒྲའི་ཚུལ་གྱི་རྟེན་འབྲེལ་གྱིས་གཅིག་ཏུ་འདྲེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས། རྟེན་དང་བརྟེན་པ་སྐུ་ཡོངས་སུ་རྫོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་པ་ལ། སྒྲ་ཚུལ་གྱི་རྟེན་འབྲེལ་ནེ་ཉི་ཟླ་ཁ་སྦྱོར་གྱི་སྟེང་མཐོ་གང་ཙམ་གྱིས་མ་རེག་པར་ཐ་མལ་པའི་ལུས་ངག་ཡིད་གསུམ་གྱི་རང་བཞིན་མས་རིམ་གྱིས་ཨོཾ་ཨཱཿཧཱུྃ་དེའི་སྟེང་དུ་ཡུམ་གྱི་མཁའ་དག་པའི་རྟགས་སུ་པདྨ། ཡབ་ཀྱི་བྱང་ཆུབ་ཀྱི་སེམས་མཚོན་པ་ཟླ་བ། དེའི་སྟེང་དུ་སེམས་ཀྱི་རང་བཞིན་འོད་གསལ་བ་མཚོན་པའི་ཡེ་གེ་ཧཱུྃ་བསམ། དེ་ནས་མས་ཡར་རིམ་གྱིས་ཨོཾ་ཨཱཿལ། ཨཱ་ཧཱུྃ་ལ། ཧཱུྃ་པདྨ་ལ། པདྨ་ཟླ་བ་ལ། ཟླ་བ་ཧཱུྃ་གི་ཞབས་ཀྱུ་ལ། དེ་ཁོག་པ་ལ། དེ་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ཁ་དོག་དམར་སྐྱ་ལ་ཐིམ་སྟེ། ཀ་ར་ཀ་ར་ལ་སོགས་པ་ཡབ་ཀྱི་ཕྲེང་སྔགས་ཟློས་ཤིང་ཡས་མར་བྱོན་པ་ལ་ནི་སྒྲ་ཞེས་བྱ། ཉི་ཟླའི་བར་གྱི་ཡི་གེ་ཧཱུྃ་ལ་ནི་ཚུལ་ཞེས་བྱ། རྩ་བའི་རྒྱུད་ལས། སྒྲ་ཡི་ཚུལ་ལས་ངེས་འབྱུང་ཞིང༌། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཅན། །ཞེས་བྱ་བའི་དགོངས་པ་ཡང་འདི་ཉིད་ཡིན་ནོ། །དེ་ལྟ་བུའི་སྒྲ་དེས་སྟེང་གི་ཉི་མ་ཕུག་ནས་བར་གྱི་ཚུལ་ལ་ཐིམ་པས་རྐྱེན་བྱས་ནས་ཉི་ཟླ་དང་བཅས་པ་ཐམས་ཅད་གཅིག་ཏུ་འདྲེས་པ་ལ། རྟེན་དང་བརྟེན་པར་བྱས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མེ་ལོང་ལ་བཞིན་གྱི་དཀྱིལ་འཁོར་བལྟས་པ་བཞིན་དུས་ཅིག་ཆར་ལ་ཝལ་གྱིས་བསྐྱེད་ལ། དབུས་ཀྱི་གཙོ་བོ་ནས་བཟུང་སྟེ་སྲུང་བའི་འཁོར་ལོའི་བར་དུ་རིམ་གྱིས་གསལ་གདབ་པར་བྱ་བ་ཡིན་ནོ། །དེ་ལ་གཞལ་ཡས་ཁང་གི་དབུས་ན་འཁོར་ལོ་རིམ་པ་བཞི། མཆོད་རྟེན་ཟླུམ་པོའི་བང་རིམ་གྱི་དབྱིབས་ལྟ་བུ་ཅུང་ཟད་ཇེ་མཐོ་ཇེ་མཐོར་གྱུར་པའི་ལྟེ་བར་སྣ་ཚོགས་པདྨ་སྔར་བརྗོད་པ་ལྟ་བུའི་ལྟེ་བ་ལ་ཉི་ལ་མའི་སྟེང་དུ། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ལས་མི་འགྱུར་བའི་བརྡར་སྐུ་མདོག་སྔོན་པོ། ཞལ་བཞི་པ། རྩ་བའི་ཞལ་ནི་ལུས་མདོག་དང་མཚུངས་པ། གཡས་ཞལ་ནི་ཤིན་ཏུ་སེར་བ། རྒྱབ་མ་དམར་བ། གཡོན་པ་ལྗང་བ་སྟེ། ཚད་མེད་པ་བཞིའམ། འབྱུང་བ་བཞིའམ། རྣམ་པར་ཐར་པ་སྒོ་བཞིའམ། ཕྲིན་ལས་བཞི་གྲུབ་པའི་རྟགས་ཡིན་ནོ། །ཁམས་གསུམ་ལ་གཟིགས་ཤིང་དུས་གསུམ་གྱི་དངོས་པོ་མཁྱེན་པའི་བརྡར་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་མོ། །རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ལུགས་འབྱུང་དང་ལུགས་ལས་ལྡོག་པ་ཐུགས་སུ་ཆུད་པའི་བརྡར་ཕྱག་བཅུ་གཉིས་པ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བརྡར་རྡོ་རྗེ་ཕག་མོ་ལ་འཁྱུད་པའི་ཕྱག་དང་པོ་གཉིས་ཀྱིས་ཡེ་ཤེས་ལྔ་རོ་གཅིག་པའི་བརྡར་རྡོ་རྗེ་དང༌། སྟོང་པ་ཉིད་ཀྱི་སྒྲ་སྒྲོགས་པའི་བརྡར་དྲིལ་བུ་བསྣམས་པ། འོག་མ་གཉིས་ཀྱིས་གཏི་མུག་སྤངས་པའི་བརྡར་གླང་པོ་ཆེའི་པགས་པ་མགོ་གཡས་སུ་བསྟན་ཏེ་བརྒྱངས་པའི་ཚུལ་གྱིས་བསྣམས་པ། མཆོག་ཏུ་དགའ་བའི་སྒྲས་སངས་རྒྱས་ཐམས་ཅད་བསྐུལ་བའི་བརྡར་གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། ཉེས་པ་ཐམས་ཅད་གཅོད་པའི་བརྡར་བཞི་པ་ན་དགྲ་སྟྭ། དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་ཐམས་ཅད་གཅོད་པའི་བརྡར་ལྔ་པ་ན་གྲི་གུག སྲིད་པ་གསུམ་གྱི་ཉེས་པ་འཇོམས་པའི་བརྡར་དྲུག་པ་ན་མདུང་རྩེ་གསུམ་པ་བསྒྲེང་བ། བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་མཚོན་པས་ན་གཡོན་གྱི་གསུམ་པ་ན་ཁ་ཊྭཱཾ་ག་རྡོ་རྗེས་མཚན་པ། བདེ་བ་ཆེན་པོ་སྐྱོང་བའི་རྟགས་སུ་བཞི་པ་ན་ཁྲག་གིས་བཀང་བའི་ཐོད་པ། ཡང་དག་པའི་ཡེ་ཤེས་སེམས་ཅན་གྱི་རྒྱུད་ལ་འཆིང་བས་ན་ལྔ་པ་ན་རྡོ་རྗེ་ཞགས་པ། རྣམ་པར་རྟོག་པ་ཐམས་ཅད་འཇོམས་པའི་བརྡར་དྲུག་པ་ན་ཚངས་པའི་མགོ་བོ། པདྨ་དང་ཉི་མའི་གདན་གྱི་སྟེང་ན་ཞབས་གཡས་ཐུགས་རྗེ་ཆེན་པོའི་རང་བཞིན་བརྐྱང་བས་དུས་མཚན་མ་དམར་མོ་མྱ་ངན་ལས་འདས་པའི་མཐའ་མནན་པ། ཞབས་གཡོན་པ་ཤེས་རབ་ཀྱི་རང་བཞིན་བསྐུམ་པས་འཇིགས་བྱེད་ནག་པོ་འཁོར་བའི་མཐའ་མནན་པའོ། །ཚོགས་ཡོངས་སུ་རྫོགས་པས་ན་རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ། ཡེ་ཤེས་ལྔའི་རང་བཞིན་དབུ་རེ་རེ་ལ་ཐོད་པ་སྐམ་པོ་ལྔའི་ཐོད་ཅན། ཚོགས་རིམ་གྱིས་རྫོགས་ཤིང་བྱང་ཆུབ་ཀྱི་སེམས་མཚོན་པ་ནི་དབུ་གཙུག་གི་གཡོན་ལ་ཟླ་བ་ཕྱེད་པ་འཇོག་པ། ཕྲིན་ལས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ནི་སྣ་ཚོགས་རྡོ་རྗེས་སྤྱི་བོར་བརྒྱན་པ། ཞལ་རྣམ་པར་འགྱུར་བ་ནི་ལོག་པར་ལྟ་བ་སྤངས་པ། མཆེ་བ་རྣམ་པར་གཙིགས་པ་ནི་བདུད་བཞི་འཇོམས་པ། སྟག་གི་པགས་པའི་ཤམ་ཐབས་ཀྱིས་ནི་གཟུང་འཛིན་སྤངས་པ། མི་མགོ་རློན་པ་ཁྲག་འཛག་པ་ལྔ་བཅུ་ཐམ་པའི་དོ་ཤལ་གྱིས་ནི་ཡི་གེ་ཨཱ་ལི་ཀ་ལི་ལྔ་བཅུ་དག་པ། རྣ་རྒྱན་གཉིས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གདུ་བུ་དྲུག་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། མགུལ་གྱི་ཕྲེང་བ་དང་དོ་ཤལ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། སྐ་རགས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ། སྤྱི་བོའི་རྒྱན་རྣམས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། ཐལ་བ་དང་མཆོད་ཕྱིར་ཐོགས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པའི་ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པའོ། །སྒེག་པ་དང༌། དཔའ་བ་དང༌། མི་སྡུག་པ་དང༌། དགོད་པ་དང༌། དྲག་ཤུལ་དང༌། འཇིགས་སུ་རུང་བ་དང༌། སྙིང་རྗེ་དང༌། རྔམ་པ་དང༌། ཞི་བ་དང་ལྡན་པ་སྟེ། གར་གྱི་ཉམས་དགུ་དང་ལྡན་པའོ། །ཡུམ་རྡོ་རྗེ་ཕག་མོ་ནི་སྐུ་མདོག་དམར་ཞིང་སྐྲ་གྲོལ་བ་ནི་སེམས་ཅན་ལ་རྗེས་སུ་ཆགས་པ། ཞལ་གཅིག་པ་ནི་དེ་བཞིན་ཉིད་དུ་རོ་གཅིག་པ། སྤྱན་གསུམ་པ་ནི་སྔར་བརྗོད་པ་བཞིན་ནོ། །གཅེར་བུ་ནི་ཉོན་མོངས་པའི་སྒྲིབ་གཡོགས་དང་བྲལ་བ། ཕྱག་གཡོན་པས་འཁྲུད་ནས་གདུག་པ་དང་བདུད་ལ་སོགས་པའི་ཁྲག་གིས་བཀང་པའི་ཐོད་པ་བསྣམས་པ་ནི་གདུག་པ་ལ་སོགས་པ་དེ་དག་ཉིད་འདུལ་བ། གཡས་པས་ཕྱོགས་ཐམས་ཅད་དུ་གདུག་ཅན་རྣམས་ལ་སྡིགས་མཛུབ་བྱེད་ཅིང་གྲི་གུག་རྡོ་རྗེས་མཚན་པ་བསྣམས་པ་ནི་ཉོན་མོངས་པ་ཚར་གཅོད་པ། ཐལ་བ་དང་མཆོད་ཕྱིར་ཐོགས་མ་གཏོགས་པའི་རྒྱན་ཆ་ལྔ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་སྟེ་ཤེས་རབ་ནི་ལྷ་མོ་ཉིད་ཡིན་པའི་ཕྱིར་རོ། །ལྷ་མོ་འོག་མ་རྣམས་ཀྱི་རྒྱན་ཡང་དེ་བཞིན་དུ་ཤེས་པར་བྱའོ། །བསྐལ་པའི་མེ་ལྟ་བུའི་གཟི་བརྗིད་དང་ལྡན་པ་ནི། བདུད་ཐམས་ཅད་སྐྲག་པར་བྱེད་པ། བདེ་བ་ཆེན་པོ་མཚོན་པའི་བརྡར་ཁྲག་གསོལ་བ་ལ་དགྱེས་ཤིང་བྷ་ག་ནས་ཁྲག་འཛག་པ། ཐབས་ཤེས་རབ་ཟུང་དུ་འཇུག་པ་མཚོན་པ་ནི་བྱིན་པ་གཉིས་ཀྱི་ལེགས་པར་འཁྱུད་པ་སྟེ། བཅོམ་ལྡན་འདས་ནི་ལྷག་མཐོང་དང་ཐུགས་རྗེ་ཆེན་པོའི་བརྡ་ཡིན་ལ། ཡུམ་ནི་ཞི་གནས་དང༌། བདེ་བ་ཆེན་པོའི་རང་བཞིན་ཡིན་ནོ། །དེའི་འདབ་མ་བཞི་ལ་ཤར་ཕྱོགས་སུ་མཁའ་འགྲོ་མ་ནག་མོ། བྱང་ཕྱོགས་སུ་ལཱ་མཱ་ལྗང་གུ། ནུབ་ཏུ་ཁཎྜ་རོ་ཧཱ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། དེ་ཐམས་ཅད་ཀྱང་ཞལ་གཅིག་པ་སྤྱན་གསུམ་པ། ཚད་མེད་པ་བཞིའི་རང་བཞིན་གྱི་ཕྱག་བཞི་ན་གཡས་ཌཱ་མ་རུ་དང་གྲི་གུག གཡོན་ཁ་ཊྭཱཾ་ག་དང་ཐོད་པ། སྐྲ་གྲོལ་བ་གཅེར་བུ་གཡས་བརྐྱང་པའི་གནས་པས་བཞུགས་པ། ཞལ་མཆེ་བ་རྣམ་པར་གཙིགས་པ། ཕྱག་རྒྱ་ལྔས་བརྒྱན་པའོ། །མཚམས་ཀྱི་འདྲ་བ་མ་བཞི་ལ་བདུད་རྩི་ལྔས་ཡོངས་སུ་གང་བའི་བུམ་པའི་སྟེང་ན་ཐོད་པ་སྟེ་བདེ་བ་ཆེན་པོ་མཚོན་པ་ཡིན་ནོ། །དེ་ལྟ་བུའི་བདེ་བ་ཆེན་པོའི་འཁོར་ལོ་དེ་གྲི་གུག་གི་རྭ་བ་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུབས་པ་ལ་སོགས་པས་མཛེས་པར་བྱས་པ་ཡིན་ནོ། །དེའི་ཕྱི་རོལ་ཅུང་ཟད་ཀྱིས་དམའ་བར་ཐུགས་ཀྱི་གསང་བ་བསྟན་པར་བྱ་བའི་ཕྱིར་ཐུགས་ཀྱི་འཁོར་ལོ་ནི་རྩིབས་བརྒྱད་པ་མདོག་སྔོ་ནག་རྡོ་རྗེའི་རྭ་བ་དང༌། ཀ་བ་དང་གདུང་ལ་སོགས་པས་མཛེས་པར་བྱས་པ་སྟེ། ཐུགས་ཀྱི་རིགས་ཀྱི་སྐུ་མདོག་དང་ཕྱག་མཚན་མཚོན་པའི་ཕྱིར་རོ། །དེའི་ཤར་ཕྱོགས་ཀྱི་རྩིབས་པུལླཱི་ར་མཱ་ལ་ཡར་ཁཎྜ་ཀ་པཱ་ལི་དང་རབ་ཏུ་གཏུམ་མོའོ། །བྱང་ཕྱོགས་ཛཱ་ལནྡྷ་རར་མཧཱ་ཀཾ་ཀཱ་ལ་དང་གཏུམ་པའི་མིག་ཅན་མའོ། །ནུབ་ཕྱོགས་ཨཽ་ཌྱན་དུ་ཀཾ་ཀཱ་ལ་དང་འོད་ལྡན་མའོ། །ལྷོ་ཕྱོགས་ཀྱི་རྩིབས་ཨརྦུ་དར་མཆེ་བ་རྣམ་པར་གཙིགས་མ་དང་སྣ་ཆེན་མའོ། །མེའི་མཚམས་གོ་དཱ་བ་རཱིར་སཱུ་རཱ་བཻ་རི་དང་བརྟན་པའི་བློ་ཅན་མའོ། །བདེན་བྲལ་གྱི་རྩིབས་རཱ་མེ་ཤྭ་རཱིར་འོད་དཔག་མེད་དང་མིའུ་ཐུང་མའོ། །རླུང་གི་ཕྱོགས་དེ་བཱི་ཀོ་ཊར་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མའོ། །དབང་ལྡན་གྱི་མཚམས་མཱ་ལ་ཝར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ། དེ་དག་ནི་ཐུགས་ཀྱི་འཁོར་ལོའོ། །གཉིས་པ་གསུང་གི་གསང་བ་བསྟན་པར་བྱ་བའི་ཕྱིར། གསུང་གི་འཁོར་ལོ་ནི། འཁོར་ལོ་གོང་མ་ལས་ཅུང་ཟད་དམའ་བའི་ཕྱི་རོལ་ཏུ། ཁ་དོག་དམར་པོ་རྩིབས་བརྒྱད་པ་པདྨའི་རྭ་བ་དང༌། ཀ་བ་དང་གདུང་གིས་མཛེས་པར་བྱས་པ་སྟེ་གསུང་གི་རིགས་ཀྱི་ཁ་དོག་དང་མཚན་མ་ཡིན་པའི་ཕྱིར་རོ། །དེ་དག་གི་ཤར་ཕྱོགས་ཀྱི་རྩིབས་ཀཱ་མ་རཱུ་པར་ཨཾ་གུ་རི་དང་ཨེ་ར་པ་ཏིའོ། །བྱང་ཕྱོགས་ཨོ་ཊེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོའོ། །ནུབ་ཕྱོགས་ཀྱི་རྩིབས་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མའོ། །ལྷོ་ཕྱོགས་ཀྱི་རྩིབས་ཀོ་ས་ལར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མའོ། །ཤར་ལྷོའི་རྩིབས་ཀ་ལིངྒར་རབ་ཏུ་བཟང་པོ་དང་ཤྱཱ་མ་དེ་ཝཱིའོ། །ལྷོ་ནུབ་ཀྱི་རྩིབས་ལཾ་བཱ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོའོ། །ནུབ་བྱང་གི་རྩིབས་ཀཱཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མའོ། །བྱང་ཤར་གྱི་རྩིབས་ཧི་མཱ་ལ་ཡར་མིག་མི་བཟང་དང་ཁ་གཱ་ན་སྟེ། དེ་དག་ནི་གསུང་གི་འཁོར་ལོའོ། །གསུམ་པ་སྐུའི་གསུང་བ་བསྟན་པར་བྱ་བའི་ཕྱིར། སྐུའི་འཁོར་ལོ་ནི་གསུང་གི་འཁོར་ལོ་བས་ཅུང་ཟད་དམའ་བའི་ཕྱི་རོལ་ཏུ་ཁ་དོག་དཀར་པོ་རྩིབས་བརྒྱད་པ་འཁོར་ལོའི་རྭ་བ་དང༌། ཀ་བ་དང༌། གདུང་གིས་མཛེས་པར་བྱས་པ་ཡིན་ཏེ་སྐུའི་རིགས་ཀྱི་མཚན་མ་ཡིན་པའི་ཕྱིར་རོ། །དེའི་ཤར་ཕྱོགས་ཀྱི་རྩིབས་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མའོ། །བྱང་ཕྱོགས་གྲྀ་ཧ་དེ་བར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧཱའོ། །ནུབ་ཕྱོགས་སཽར་རཱཥྚར་རྟ་མགྲིན་དང་ཤཽཎྜི་ནཱིའོ། །ལྷོ་ཕྱོགས་སུ་བརཎྞ་དྭཱི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མའོ། །ཤར་ལྷོ་ན་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོའོ། །ལྷོན་ནུབ་སིནྡྷུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མའོ། །ནུབ་བྱང་མ་རོར་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མའོ། །བྱང་ཤར་ཀུ་ལུ་ཏཱར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ། དེ་དག་ནི་སྐུའི་འཁོར་ལོའོ། །ཁཎྜ་ཀ་པཱ་ལི་ལ་སོགས་པའི་དཔའ་བོ་རྣམས་ནི་ཞལ་གཅིག་ཕྱག་བཞི་པ་རལ་པའི་ཐོར་ཚུགས་ཀྱིས་མཚན་པའི་ཅོད་པན་ཅན། ཕྱག་དང་པོ་གཉིས་ཡུམ་ལ་འཁྱུད་པས་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཡས་འོག་མ་ན་ཌཱ་མ་རུ། གཡོན་འོག་མ་ཁ་ཊྭཱཾ་ག འདི་ལ་བླ་མ་ཕམ་ཐིང་བའི་དགོངས་པས་ཁ་ཊྭཱཾ་ག་ནི་གྲུ་མོར་འོང་བ་གཡོན་ངོས་སུ་ནི་ཐོད་པ་འོང་སྟེ། རྩ་བའི་རྒྱུད་ཀྱི་ལེའུ་དང་པོ་ལས། མཆོད་བཞི་དཔའ་བོ་ཆེན་པོ་བཞི་ཞེས་བྱ་བའི་གཞུང་གི་དགོངས་པ་ཡིན་ནོ། །ཞེས་གསུངས་ཏེ། བསྒོམ་པའི་ཚེ་ནི་ཐོད་པ་བསྒོམ་ལ། འདྲི་བ་ལྟ་བུའི་དུས་སུ་ནི་མི་བྲི་སྟེ། གཞུང་ན་སྦས་པ་ཡིན་པའི་ཕྱིར་རོ། །སྐུ་ལ་ཕྱག་རྒྱ་དྲུག་གིས་བརྒྱན་པ། གཡས་བརྐྱང་བའི་གནས་པས་བཞུགས་པའོ། །རབ་ཏུ་གཏུམ་མོ་ལ་སོགས་པའི་ལྷ་མོ་རྣམས་ནི་ཕྱག་གཉིས་མ་ཞལ་གཅིག་མ། གཡོན་ཐོད་པ་བསྣམས་པའི་ཕྱག་གིས་འཁྱུད་པ། གཡས་སྡིགས་མཛུབ་དང་གྲི་གུག་བསྣམས་པ། སྤྱན་གསུམ་པ་དྲག་པོའི་གཟུགས་ཅན། སྐྲ་གྲོལ་བས་རྣམ་པར་མཛེས་པ། གཉིས་སུ་མེད་པའི་སྦྱོར་བ་ལ་བརྩོན་པ། གཅེར་བུའི་མཆོག་རྒྱན་ལྔ་དང་ཚངས་པའི་སྐུད་པས་བརྒྱན་པ། མི་མགོའི་དོ་ཤལ་དང་སྐ་རགས་སིལ་སིལ་གྱི་སྒྲ་སྒྲོགས་པའོ། །དེ་ནས་དམ་ཚིག་གི་འཁོར་ལོ་ནི་ཤར་སྒོར་ཁྭའི་གདོང་ཅན་ནག་མོ། བྱང་སྒོར་འུག་པའི་གདོང་ཅན་ལྗང་གུ། ནུབ་སྒོར་ཁྱིའི་གདོང་ཅན་དམར་མོ། ལྷོ་སྒོར་ཕག་གི་གདོང་ཅན་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་ལ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་བ་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་བ་གཡོན་སྔོ་བའོ། །དེ་ལྟར་དེ་དག་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ། གཡས་ན་ཌཱ་མ་རུ་དང་གྲི་གུག གཡོན་ན་ཁ་ཊྭཱཾ་ག་དང་ཐོད་པ། གཅེར་བུ་རུས་པའི་རྒྱན་ལྔས་བརྒྱན་པ། ཡི་དྭགས་ཀྱི་གདན་ལ་གཡས་བརྐྱངས་པས་བཞུགས་ཤིང་སེམས་ཅན་གྱི་དོན་མཛད་པ་ལ་མངོན་པར་བརྩོན་པའོ། །དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དཔྲལ་བར་རྡོ་རྗེའི་ཕྲེང་བས་བརྒྱན་པ་ཡིན་ནོ། །དེ་ལ་འཁོར་ལོ་བཞི་པོའི་ས་གཞི་ནི་སྔོན་པོ་ཡིན་ལ། ས་གཞིའི་སྟེང་ནས་ཡར་རྩིབས་ཀྱི་ངོ་བོ་ཅུང་ཟད་ཙམ་འཕགས་པ་ཡིན་ལ། སོ་སོའི་མཐོན་དམན་གྱི་ཁྱད་པར་ནི་ལྷ་རྣམས་རང་གི་པུས་མོའི་ཚད་ཙམ་རེ་འཕགས་པ་ཡིན་ལ། རྡོ་རྗེ་ལ་སོགས་པའི་རྭ་བའི་དཔངས་ནི་ལྷ་དེ་དག་གི་སྐུའི་རྐེད་པ་ཙམ་སླེབ་པ་ཡིན་ཞིང༌། ཀ་བའི་དཔངས་ནི་ཡར་དབུའི་སྟེང་ནས་ཁྲུ་གང་ཙམ་གྱིས་འཕགས་པ་ཡིན་ལ། སྟེང་གི་ཕུབས་ཀྱིས་ནི་འོག་མའི་ཕུབས་ནོན་པས་ཏེ། བློའི་སྣང་བ་ལ་ཆར་གྱི་ཆུ་ལྟ་བུ་ཡང་གཅིག་གི་སྟེང་དུ་གཅིག་གི་ཆུ་བབས་ནས་དམ་ཚིག་གི་འཁོར་ལོའི་ཕུབས་ཀྱིས་འདོད་ཡོན་གྱི་སྟེང་གི་ཐད་སོ་ནོན་ཙམ་སྟེ་ཆུའང་འདོད་ཡོན་གྱི་ཕྱི་རོལ་འགྲོ་བ་ལྟ་བུའོ། །དམ་ཚིག་གི་འཁོར་ལོ་ནི་དཀྱིལ་འཁོར་གྱི་གཞི་ལ་ཕེབས་པ་སྟེ། ཁ་དོག་ནི་ཤར་སྔོ་བ། ལྷོ་སེར་བ། ནུབ་དམར་བ། བྱང་ལྗང་བའོ། །སྒོ་ནི་ས་གཞི་ལ་བྲིས་པ་བཞིན། བརྩེགས་ནས་ཡོད་པར་ཡང་འདོད་དེ་ཡ་ཕུབ་ནི་སྒོའི་དངོས་གཞི་ཡིན་པའི་ཕྱིར་ཡ་ཕུབ་ཀྱི་རྩིག་པ་ནི་མེད་པར་འདོད་ལ། སྒོ་ཁང་གི་སྟེང་བཀབ་པ་ནི་རྟ་བབས་ཡིན་པས་ཀ་བ་བཞིས་མཐོ་བར་བཏེག་པ། རྩིག་པའི་དངོས་གཞི་དང༌། རྟ་བབས་ཀྱི་བར་ན་ནམ་མཁའ་སྟོང་པ་དང་བཅས་པའོ། །ཕ་གུ་དང་མདའ་ཡབ་ཀྱི་བར་ན་དྲྭ་ཕྱེད་ཡོད་ལ། མདའ་ཡབ་ཀྱི་སྟེང་ནས་ཡར་ལ་པུ་ཤུ་ཞེས་བྱ་བ་རིན་པོ་ཆེའི་དྲྭ་བ་སིང་མ་ནང་ནས་ཕྱི་མཐོང་བ་མདའ་ཡབ་ཀྱི་དཔངས་དང་མཉམ་པ་ཡོད་དོ། །འདོད་ཡོན་གྱི་སྣམ་བུའི་སྟེང་ན་ཕྱོགས་རེ་ན་རིགས་མའི་ལྷ་མོ་བཞི་བཞི་སྟེ་བཅུ་དྲུག་གིས་ཡོངས་སུ་བསྐོར་བ་ཡིན་ནོ། །རྩིག་པ་ལྔ་ནི་ཡེ་ཤེས་ཀྱི་རིམ་པས་ནང་ནས་ནག་པོ་དང༌། དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་རྣམས་ཡིན་ལ། འདྲི་བའི་དུས་སུ་ནི་ནག་པོ་དང་ལྗང་གུ་ནས་བརྩམས་ཏེ་དཀར་པོ་ཕྱི་རོལ་ཏུ་བཏོན་ཡང་ཕྱོགས་ཀྱི་རིམ་པ་ཡིན་པའི་ཕྱིར་ཉེས་པ་མེད་དོ། །དུར་ཁྲོད་ནི་ལཱུ་ཧི་པའི་གཞུང་དུ་ཇོ་བོ་ནཱ་རོ་ཏ་པས་ཁ་བསྐང་བས་སྲུང་བའི་འཁོར་ལོའི་ནང་དུ་བཤད་ལ། རྡོ་རྗེ་མཁའ་འགྲོ་ནས་ནི་སྲུང་བའི་འཁོར་ལོའི་ཕྱི་རོལ་ཏུ་དུར་ཁྲོད་བརྒྱད་ཀྱིས་བརྒྱན་པའོ། །ཞེས་འབྱུང་ངོ༌། །གང་ལྟར་ཡང་རུང་སྟེ་སྲུང་བའི་འཁོར་ལོ་ནི་སྟེང་ན་བླ་རེ་དང༌། དེའི་ཕྱི་རོལ་ན་རྡོ་རྗེའི་གུར་དང༌། དེའི་ཕྱི་རོལ་ན་རྡོ་རྗེའི་རྭ་བ་དང་དྲྭ་བ་དང༌། དེའི་ཕྱི་རོལ་གྱི་མིག་གང་ཙམ་གྱིས་ས་ལ་མ་རེག་པའི་སྟེང་ཡན་ཆད་མདའི་དྲྭ་བ་མདེའུ་རྩེ་བསྣོལ་བ་ཕྱིར་བསྟན་པ་རྡོ་རྗེའི་གུར་ལྟ་བུ་དང༌། དེའི་ཐད་ཀའི་འོག་ཏུ་ནི་འོབས། ཕྱི་རོལ་ཏུ་ནི་མེ་རི་འབར་བའོ། །འོག་ཐམས་ཅད་ནི་རྡོ་རྗེའི་ས་གཞི་སྟེ། དེ་དག་ནི་སྲུང་བའི་འཁོར་ལོའོ། །དེ་ནས་སྲུང་བའི་འཁོར་ལོའི་ནང་ངམ་ཕྱི་རོལ་ཀྱང་རུང་སྟེ། དུར་ཁྲོད་ཆེན་པོ་རྣམ་པ་བརྒྱད་ནི། ཤར་ཕྱོགས་སུ་དྲག་ཏུ་གཏུམ་པའི་དུར་ཁྲོད་བྱང་ཕྱོགས་སུ་ཚང་ཚིང་འཁྲིགས་པ། ནུབ་ཕྱོགས་སུ་འུར་འུར་འབར་བ། ལྷོ་ཕྱོགས་སུ་འཇིགས་སུ་རུང་བ། མེའི་མཚམས་སུ་ནགས་ཚལ་ཕུན་སུམ་ཚོགས་པ། སྲིན་པོའི་མཚམས་སུ་མུན་པ་མི་བཟད་པ། རླུང་གི་མཚམས་སུ་ཀི་ལི་ཀི་ལའི་སྒྲ་རབ་ཏུ་སྒྲོགས་པ། དབང་ལྡན་གྱི་མཚམས་སུ་ཧ་ཧ་དགོད་པ། དུར་ཁྲོད་དེ་དག་ཏུ་འཇིགས་པའི་གཟུགས་ཀྱི་རོ་ལངས་དང་འབྱུང་པོ་འདུས་པ་ཅེ་སྤྱང་གི་སྒྲ་སྒྲོགས་པའོ། །རིམ་པ་དེ་ལྟར་གནས་པའི་དུར་ཁྲོད་བརྒྱད་པོ་དེར། ཤིང་དང༌། ཕྱོགས་སྐྱོང་དང༌། ཀླུའི་དབང་པོ་དང༌། སྤྲིན་གྱི་བདག་པོ་རྣམས་ལ། ཤི་རི་ཤ་དང༌། ཨ་ཤྭཏྠ་དང༌། ཨ་ཀོ་ལེ་དང༌། ཙཱུ་ཏའི་ཤིང་སྟེ། ཤར་ལ་སོགས་པ་གཡོན་སྐོར་གྱི་རིམ་པས་སོ། །ཀ་རཉྫ་དང༌། ལ་ཏ་པརྐ་ཏི་དང༌། བརྟི་པ་དང༌། བྷ་ཊ་སྟེ་མེ་ནས་བཟུང་སྟེ་གཡས་སྐོར་གྱི་རིམ་པས་སོ། །དབང་པོ་དང༌། ནོར་སྦྱིན་དང༌། ཆུ་ལྷ་དང༌། གཤིན་རྗེ་དང༌། དེ་བཞིན་དུ་བྱིན་ཟ་དང༌། སྲིན་པོ་དང༌། རླུང་བདག་དང༌། དབང་ལྡན་ཏེ་ཕྱོགས་སྐྱོང་བའོ། །དེ་བཞིན་དུ་ནོར་རྒྱས་དང༌། འཇོག་པོ་དང༌། སྟོབས་ཀྱི་རྒྱུ་དང༌། པདྨ་དང༌། དེ་བཞིན་དུ་མེར་ཧུ་ལུནྟ་དང༌། རིགས་ལྡན་དང༌། དུད་སྐྱོང་དང༌། པདྨ་ཆེན་པོ་སྟེ་ཀླུའི་དབང་པོའོ། །དེ་བཞིན་དུ་ཤར་ནས་བརྩམས་ཏེ་གཡོན་སྐོར་གྱི་རིམ་པས། སྒྲ་གྲགས་པ་དང༌། རྨུགས་པ་དང༌། མུན་པ་ཅན་དང༌། ཀུན་ཏུ་འཁྱིལ་པ་དང༌། དེ་བཞིན་དུ་མེའི་མཚམས་ནས་གཡས་སྐོར་དུ། གང་བ་དང༌། འབབ་པ་དང༌། དྲག་པོ་དང༌། འཁྲིག་པ་སྟེ་སྤྲིན་གྱི་བདག་པོ་རྣམས་སོ། །དེ་དག་ཏུ་ཤིང་རྣམས་ལ་གནས་པའི་ཞིང་སྐྱོང་བ་རྣམས་ནི་སྒོ་མཚམས་མ་བརྒྱད་ཀྱི་གཟུགས་འཛིན་པ་དག་ཡིན་ནོ། །གཞན་ཡང་དུར་ཁྲོད་དེ་དག་ཏུ་ཆུ་ཆེན་པོ་བརྒྱད་དང༌། མེ་ཆེན་པོ་བརྒྱད་དང༌། མཆོད་རྟེན་ཆེན་པོ་བརྒྱད་ལ་སོགས་པས་ཡོངས་སུ་གང་བ་ཡིན་ནོ། །ཞེས་བླ་མས་གསུང་ངོ༌། །དེ་ལྟར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྐྱེད་ནས་ཕོ་ཉ་བསྲེ་བ་ལས། སྤྱིར་ཕོ་ཉ་ཞེས་བྱ་བ་ནི་རྒྱལ་པོའི་ཕོ་ཉ་དང་འདྲ་སྟེ། དངོས་གྲུབ་འགུགས་པ་ལ་ཤིན་ཏུ་མྱུར་བས་ན་ཕོ་ཉ་ཞེས་བྱའོ། །དེའང་རྣམ་པ་གསུམ་སྟེ། ཕོ་ཉ་སྔགས་སྐྱེས་དང༌། ཞིང་སྐྱེས་དང༌། ལྷན་སྐྱེས་སོ། །དེ་སྐད་དུ་ཡང་རྩ་བའི་རྒྱུད་ལས། ཕོ་ཉ་རྣམ་གསུམ་ལེགས་འདྲེས་ནས། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །ཞེས་འབྱུང་ངོ༌། །དེ་ལ་སྒོམ་པ་དང་སྤྲོས་པ་བཅད་པ་གཉིས་ལས། དང་པོ་བརྗོད་ན་བློ་རྒྱ་ཆེ་ཆུང་གི་རིམ་པས་རྩིབས་དང་ལྷ་རེ་རེའི་སྟེང་ནས་བསྲེ་བ་དང༌། འཁོར་ལོ་རེ་རེའི་སྟེང་དུ་བསྲེ་བ་དང༌། དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་ལ་བསྲེ་བའོ། །དེ་རེ་རེ་ལའང་ཡུལ་ལ་ཡུལ་གྱི་ཞེན་པ་དང༌། ལྷ་ལ་ལྷའི་ཞེན་པ་བྱ་སྟེ། དེ་ལ་བདག་གིས་བསྒོམ་པའི་བློ་ལ་སྣང་བ་རྣམས་ནི་ཕོ་ཉ་སྔགས་སྐྱེས། འཛམ་བུའི་གླིང་གི་ཡུལ་རྣམས་ན་སྤྲུལ་པའི་སྐུ་ཉིད་དུ་དངོས་སུ་བཞུགས་པ་རྣམས་ནི་ཕོ་ཉ་ཞིང་སྐྱེས། འོག་མིན་ལོངས་སྤྱོད་རྫོགས་པའི་གནས་ན་བཞུགས་པ་ནི་ཕོ་ཉ་ལྷན་སྐྱེས་སོ། །དེ་གསུམ་བསྲེ་བ་བློ་ཐ་མའི་དབང་དུ་བྱས་ནས་བརྗོད་ན་བདག་གི་བློ་ལ་སྣང་བའི་ཐུགས་ཀྱི་འཁོར་ལོའི་ཤར་ཕྱོགས་ཀྱི་རྩིབས་སུ་པུལླཱི་ར་མཱ་ལ་ཡ་འདི། འཛམ་བུ་གླིང་ན་བཞུགས་པའི་ཡུལ་དེ་ཉིད་འདི་ཡིན་ལ། དེ་འོག་མིན་ན་བཞུགས་པའི་ཡུལ་དེ་ཉིད་ཡིན་ཞིང༌། དེའང་ཆོས་ཀྱི་སྐུ་ལས་བྱུང་བ་ཡིན་ནོ་སྙམ་དུ་ཡུལ་ལ་ཡུལ་གྱི་ཞེན་པ་བྱ། ཡང་བློ་སྣང་གི་ཐུགས་ཀྱི་འཁོར་ལོའི་ཤར་གྱི་རྩིབས་ལ་བཞུགས་པའི་ཁཎྜ་ཀ་པཱ་ལི་དང་རབ་ཏུ་གཏུམ་མོ་འདི་འཛམ་བུའི་གླིང་ན་བཞུགས་པའི་སྤྲུལ་པའི་སྐུའི་བཅོམ་ལྡན་འདས་དེ་ཉིད་ཡིན་ལ། དེ་ཉིད་འོག་མིན་ན་བཞུགས་པའི་ལོངས་སྐུའི་བཅོམ་ལྡན་འདས་ཡིན་ཞིང་དེ་ཉིད་ཆོས་ཀྱི་སྐུ་ལས་བྱུང་བའོ་སྙམ་དུ་ལྷ་ལ་ལྷའི་ཞེན་པ་བྱའོ། །དེ་བཞིན་དུ་ཡུལ་སོ་སོ་དང་ལྷ་སོ་སོ་ཡོངས་སུ་རྫོགས་ཀྱི་བར་དུ་བསྲེ་བར་བྱའོ། །དེ་དག་ཀྱང་བསྒོམ་པ་དང་བསྟུན་ནས། ལྷ་རེ་རེ་གསལ་བཏབ་པ་དང་བསྲེ་ཞིང་བསྒོམ་པ་ཡིན་ནོ། །བློ་འབྲིང་གིས་འཁོར་ལོ་རེ་རེ་ནས་བསྲེ་ན་ཐུགས་ཀྱི་འཁོར་ལོའི་རྩིབས་བརྒྱད་པོ་འདི་ཉིད་འཛམ་བུ་གླིང་ན་བཞུགས་པའི་ཡུལ་བརྒྱད་པོ་ཡིན་ལ། དེ་ཉིད་འོག་མིན་ན་བཞུགས་པའི་ཡུལ་ཉིད་ཡིན་ཞིང༌། དེ་ཆོས་ཀྱི་སྐུ་ལས་བྱུང་བ་ཡིན་ནོ་ཞེས་ཡུལ་ལ་ཡུལ་གྱི་ཞེན་པ་བྱའོ། །རྩིབས་བརྒྱད་པོའི་དཔའ་བོ་དང་དཔའ་མོ་དེ་དག་འཛམ་བུའི་གླིང་ན་བཞུགས་པའི་སྤྲུལ་པའི་སྐུའི་དཔའ་བོ་དང་རྣལ་འབྱོར་མ་ཡིན་ལ། དེ་ཉིད་འོག་མིན་ན་བཞུགས་པའི་ལོངས་སྐུའི་དཔའ་བོ་དང་རྣལ་འབྱོར་མ་ཡིན་ཞིང༌། དེ་ཆོས་ཀྱི་སྐུ་ལས་བྱུང་བ་ཡིན་སྙམ་དུ་ལྷ་ལ་ལྷའི་ཞེན་པ་བྱའོ། །དེ་བཞིན་དུ་འཁོར་ལོ་སོ་སོ་དང་ལྷ་རྣམས་ཡོངས་རྫོགས་ཀྱི་བར་དུ་བསྲེ་བར་བྱའོ། །བློ་རྒྱ་ཆེན་པོ་ཐམས་ཅད་ཀྱང་དུས་གཅིག་ཏུ་བསྲེ་ལ་བློ་ལ་སྣང་བའི་གཞལ་ཡས་ཁང་སྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་དང་བཅས་པ་འདི་ནི། ཕྱི་རོལ་སྣོད་ལ་བཞུགས་པའི་ཞིང་སྐྱེས་ཀྱི་ཡུལ་རྣམས་ཡིན་ལ། དེ་ཉིད་འོག་མིན་ན་བཞུགས་པའི་ལྷན་སྐྱེས་ཀྱི་གཞལ་ཡས་ཁང་ཡིན་པས། དེ་ཆོས་ཀྱི་སྐུ་ལས་བྱུང་བ་ཡིན་སྙམ་དུ་ཡུལ་ལ་ཡུལ་གྱི་ཞེན་པ་དང༌། ཡང་བློ་ལ་སྣང་བའི་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་སྔགས་སྐྱེས་འདི་ཉིད་འཛམ་བུ་གླིང་ན་བཞུགས་པའི་སྤྲུལ་པའི་སྐུ་ཞིང་སྐྱེས་ཡིན་ལ། དེ་ཉིད་འོག་མིན་ན་བཞུགས་པའི་ལྷན་སྐྱེས་ཀྱི་ལྷ་དྲུག་ཅུ་རྩ་གཉིས་ཡིན་ཞིང༌། དེ་ཆོས་ཀྱི་སྐུ་ལས་བྱུང་བའོ་སྙམ་དུ་ལྷ་ལ་ལྷའི་ཞེན་པ་བྱའོ། །བསྒོམ་པའི་རིམ་པའི་དབང་དུ་བྱས་ན་དེ་ཙམ་ཞིག་གིས་བཏུབ་བོ། །གལ་ཏེ་སྤྲོས་པ་གཅོད་པར་འདོད་ན་དེ་ལྟར་ཕོ་ཉ་བསྲེས་པས་འདྲེ་བར་ག་ལ་འགྱུར་སྙམ་ན་འདྲེ་བར་འགྱུར་ཏེ། ཞེན་པས་འཇུག་ཅིང་འབྲེལ་པས་མི་བསླུ་བའི་ཕྱིར་རོ། །དེ་འང་ཇི་ལྟར་ཞེ་ན། ལམ་བསྒོམ་པའི་དུས་སུ་བསྒོམ་པ་ཞེན་པ་ནི། ཞིང་སྐྱེས་དང་ལྷན་སྐྱེས་ལ་ཞེན་ཅིང་འཇུག་པ་ནི། སྔགས་སྐྱེས་ལ་ཞུགས་པས་འབྲེལ་པས་མི་བསླུ་སྟེ། དཔེར་ན་ནམ་མཁའ་ལས་ཟླ་བ་བྱུང་ན་ཆུ་ནང་དུ་འཆར་བ་བཞིན་དུ། ཆོས་སྐུའི་བྱིན་གྱི་རླབས་ཀྱིས་འོག་མིན་དུ་ལོངས་སྐུ་བྱུང་ལ། དེའི་མཐུས་འཛམ་བུ་གླིང་དུ་སྤྲུལ་སྐུ་འབྱུང་ལ། དེའི་མཐུས་སྒྲུབ་པ་པོའི་བློ་ལ་སྣང་བ་ཡིན་ནོ། །ཡང་འདིར་བསྒོམ་པ་མས་བསྒོམ་ཡང༌། བྱིན་གྱིས་ཡས་རློབ་ཅེས་བྱ་བ་དང༌། བསྒོམ་པ་མས་བསྒོམ་ལ་རྟོགས་པ་ཡས་འཆར་ཞེས་བ་ཡང་ཡིན་ཏེ། བསྒོམ་པ་མས་བསྒོམ་པ་ནི་སྔགས་སྐྱེས་ཁོ་ན་ལ་འཇུག་པ་ཡིན་ལ་བྱིན་གྱིས་ཡས་རློབ་སྟེ། སྔགས་སྐྱེས་ལ་ཞིང་སྐྱེས་ཀྱི་བྱིན་གྱིས་རློབ་ལ། ཞིང་སྐྱེས་ལ་ལྷན་སྐྱེས་ཀྱི་བྱིན་གྱིས་རློབ་ལ། དེ་ལ་ཡང་ཆོས་སྐུས་བྱིན་གྱིས་རློབ་པའི་ཕྱིར་རོ། །རྟོགས་པ་ཡར་འཆར་བ་ནི་སྔགས་སྐྱེས་བསྒོམས་པས་སྔོན་ལ་ཞིང་སྐྱེས་ཀྱི་རྟོགས་པ་འཆར་བ་ལྟ་བུ་ནི་མ་ཡིན་ཏེ། ཐོག་མ་ཁོ་ནར་ཆོས་ཐམས་ཅད་ཀྱི་རང་བཞིན་ཆོས་ཀྱི་སྐུའི་རྟོགས་པ་སྐྱེ་ལ། དེས་ལྷན་སྐྱེས་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་ཅིང༌། དེའི་ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་དོན་འཇིག་རྟེན་དུ་སྤྲུལ་པའི་སྐུ་ཞིང་སྐྱེས་འབྱུང་ལ། དེ་དག་གིས་སྒྲུབ་པ་པོའི་རྒྱུད་བྱིན་གྱིས་རློབ་པས་ན་སྔགས་སྐྱེས་ཀྱི་སྣང་བ་འབྱུང་བ་ཡིན་ནོ། །ཡང་འདིར་དེ་ལྟར་ཕོ་ཉ་གསུམ་འདྲེ་བར་མི་རྟོགས་ན། བསྲེ་བའི་ཡུལ་མ་ཚང་སྟེ། བློ་སྣང་སྔགས་སྐྱེས་ལ་ལྷ་ཐམས་ཅད་ཚང་ཡང་འཛམ་བུ་གླིང་ན་བདེ་བ་ཆེན་པོའི་འཁོར་ལོ་མི་བཞུགས་སོ་ཞེས་བྱ་བ་དང༌། འོག་མིན་ན་བདེ་བ་ཆེན་པོའི་འཁོར་ལོ་ཁོ་ན་ལས་གཞན་མི་བཞུགས་པར་གྲག་གོ་ཞེས་སྨྲ་ན། དེ་ལྟར་ནི་མིན་ཏེ། འཛམ་བུའི་གླིང་ལ་སོགས་པ་ཕྱི་རོལ་ན་ཡང་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ཚང་བར་བཞུགས་ལ། འོག་མིན་ན་ཡང་ཐམས་ཅད་བཞུགས་པ་ཉིད་ཡིན་ཏེ། རྒྱུ་ལ་ཆོས་ཅན་ཐམས་ཅད་ཚང་བར་ཉམས་སུ་བླངས་པས་འབྲས་བུ་ནི་གནས་འགྱུར་གྱི་ཚུལ་དུ་འབྱུང་བ་ཉིད་ཡིན་པས་ན་འདི་ལ་མ་ཚང་བ་ག་ལ་སྲིད། ཡང་ཁྱོད་སྨྲ་བ་བཞིན་ཡིན་དུ་ཆུག་ནའང༌། འཛམ་བུ་གླིང་ན་བཞུགས་པ་ནི་བསྡུ་བྱ་འཁོར་ཡིན་ལ། འོག་མིན་ན་བཞུགས་པ་ནི་སྡུད་བྱེད་གཙོ་བོ་ཡིན་པས་ན། འཁོར་ལ་བསྲེས་པས་ཀྱང་གཙོ་བོ་ལ་ཚང་ལ། གཙོ་བོ་ལ་བསྲེས་པས་ཀྱང་འཁོར་ལ་ཚང་སྟེ། དཔེར་ན་འཇིག་རྟེན་ན་འཁོར་མཉེས་ན་གཙོ་བོ་ཡང་མཉེས་ལ། གཙོ་བོ་མཉེས་ན་འཁོར་ཡང་མཉེས་པར་འགྱུར་བ་བཞིན་ནོ། །གཞན་དུ་ཡང་ལྷ་རེ་རེའི་ལུས་ལ་ཡང་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་ཚང་བར་ཡོད་པས་ན། ལྷ་རེ་རེ་ལ་བསྲེས་པས་ཀྱང་ཐམས་ཅད་བསྲེས་པར་འགྱུར་བ་ཡིན་ནོ། །དེ་ལྟར་དེ་དག་ཐམས་ཅད་ཀྱི་མིང་ནི་བློའི་ཡུལ་གཅིག་ལ་ཕོ་ཉ་གསུམ་བསྲེ་བ་ཞེས་བྱ་བ་ཡིན་ནོ། །ཡང་མངོན་པར་རྟོགས་པ་གཅིག་ལ་ཕོ་ཉ་གསུམ་བསྲེ་བ་ཞེས་བྱ་བ་ནི། ཕྱིའི་དཀྱིལ་འཁོར་དག་པ་དང་བཅས་པ་ཕྱི་རོལ་ན་ཡོད་པ་དང་མཐུན་པས་ན་ཕོ་ཉ་ཞིང་སྐྱེས། ལུས་ཀྱི་དཀྱིལ་འཁོར་སྔགས་ཀྱི་བྱིན་གྱིས་རློབ་པ་དང་བཅས་པ་སྔགས་ལས་བྱུང་བས་ནི་ཕོ་ཉ་སྔགས་སྐྱེས། རྫོགས་པའི་རིམ་པ་སྤྱོད་པ་དང་བཅས་པ་རང་བཞིན་མེད་པའི་ངོ་བོ་ཡིན་པའི་ཕྱིར་ཕོ་ཉ་ལྷན་སྐྱེས་ཏེ་མངོན་པར་རྟོགས་པ་རྫོགས་པ་གཅིག་ལ་ཕོ་ཉ་གསུམ་བསྲེ་བ་ཞེས་བྱ་བ་ཡིན་ནོ། །ཡང་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ལ་ཕོ་ཉ་གསུམ་བསྲེ་ན། བདེ་བ་ཆེན་པོའི་འཁོར་ལོ་ནི་ཕོ་ཉ་ལྷན་སྐྱེས། འཁོར་ལོ་གསུམ་ནི་ཕོ་ཉ་ཞིང་སྐྱེས་སྒོ་མཚམས་མ་བརྒྱད་ནི་ཕོ་ཉ་སྔགས་སྐྱེས་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་ལྟར་བློའི་རིམ་པས་རིམ་གྱིས་བསྲེའམ་ཅིག་ཆར་དུ་བསྲེ་ཡང་རུང་སྟེ། ཕོ་ཉ་གསུམ་བསྲེ་བ་ལ་བློ་དད་པས་བརྟན་པར་བསྒོམ་པར་བྱའོ། །དེ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་བརྗོད་པར་བྱ་སྟེ། དེ་ཡང་ལྷའི་སྐུ་རྡོས་པོའི་རྣམ་པ་ལྟ་བུར་མཐོང་སྟེ་ལྷ་ལ་མངོན་པར་ཞེན་པ་སྐྱེ་ན་ཚུར་དག་ཏུ་སྦྱར་བར་བྱ་སྟེ་ཡང་དག་པར་ན་མཁའ་འགྲོ་མ་ནི་ལུས་རྗེས་སུ་དྲན་པའོ། །ཞེས་བྱ་བ་ལ་སོགས་པར་ཤེས་པར་བྱའོ། །ལམ་ལ་སོམ་ཉི་ཟ་སྟེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ལམ་དམན་པའམ་ལོག་པ་ཞིག་ཏུ་གོ་ན་དེ་ནི་མ་ཡིན་ཏེ། ལུས་དྲན་པ་ཉེ་བར་གཞག་པ་ནི་མཁའ་འགྲོ་མའོ། །ཞེས་བྱ་བ་ལ་སོགས་པ་སྟེ། དག་བྱ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུ་བྱས་ན་དག་བྱེད་ལྷས་དག་པར་བྱས་ཏེ། ལམ་དམན་པའམ་གུད་དུ་མ་ལས་པར་ཤེས་པར་བྱའོ། །དེ་ལྟར་ལྷ་ལ་ཞེན་པ་མི་སྐྱེ་ཞིང་ལམ་ལ་ལམ་སོམ་ཉི་མི་ཟ་ན་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་ངག་ཏུ་བརྗོད་མི་དགོས་སོ། །ཞེས་གསུངས་ཀྱང་བླ་མ་གོང་མ་རྣམས་ནི་ཅིས་ཀྱང་ཕྱག་ལེན་ལ་མཛད་དོ། །དེའི་དོན་དེ་དག་འདི་ཡིན་ནོ་སྙམ་དུ་བསམ་ཞིང་ངག་ཏུ་འདི་སྐད་བརྗོད་པར་བྱ་སྟེ། ལུས་དྲན་པ་ཉེ་བར་གཞག་པ་ནི་མཁའ་འགྲོ་མའོ། །ཚོར་བ་རྗེས་སུ་དྲན་པ་ནི་ལཱ་མཱའོ། །ཆོས་རྗེས་སུ་དྲན་པ་ནི་ཁཎྜ་རོ་ཧཱའོ། །སེམས་རྗེས་སུ་དྲན་པ་ནི་གཟུགས་ཅན་མའོ། །འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་ཁཎྜ་ཀ་པཱ་ལི་དང་རབ་ཏུ་གཏུམ་མོའོ། །བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་མ་ཧཱ་ཀཾ་ཀཱ་ལ་དང་གཏུམ་པའི་མིག་ཅན་མའོ། །སྤྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་ཀཾ་ཀཱ་ལ་དང་འོད་ལྡན་མའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མའོ། །དད་པའི་དབང་པོ་ནི་སུ་རཱ་བཻ་རི་དང་བརྟན་པའི་བློ་ཅན་མའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་འོད་དཔག་མེད་དང་མིའུ་ཐུང་མའོ། །དྲན་པའི་དབང་པོ་ནི་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་རྡོ་རྗེའི་སྐུ་དང་ཤིང་གྲིབ་མའོ། །ཤེས་རབ་ཀྱི་དབང་པོ་ནི་ཨཾ་གུ་རི་དང་ཨཻ་རཱ་བ་ཏཱིའོ། །དད་པའི་སྟོབས་ནི་རྡོ་རྗེ་རལ་པ་ཅན་དང་འཇིག་བྱེད་ཆེན་མའོ། །བརྩོན་འགྲུས་ཀྱི་སྟོབས་ནི་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མའོ། །དྲན་པའི་སྟོབས་ནི་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མའོ། །ཏིང་ངེ་འཛིན་གྱི་སྟོབས་ནི་རབ་ཏུ་བཟང་པོ་དང་ཤྱཱ་མ་དེ་ཝཱིའོ། །ཤེས་རབ་ཀྱི་སྟོབས་ནི་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་མིག་མི་བཟང་དང་ཁ་གཱ་ནའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མའོ། །ཤིན་ཏུ་སྦྱང་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧཱའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་མགྲིན་དང་ཤཽཎྜི་ནཱིའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོའོ། །ཡང་དག་པའི་ལྟ་བ་ནི་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མའོ། །ཡང་དག་པའི་རྟོག་པ་ནི་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མའོ། །ཡང་དག་པའི་ངག་ནི་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཅན་མའོ། །ཡང་དག་པའི་ལས་ཀྱི་མཐའ་ནི་བྱ་རོག་གི་གདོང་ཅན་མའོ། །ཡང་དག་པའི་འཚོ་བ་ནི་འུག་པའི་གདོང་ཅན་མའོ། །ཡང་དག་པའི་རྩོལ་པ་ནི་ཁྱིའི་གདོང་ཅན་མའོ། །ཡང་དག་པའི་དྲན་པ་ནི་ཕག་གི་གདོང་ཅན་མའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པ་ནི་ཡ་མ་དཱ་དྷིའོ། །དགེ་བའི་ཆོས་སྐྱེས་བ་རྣམས་ཡང་དག་པར་བསྲུང་བ་ནི་གཤིན་རྗེ་ཕོ་ཉ་མའོ། །མི་དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་སྤང་བ་ནི་གཤིན་རྗེ་མཆེ་བ་མའོ། །མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་ནི་གཤིན་རྗེ་འཇོམས་མའོ། །ཞེས་བརྗོད་ཅིང་དྲན་པར་བྱའོ། །དེ་ལྟར་གཞུང་ནས་ཡང་དག་པར་སྤང་བ་བཞི་འཇུག་ཏུ་སྨོས་པ་ནི་ལྷའི་གོ་རིམ་མི་འཁྲུག་པར་བྱ་བའི་ཕྱིར་ཡིན་ལ། དཔལ་ཧེ་རུ་ཀ་མཇུག་ཏུ་སྨོས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་གོ་རིམ་མི་འཁྲུག་པར་བྱ་བའི་དགོས་པ་ཡིན་ནོ། །གཞུང་ནས་འཁོར་ལོ་གསུམ་གྱི་ཡུམ་འབའ་ཞིག་སྨོས་པ་ནི་ཤེས་རབ་ཀྱི་རྒྱུད་གཙོ་བོར་གྱུར་པ་དང་རྩ་རྣམས་ལྷ་མོ་ཡིན་པ་ལ་དགོངས་ལ། ཡབ་ཧེ་རུ་ཀ་ཙམ་ཞིག་སྨོས་པས་ནི་ཡུམ་བཞིན་དུ་ཡབ་དཔའ་བོ་རྣམས་ཀྱང་དག་གོ་ཞེས་བྱ་བ་ལ་དགོངས་ལ། དེས་ན་སྒོམ་པ་དང་བརྗོད་པ་གཉིས་ཀའི་དུས་སུ་ཟུང་འཇུག་ཏུ་ཤེས་པར་བྱ་བའི་ཕྱིར་འདིར་བསྡེབས་ཏེ་བྲིས་པ་ཡིན་ནོ། །ཞར་ལས་བྱུང་བ་བྱང་ཆུབ་ཀྱི་ཕྱོགས་རྣམས་རྫོགས་པའི་རིམ་པ་དང་སྦྱར་ཏེ་བཤད་ན། ཐོག་མར་འབྱུང་བ་བཞིའི་རླུང་ཟིན་པའི་སྟོབས་ཀྱིས་ལུས་ལྡང་བ་ཡང་བ་དང༌། ཟོ་མདོག་བདེ་བ་ནི་ལུས་དྲན་པ་ཉེ་བར་གཞག་པ། རླུང་དབུ་མར་ཚུད་པས་ཚོར་བ་བདེ་བ་སྐྱེས་པ་ནི་ཚོར་བ་དྲན་པ་ཉེ་བར་གཞག་པ། དེས་སེམས་མི་རྟོག་པར་འགྱུར་བ་ནི་སེམས་དྲན་པ་ཉེ་བར་གཞག་པ། དེས་ཆོས་ཐམས་ཅད་ཡིད་ལ་མི་བྱེད་ཅིང་མི་རྟོག་པ་སྐྱེས་པ་ནི་ཆོས་དྲན་པ་ཉེ་བར་གཞག་པའོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་བཞི་ལ་ཡང་ལས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་གྱི་གནས་སྐབས་ཀྱི་ཆོས་ལ་སྦྱར་ཏེ། དེའང་དང་པོ་གཉིས་ནི་ལས་ཀྱི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་མ་སྐྱེས་པ་མི་སྐྱེད་པ་བསྐྱེད་པ་སྤང་བ། འོག་མ་གཉིས་ནི་ཡེ་ཤེས་ཀྱི་རླུང་མ་སྐྱེས་པ་སྐྱེད་སྐྱེས་པ་གོང་དུ་འཕེལ་བར་བྱེད་པའོ། །དེ་ནས་འབྱུང་བ་བཞིའི་རླུང་ལ་བརྟེན་ནས་རྟོགས་པ་གོང་ནས་གོང་དུ་མྱུར་བ་ནི་རྫུ་འཕྲུལ་གྱི་རྐང་པ་བཞིའོ། །དེ་བཞིན་དུ། ཡེ་ཤེས་ཀྱི་རླུང་ལྔ་ལ་ཅུང་ཟད་དབང་དུ་གྱུར་པ་ནི་དབང་པོ་ལྔའོ། །ལས་ཀྱི་རླུང་ལྔར་འཛོམ་པ་ལ་སྟོབས་སུ་གྱུར་པ་ནི་སྟོབས་ལྔའོ། །ཡུལ་ཉི་ཤུ་རྩ་བཞི་ལས་ཡུལ་བཞིའི་རླུང་འགག་པ་ལས་ས་དང་པོའི་རྟོགས་པ་སྐྱེས་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །ཡུལ་ལྷག་མ་རྣམས་ཐིམ་པ་ལས་ས་བཅུའི་བར་གྱི་རྟོགས་པ་སྐྱེ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །ཞར་ལས་བྱུང་བ་རྫོགས་པའི་རིམ་པ་ལ་སྦྱར་བ་བསྟན་ཟིན་ཏོ། །དེ་དག་གིས་ནི་ཕྱིའི་དཀྱིལ་འཁོར་དག་པ་དང་བཅས་པ་སྤྲུལ་པའི་སྐུ་ལམ་དུ་བྱེད་པའི་སྒྲུབ་ཐབས་ཞེས་བྱ་བ་བསྟན་ཟིན་ཏོ།།  །།དེ་ནས་ལུས་ཀྱི་དཀྱིལ་འཁོར་སྔགས་ཀྱིས་བྱིན་གྱིས་བརླབས་པ་དང་བཅས་པ་ལོངས་སྤྱོད་རྫོགས་པའི་སྐུ་ལམ་དུ་བྱེད་པའི་མངོན་པར་རྟོགས་པ་རྒྱས་པ་ནི་འོག་འབྲིང་གི་རྣལ་འབྱོར་གྱི་སྐབས་སུ་འཆད་པར་འགྱུར་ལ། འདིར་ཅུང་ཟད་ཙམ་ཞིག་བསྟན་པར་བྱ་སྟེ། འོག་རླུང་དང་ལྟག་པའི་རླུང་གིས་སྤྱི་གཙུག་ཏུ་ཧཾ་དང་ལྟེ་བའི་ཨཾ་བསྐུལ་བས་སྙིང་གར་སྒྲ་ཚུལ་འདྲེས་པ་ལ་བརྟེན་ནས་རྒྱས་པའི་སྐབས་འདིར་ལུས་ཀྱི་རྟེན་ནི་གསལ་མ་བཏབ་ཀྱང་བཏུབ་བཏབ་ཀྱང་འགལ་བ་ནི་མེད་ལ། བརྟེན་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་དུས་གཅིག་ཏུ་སྐྱེད་དེ། ཤིན་ཏུ་རྫོགས་པར་གསལ་བཏབ་ལ་སྔགས་ཀྱི་བྱིན་གྱིས་བརླབ་པར་བྱའོ། །དེ་དག་ནི་ཡན་ལག་དང་པོ་དམ་ཚིགས་སེམས་དཔའ་བསྐྱེད་པ་ཞེས་བྱ་བ་ཡིན་ནོ། །དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། ཕྱི་མཆོད་ཡིད་མཆོད་གཉིས་ཀྱིས་མཆོད་དེ་ཛཿཧཱུྃ་བཾ་ཧོཿདགུག་གཞུག་བྱས་ལ་བསྟིམ། སྔགས་དང་ཕྱག་རྒྱ་བརྟན་པར་བྱ། དེ་ནི་ཡན་ལག་གཉིས་པ་ཉེ་བར་བསྒྲུབ་པའང་ཡིན་ནོ། །དེ་ནས་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་མི་འབྲལ་བར་བྱ་བའི་ཕྱིར་ཤིང་གཉིས་གཟེར་གྱིས་འདེབས་པ་དང་འདྲ་བར་དཔའ་བོ་དང་དཔའ་མོའི་གོ་ཆ་བཅིང་བར་བྱ་སྟེ། དེ་ནི་ཡན་ལག་གསུམ་པ་སྒྲུབ་པ་ཡིན་ནོ། །འདི་གཉིས་ནི་གོ་ཆ་བཅིང་བ་སྔོན་ལ་བྱས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཕྱིས་འཛུད་པ་ནི་ལོ་ཧི་པའི་གཞུང་ན་ཡང་ཡོད་ཅིང་སྒྲུབ་པའི་ཐབས་གཞན་ནས་ཀྱང་འབྱུང་བས་དེ་ལྟར་བྱས་ཀྱང་འགལ་བ་མེད་དོ། །ཞེས་བདག་གི་བླ་མ་གསུང་མོད། ནཱ་རོ་པའི་དགོངས་པ་ནི་ཡེ་ཤེས་དགུག་གཞུག་སྔོན་ལ་བྱེད་པ་ཡིན་ནོ་ཞེས་གསུངས་སོ། །དེ་ནས་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་དབང་བསྐུར་གྱི་ལྷ་མདུན་དུ་སྤྱན་དྲངས་ལ། ཕྱི་དང་ཡིད་ཀྱི་མཆོད་པས་མཆོད་དེ་གསོལ་བ་བཏབ་ནས་དབང་བསྐུར་ཏེ། རིགས་ཀྱི་བདག་པོའི་རྒྱས་གདབ་པར་བྱའོ། །དེ་ནི་ཡན་ལག་བཞི་པ་བསྒྲུབ་པ་ཆེན་པོ་ཡང་ཡིན་ཏེ། བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ཞེས་བྱ་བའི་མངོན་པར་རྟོགས་པའོ། །དེ་ལ་མཆོད་པ་ནི་མངོན་པར་རྟོགས་པ་ནང་མའི་སྐབས་སུ་སྔགས་ཀྱི་མཆོད་པ། ཕྱིའི་དང༌། ནང་བདུད་རྩིའི་དང༌། མཉེས་པ་དང༌། ཡིད་ཀྱི་མཆོད་པ་དང༌། བསྟོད་པ་སྟེ་དྲུག་བྱེད་ལ། ཚེས་བཅུའི་མཆོད་པ་ལ་སོགས་པའི་དུས་སུ་ནི་ཕྱི་མཆོད་ཀྱི་རྗེས་ལ་རིགས་མ་བཅུ་དྲུག་དང་རིན་པོ་ཆེ་སྣ་བདུན་དང་འདོད་ཡོན་ལྔ་སྟེ་དགུ་བྱེད་པ་ཡིན་ནོ། །ཡན་ལག་འོག་མ་གསུམ་ནི་འོག་འབྲིང་གི་སྐབས་སུ་ཞིབ་ཏུ་བརྗོད་པར་བྱའོ། །དེ་ལྟར་བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ལ་མཆོད་ནས་བཟླས་པ་བྱ། དེའི་རྗེས་ལ་ཐུན་གོང་མ་གསུམ་ལ་ནི་རྡོ་རྗེ་སེམས་དཔའ་བསྡུ་བའི་ཚུལ་གྱིས་རྫོགས་པའི་རིམ་པ་བསྒོམ་པ་དང༌། དེ་ལས་ལྷའི་སྐུར་ལངས་ནས་དག་པ་རྗེས་སུ་དྲན་པར་བྱ་སྟེ། དེ་དག་ནི་མཉམ་པར་བཞག་པའི་རྣལ་འབྱོར་ཞེས་བྱ་བ་ཡིན་ནོ། །དེ་ནས་སྤྱོད་ལམ་གྱི་རྣལ་འབྱོར་དང་ཁ་ཟས་ཀྱི་རྣལ་འབྱོར་གཉིས་འདྲེ་ཞིང་འབྱུང་བ་ཡིན་ལ། བླ་མ་ཁ་ཅིག་ནི་དག་པ་རྗེས་སུ་དྲན་པ་སྤྱོད་ལམ་གྱི་ཁོངས་སུ་འདུའོ། །ཞེས་གསུང་ངོ༌། །སྲོད་ཀྱི་ཐུན་ལ་ནི་ལཱུ་ཧི་པའི་གཞུང་ཇི་ལྟ་བ་བཞིན་དུ་བཟླས་པའི་རྗེས་ལ་གཏོར་མ་བཏང་ལ། དེ་ནས་དག་པ་རྗེས་སུ་དྲན་པར་བྱ་སྟེ། དེ་ནས་གནས་སྐབས་ཁ་ཅིག་ཏུ་བྲེལ་བར་བྱུང་ན་སྤྱོད་ལམ་དང་ཁ་ཟས་ཀྱི་རྣལ་འབྱོར་བྱས་ལ་རྡོ་རྗེས་སེམས་དཔའ་བསྡུ་བའི་རྫོགས་པའི་རིམ་པ་བསྒོམ་པའི་ཚུལ་གྱིས་ཉལ་བའི་རྣལ་འབྱོར་བྱས་ཏེ་གཉིད་ལོག་པར་བྱའོ། །ནང་པར་ལྡང་བའི་རྣལ་འབྱོར་བྱས་ཏེ་ལངས་ལ་ཆོ་ག་ཐམས་ཅད་སྔ་མ་བཞིན་དུ་རྗེས་སུ་སྤྱད་པར་བྱའོ། །ཐུན་མཚམས་བཞི་ཀ་ལ་གཏོར་མ་བཏང་བར་འདོད་ན་བཟླས་པའི་རྗེས་ལ་རྫོགས་པའི་རིམ་པ་བསྒོམ་ལ་དེ་ལས་ལངས་ཏེ། གཏོར་མ་བཏང་ནས་དག་པ་རྗེས་སུ་དྲན་པ་དང༌། སྤྱོད་ལམ་དང་ཁ་ཟས་ཀྱི་རྣལ་འབྱོར་ལ་འཇུག་པ་ཡིན་ནོ། །དེ་ལྟར་ན་ནི་དག་པ་རྗེས་སུ་དྲན་པ་སྤྱོད་ལམ་གྱི་ཁོངས་སུ་མཛེས་སོ། །ཡང་ལུགས་གཞན་སྲོད་ཐུན་གྱི་སྐབས་སུ་བཟླས་པའི་རྗེས་ལ་གཏོར་མ་བཏང་ནས་རྫོགས་པའི་རིམ་པའི་ངང་ལ་ཉལ་ཏེ། ནང་པར་ལྡང་བའི་རྣལ་འབྱོར་གྱི་རྗེས་ལ་དག་པ་རྗེས་སུ་དྲན་པ་བྱས་ནས་དེའི་རྗེས་ལ་ཆོ་ག་ཐམས་ཅད་སྔ་མ་བཞིན་དུ་རྗེས་སུ་སྤྱད་པར་བྱའོ་ཞེས་ཀྱང་གསུངས་སོ། །དེ་དག་ཀྱང་འོག་འབྲིང་གི་སྐབས་སུ་ཞིབ་ཏུ་བརྗོད་པར་བྱའོ། །རྒྱས་པ་ལ་དགའ་ན་ཇི་སྙེད་ཡོད་པའི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་བསྒོམ་པའི་མངོན་པར་རྟོགས་པ་རྫོགས་པ་བསྟན་ཟིན་ཏོ།།  །།འབྲིང་ལ་དགའ་བས་ཅི་ལྟ་བ་བཞིན་དུ་བསྒོམ་པས་ཞེས་བྱ་བའི་མངོན་པར་རྟོགས་པ་བསྒོམ་པར་བྱ་སྟེ། དེ་ཡང་མདང་ནུབ་མོ་ཉལ་བའི་རྣལ་འབྱོར་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ངང་ལ་ཉལ། ནང་པར་ལྡང་བའི་རྣལ་འབྱོར་ཌཱ་མ་རུའི་སྒྲ་དཔའ་བོ་ཉི་ཤུ་རྩ་བཞིའི་སྔགས་སུ་གྲགས་པས་གཉིད་བསླང༌། སྐད་ཅིག་གི་ཧེ་རུ་ཀར་བསྒོམ་སྟེ་སྐུའི་དགའ་བ་ལུས་ལྷར་བྱིན་གྱིས་བརླབ། ངག་ཏུ་ཤྲཱི་ཧེ་རུ་ཀ་ཨ་ཧཾ་ཞེས་བརྗོད་ལ་ཡི་གེ་བཞིའི་དོན་དྲན་པར་བྱས་ཏེ་གསུང་གི་དགའ་བ་ངག་སྔགས་སུ་བྱིན་གྱིས་བརླབ། སྙིང་གར་ཨ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ་སྟེ་དག་པ་འཇིག་རྟེན་པའི་ཡེ་ཤེས། དེའི་སྟེང་དུ་ཡི་གེ་ཧཱུྃ་བསམ་པ་ནི་སེམས་གཟུང་འཛིན་གཉིས་བྲལ་གྱི་ཡིད་ཀྱི་ངོ་བོ་སྟེ་སེམས་ཡེ་ཤེས་སུ་བྱིན་གྱིས་བརླབ། བསམ་གཏན་གྱི་གྲོགས་སུ་འགྲོ་ན་ཁྲུས་བྱས། སྟན་བདེ་བ་ལ་བསྡད་ནས་མངོན་པར་རྟོགས་པ་བསྒོམ་པ་ནི། བདག་གི་སྟན་བདེ་བ་ལ་བསྡད་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་འཁོར་ལོ་བདེ་མཆོག་གི་གོ་འཕང་ཐོབ་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་ཚད་མེད་པ་བཞིའི་དོད་ཡིན་ནོ། །དེ་ནས་བདག་བླ་མ་དམ་པས་དཀྱིལ་འཁོར་དུ་བཙུད་ཚུན་ཆད་དུ་བདག་གི་ལུས་ནི་རྟེན་གཞལ་ཡས་ཁང་པ་ཡིན་ལ། དེ་ལ་བརྟེན་པ་ལྷ་བཅུ་བདུན་དང༌། དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ནི་ངོ་བོ་ཉིད་ཀྱིས་གནས་པ་ཡིན་སྙམ་པ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་གཞི་སྦྱང་བསྒྱུར་གྱི་དོད་ཡིན་ནོ། །དེ་ནས་བླ་མའི་ཕྱག་གཉིས་སྤྱི་བོར་བསྒོམ་ལ། འདི་ཉིད་ཁོ་ན་སངས་རྒྱས་དང་ཆོས་དང་དགེ་འདུན་ཐམས་ཅད་ཀྱི་ངོ་བོ་ཡིན། བདག་གི་རྒྱུད་ལ་ཡོན་ཏན་རིན་པོ་ཆེ་སྐྱེད་པར་བྱེད་པ་ཡང་འདི་ཉིད་ཡིན་སྙམ་དུ་བསམ་ལ། མོས་གུས་དྲག་པོ་བྱས་ལ་སྤྱི་བོ་ནས་མར་བསྟིམ་སྟེ་ཚོགས་བསགས་བཅུ་གཉིས་ཀྱི་དོད་ཡིན་ནོ། །དེ་ནས་ལས་དང་པོ་པ་ལ་བར་ཆད་འབྱུང་བར་འདྲ་བས་ན་སྲུང་བའི་འཁོར་ལོ་རྒྱས་པ་བཞིན་བསྒོམ་པར་བྱ་སྟེ། དེ་ལ་གསུམ། ས་ཕྱོགས་བགེགས་དང་བྲལ་བར་བྱ་བ་དང༌། སྲུང་བའི་འཁོར་ལོ་བརྟན་པར་བསྒོམ་པ་དང༌། བགེགས་ཚར་གཅད་པའོ། །དང་པོ་ནི་བདག་གི་སྙིང་གའི་ཧཱུྃ་ལས་གཤིན་རྗེའི་གཤེད་བཅུའམ། ཁཎྜ་རོ་ཧཱ་བཅུ་སྒོ་མཚམས་མ་བརྒྱད་དང་ཁཎྜ་རོ་ཧཱ་གཉིས་ཏེ་བཅུ་གང་བློ་ལ་མོས་པ་སྤྲོ་གསུངས་ནའང༌། སྒོ་མཚམས་མ་བརྒྱད་དང་ཁཎྜ་རོ་ཧཱ་གཉིས་ཏེ་བཅུ་སྤྲོས་ཏེ་ཤར་གྱི་དང་སྟེང་གི་དུས་གཅིག འོག་གི་དང་ནུབ་ཀྱི་དུས་གཅིག་སྤྲོས་ལ་སའི་ཕྱོགས་དེའི་བགེགས་ཐམས་ཅད་བསྐྲད་པར་བསམ་ཞིང་ངག་ཏུ་སྔགས་བརྗོད། ལུས་ཀྱི་གཡོན་པའི་སྡིགས་མཛུབ་ཕྱོགས་བཅུར་བསྟན་ཅིང་སེ་གོལ་བརྡབ་པར་བྱ་སྟེ། དེའང་ཕྱོགས་རྣམས་ནི་ཤར་ནས་བཟུང་ནས་གཡོན་སྐོར། མཚམས་རྣམས་ནི་མེ་ནས་བཟུང་ནས་གཡས་སྐོར་དུ་ཞལ་བཞི་པའི་སྔགས་ལན་གཉིས་སུ་ལྡབ་ལ་བརྗོད་པར་བྱའོ། །དེ་ལ་གསང་སྔགས་ནི། ཨོཾ་སུམྦྷ་ནི་སུམྦྷ་ཧུྃ་ཧཱུྃ་ཕ་ཊ། ཨོཾ་གྲིཧྣ་གྲིཧྣ་ཧུྃ་ཧཱུྃ་ཕཊ། ཨོཾ་གྲིཧྣཱ་པ་ཡ་གྲིཧྣཱ་པ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱཾ་བཛྲ་ཧཱུྃ་ཧཱུྃ་ཕཊ། ཅེས་བྱའོ། །དེ་ནས་སྲུང་བའི་འཁོར་ལོ་བརྟན་པར་བསྒོམ་པ་ནི། ས་ཕྱོགས་དེར་རྃ་ལས་ཉི་མའི་དཀྱིལ་འཁོར་བསམ། དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་སྔོ་བ། ལྷོ་སེར་བ། ནུབ་དམར་བ། བྱང་ལྗང་བ་བསམ། དེའི་ལྟེ་བའི་ཧཱུྃ་ལས་འོད་བྱུང་བས་འོག་ཐམས་ཅད་རྡོ་རྗེའི་ས་གཞིར་བསྒོམས་ལ། ཨོཾ་མེ་དེ་ནཱི་བཛྲཱི་བྷ་ཝ་བནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཅེས་པ་ལན་གསུམ་གྱིས་བྱིན་གྱིས་བརླབས་ཅིང་བརྟན་པར་བྱ། ཡང་འོད་ཟེར་ཕྱོགས་སུ་འཕྲོས་པས་རྡོ་རྗེ་ནག་པོ་གདེངས་པ་འགྲེང་བུར་གྱུར་པའི་རྭ་བ་དང༌། ཡང་རྡོ་རྗེ་འཕྲེད་ལ་སོང་བའི་དྲྭ་བ་བསྒོམས་ལ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུྃ་བཾ་ཧཱུྃ། ཞེས་པ་ལན་གསུམ་གྱིས་བརྟན་པར་བྱ། ཡང་འོད་ཟེར་སྟེང་དུ་འཕྲོས་པས་རྡོ་རྗེའི་རྭ་བ་དང་དྲྭ་བའི་ནང་དུ་རྡོ་རྗེའི་གུར་བསྒོམས་ལ། ཨོཾ་བཛྲ་པཉྫ་ར་ཧཱུྃ་ཡཾ་ཧཱུྃ། ཞེས་པ་ལན་གསུམ་གྱི་བྱིན་གྱིས་བརླབ་ཡང་འོག་ཏུ་རྡོ་རྗེའི་བླ་རེ་བསྒོམས་ལ། ཨོཾ་བཛྲ་བི་ཏཱ་ན་ཧཱུྃ་ཁཾ་ཧཱུྃ། ཞེས་པས་བྱིན་གྱིས་བརླབ། ཡང་འོད་ཟེར་ཕྱིར་འཕྲོས་པས་དེ་དག་གི་ཕྱི་རོལ་ཏུ་མདའི་དྲྭ་བ་མདེའུ་རྩེ་བསྣོལ་བ་ཕྱིར་བསྟན་པ་སྲིད་པའི་རྩེ་མོ་ལ་ཐུག་པ་བསྒོམས་ལ། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲཾ་སཾ་ཏྲཾ་ཞེས་པས་བྱིན་གྱིས་བརླབ། ཡང་འོད་ཟེར་ཕྱིར་འཕྲོས་པས་དེ་དག་ཐམས་ཅད་ཀྱི་ཕྱི་རོལ་ཏུ་བསྐལ་པའི་མེ་ལྟ་བུའི་མེ་རི་རབ་ཏུ་འབར་བར་བསྒོམས་ལ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་པས་བྱིན་གྱིས་བརླབས་ཏེ་དེ་དག་ཐམས་ཅད་ལ་གསང་སྔགས་ལན་གསུམ་གསུམ་བརྗོད་ཅིང་ལུས་ཀྱི་གཡོན་པའི་སྡིགས་མཛུབ་ཕྱོགས་བཅུར་བསྐོར་ཞིང་སེ་གོལ་གདབ་པར་བྱའོ། །དེ་ནས་གསུམ་པ་བགེགས་ཚར་བཅད་པ་ནི་སྔར་གྱི་སྒོ་མཚམས་མ་བརྒྱད་ཁཎྜ་རོ་ཧཱ་གཉིས་ཏེ་བཅུ་པོས་བགེགས་ཁ་ཅིག་ནི་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་སེམས་ལ་བཀོད། ནག་པོའི་རིགས་ཁ་ཅིག་ནི་བསྒྲལ་ཏེ་བདེ་བ་ཅན་ལ་སོགས་པའི་ཞིང་དུ་གནས་སྤར། བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ་ནི་བཀུག་སྟེ་འོངས་ནས་མེ་རིའི་ནང༌། རྡོ་རྗེ་རྭ་བའི་ཕྱི་རོལ། མདའི་དྲྭ་བའི་འོག་ཏུ་འོབས་གཅིག་ཡོད་པར་བསམ། དེའི་ཁ་ཁྱེར་ལ་ཕྱོགས་སྐྱོང་བཅུ་པོ་ཡོད་པར་བསྒོམས་ལ། བདག་གི་སྙིང་ག་ནས་ཕུར་བུ་བཅུ་སྤྲོས་ལ་སྒོ་མཚམས་མ་བརྒྱད་ཁཎྜ་རོ་ཧཱ་གཉིས་ཏེ་བཅུའི་ལག་ཏུ་གཏད་པར་བསྒོམས་ལ། ངག་ཏུ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱན་ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ་ཧཱུྃ་ཧཱུྃ། བཛྲ་ཀཱི་ལ་ཡ་བཛྲ་ངྷ་ར་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱ་ཀཱ་ཡ་ཝཱཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས་དེ་དག་གི་སྤྱི་བོར་ཕུར་བུ་གཙུབས་པར་བསམ། ཡང་བདག་གི་སྙིང་ག་ནས་ཐོ་བ་བཅུ་སྤྲོས་ལ་དེ་དག་གི་ལག་པ་གཡས་པར་གཏད་པར་བསམས་ལ། ཨོཾ་བཛྲ་མུཏྐ་ར་བཛྲ་ཀཱི་ལ་ཡ། ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ་ཅེས་བརྗོད་དེ་བརྡུངས་པས་ཕྱོགས་སྐྱོང་དེ་དག་གི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་ཐལ་བྱུང་བས་བསད་པར་བསྒོམས་ལ། དེ་དག་གི་རྣམ་པར་ཤེས་པ་མི་བསྐྱོད་པ་ལ་སོགས་པའི་ཞིང་དུ་སྐྱེ་བར་གྱུར་ཅིག ཅེས་ཀྱང་བརྗོད་སྐྱེས་པར་ཡང་བསམ། རོ་རྣམས་འོབས་ཀྱི་ནང་དུ་བསྒྱུར་བར་བསམ་ཏེ་བགེགས་ཚར་བཅད་པའོ། །དེ་ནས་སྒོ་མཚམས་ལ་སོགས་པ་བཅུ་པོ་དེ་རྣམས་ལས་རང་དང་འདྲ་བ་དཔག་ཏུ་མེད་པ་སྤྲུལ་ཏེ། མཚོན་ཆ་སྣ་ཚོགས་ཐོགས་ནས་རྡོ་རྗེའི་དྲྭ་མིག་ན་ཕར་རོ་སྟོད་ཐོན་ནས་སྒྲུབ་པ་པོས་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བར་ཆད་ཐམས་ཅད་བསྲུང་བར་བསམ་མོ། །དེ་ལྟར་སྲུང་བའི་འཁོར་ལོ་མངོན་པར་རྟོགས་པ་རྒྱས་པ་དང་འདྲ་བར་བསྒོམས་ནས། དེའི་རྗེས་ལ་ལུས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྒོམ་པ་ནི། དེ་ནས་འོག་རླུང་གིས་ལྟེ་བའི་ཨཾ་མས་འཕུལ་བ་ནི་ཚུལ། ལྟག་པའི་རླུང་གིས་སྤྱི་གཙུག་གི་ཧཾ་ཡས་འཕུལ་བ་ནི་སྒྲ་སྟེ་དེ་ལྟར་སྒྲ་ཚུལ་གཉིས་སྙིང་གའི་གནས་སུ་དཀྲུག་གིས་འདྲེས་པས་རྐྱེན་བྱས་ནས། རྟེན་དང་བརྟེན་པ་ཕྱིའི་ཧེ་རུ་ཀ་དང་བཅས་པ་དུས་གཅིག་ཏུ་ཝལ་གྱིས་བསྐྱེད་ལ་རིམ་གྱིས་གསལ་གདབ་པར་བྱ་སྟེ། དེའང་རྐང་མཐིལ་རླུང་གི་དཀྱིལ་འཁོར། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ག་ས། སྒལ་ཚིགས་རིའི་རྒྱལ་པོ་རི་རབ། མགོ་བོ་རི་རབ་ཀྱི་སྟོད་ཀྱི་ཆ། དཔྲལ་བ་དང་ལྟག་པ་རྣ་བ་གཉིས་སྣ་ཚོགས་རྡོ་རྗེ། ཀླད་པ་དཀར་པོ་ཟླ་བ། ཀླད་ཁྱིམ་དམར་པོ་ཉི་མ། དེ་གཉིས་ཀྱི་བར་ན་གནས་པའི་ཧཾ་ནི་ཡི་གེ་ཧཱུྃ་རྡོ་རྗེ་སེམས་དཔའི་རང་བཞིན། ལུས་འདོམ་གང་གྲུ་བཞི་ནི་གཞལ་ཡས་ཁང་གྲུ་བཞི། སྙིང་ག་ངྷརྨ་ཙཀྲ་ནས་འབྱུང་བ་བཞིའི་རླུང་རྒྱུ་བ་ནི་སྒོ་བཞི། རྐང་བརྒྱད་ནི་ཀ་བ་བརྒྱད། མིག་དང་སྣ་དང་ལྕེ་དང་མཆུ་དང་རྒྱུ་ལོང་ལ་སོགས་པ་ནི་གཞལ་ཡས་ཁང་གི་རྒྱན་ཡིན་ལ། དེ་ལྟར་རྟེན་གྱི་དཀྱིལ་འཁོར་གསལ་བཏབ། དེ་ནས་ཕྱིའི་ཧེ་རུ་ཀ་གསལ་གདབ་པར་བྱ་སྟེ། བཅོམ་ལྡན་འདས་སྐུ་མདོག་སྔོན་པོ་ཞལ་བཞི་པའི་རྩ་བའི་ཞལ་སྐུ་མདོག་དང་མཐུན་པ། གཡས་སེར་བ། གཡོན་ལྗང་བ། རྒྱབ་དམར་བ། སྤྱན་གསུམ་པ། མཆེ་བ་གཙིགས་པའོ། །ཕྱག་བཅུ་གཉིས་ཀྱི་དང་པོ་ནི་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱི་གླང་པོ་ཆེའི་པགས་པ་བརྒྱངས་ཏེ་འཛིན་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་སྟྭ། ལྔ་པ་ན་གྲི་གུག དྲུག་པ་ན་མདུང་རྩེ་གསུམ་པ་བསྒྲེང་བ། གཡོན་གྱི་གསུམ་པ་ན་རྡོ་རྗེ་མཚན་པའི་ཁ་ཊྭཱཾ་ག བཞི་པ་ན་ཁྲག་གིས་གང་བའི་ཐོད་པ། ལྔ་པ་ན་རྡོ་རྗེ་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་བསྣམས་པ། པདྨ་དང་ཉི་མའི་གདན་གྱི་སྟེང་ན་ཞབས་གཡས་པ་ཐུགས་རྗེ་ཆེན་པོའི་རང་བཞིན་བརྐྱང་བས་དུས་མཚན་མ་དམར་མོ་མྱ་ངན་ལས་འདས་པའི་མཐའ་མནན་པ། ཞབས་གཡོན་པ་ཤེས་རབ་ཀྱི་རང་བཞིན་བསྐུམ་པས་འཇིགས་བྱེད་ནག་པོ་འཁོར་བའི་མཐའ་མནན་པའོ། །རལ་པའི་ཐོར་ཚུགས་ཅན། སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། རུས་པའི་འཁོར་ལོ་དང༌། ཐོད་པ་སྐམ་པོ་ལྔས་དབུར་བརྒྱན་པ། རྣ་ཆ་དང་མགུལ་རྒྱན་དང༌། གདུ་བུ་དྲུག་དང༌། སྐ་རགས་དང༌། ཚངས་པའི་སྐུད་པ་དང༌། ཐལ་ཆེན་གྱིས་སྐུ་ལ་བརྒྱན་པ། མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་ཅན། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། བསྐལ་པའི་མེའི་དབུས་ན་བཞུགས་པའོ། །ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། ཞལ་གཅིག་མ། སྤྱན་གསུམ་མ། ཕྱག་གཉིས་མ། གཡོན་པ་བདུད་དང་གདུག་པའི་ཁྲག་གིས་གང་བའི་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པའི་ཚུལ་གྱིས་སྟོབས་པ། གཡས་པ་རྡོ་རྗེའི་གྲི་གུག་དང་སྡིགས་མཛུབ་ཀྱིས་ཕྱོགས་ཐམས་ཅད་དུ་བསྡིགས་པ། དབུ་སྐྲ་གྲོལ་བ། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ལ་ལེགས་པར་འཁྱུད་ཅིང༌། གཅེར་བུའི་མཆོག་མི་མགོ་སྐོམ་པོ་ལྔ་བཅུ་ཐམ་པའི་དོ་ཤལ་དང༌། རུས་པའི་རྒྱན་ལྔས་བརྒྱན་པའོ། །དེ་ལྟར་ཕྱིའི་ཧེ་རུ་ཀ་གསལ་གདབ་ལ། སྙིང་གའི་ཡི་གེ་ཧཱུྃ་ཡང་ཕྱིའི་ཧེ་རུ་ཀ་དེ་ཇི་ལྟ་བ་བཞིན་དུ་གསལ་གདབ་པར་བྱའོ། །དེ་ནས་སྙིང་པོའི་རྣལ་འབྱོར་མ་བཞི་ནི་ཕྱིའི་ཧེ་རུ་ཀ་ཕྱག་བཅུ་གཉིས་པའི་གཡས་ཀྱི་དང་པོ་རྡོ་རྗེ་འཛིན་པ་ལ་མཁའ་འགྲོ་མ་ནག་མོ་གླང་པོ་ཆེའི་པགས་པ་འཛིན་པ་ལ་ལཱ་མཱ་ལྗང་གུ། གཡོན་དང་པོ་དྲིལ་བུ་འཛིན་པ་ལ་ཁཎྜ་རོ་ཧཱ་དམར་མོ། གླང་པོ་ཆེའི་པགས་པ་འཛིན་པ་ལ་གཟུགས་ཅན་མ་སེར་མོ། དེ་ནས་དམ་ཚིག་གི་འཁོར་ལོའི་སྒོ་མ་བཞི་ནི་ཕྱག་གཡས་ཀྱི་འོག་མ་བཞི་ལ་བསྒོམ་སྟེ། ཁྭ་གདོང་མ་སྔོན་མོ། འུག་གདོང་མ་ལྗང་གུ། ཁྱི་གདོང་མ་དམར་མོ། ཕག་གདོང་མ་སེར་མོ། གཡོན་གྱི་འོག་མ་བཞི་ལ་མཚམས་མ་བཞི་སྟེ། གཤིན་རྗེ་བརྟན་མ་གཡས་སྔོ་ལ་གཡོན་སེར་བ། གཤིན་རྗེ་ཕོ་ཉ་མ་གཡས་སེར་ལ་གཡོན་དམར་བ་གཤིན་རྗེ་མཆེ་བ་མ་གཡས་དམར་ལ་གཡོན་ལྗང་བ། གཤིན་རྗེ་འཇོམས་མ་གཡས་ལྗང་ལ་གཡོན་སྔོ་བ་སྟེ། མཁའ་འགྲོ་མ་བཅུ་གཉིས་པོ་དེ་དག་ཀྱང་ཞལ་གཅིག་སྤྱན་གསུམ་མ། རབ་ཏུ་ཁྲོས་ཤིང་ཕྱག་བཞི་མ་སྟེ། གཡས་ཌཱ་མ་རུ་དང་གྲི་གུག གཡོན་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པ། སྐྲ་གྲོལ་བ། མི་མགོ་སྐམ་པོ་ལྔ་བཅུ་ཐམ་པའི་དོ་ཤལ་དང༌། རུས་པའི་རྒྱན་གྱིས་བརྒྱན་པ། གཅེར་བུའི་མཆོག བསྐལ་པའི་མེའི་དབུས་ན་ཞབས་གཡས་བརྐྱང་བས་བཞུགས་པའོ། །དེ་ནས་འཁོར་ལོ་གསུམ་གྱི་ལྷའི་རིམ་པ་ནི། སྤྱི་བོ་ལ་སོགས་པའི་རྩའི་ཡི་གེ་པུ་ལ་སོགས་པའི་དབྱིབས་སུ་གནས་པ་ནི་ཡུལ་ཡིན་པས་ཡུལ་དེ་དང་དེར་མོས་པར་བྱ་ཞིང༌། ཡི་གེའི་དབྱིབས་ཀྱི་རྩའི་ངོ་བོ་ནི་མཁའ་འགྲོ་མའི་རང་བཞིན་ཡིན་ལ། དེའི་ནང་ན་གནས་པའི་ཁམས་རྣམས་ནི་དཔའ་བོའི་རང་བཞིན་ཡིན་པས་སྤྱི་བོ་ལས་སོགས་པའི་ཡུལ་དེ་དག་ཏུ་དཔའ་བོ་དང་རྣལ་འབྱོར་མ་དེ་དག་མེ་ལོང་ལ་བཞིན་གྱི་དཀྱིལ་འཁོར་སྣང་བ་བཞིན་དུ་ཐུགས་ཀའི་གཙོ་བོ་ལ་ཞལ་གཟིགས་པའི་ཚུལ་དུ་བསྒོམ་པར་བྱའོ། །དེའང་སྙིང་ག་ཡན་ཆད་ཀྱི་ལྷ་ནི་འོག་ཏུ་གཟིགས་པ། སྙིང་ག་མན་ཆད་ཀྱི་ལྷ་ནི་སྟེང་དུ་གཟིགས་ལ། ལུས་ཀྱི་བར་གྱི་ལྷ་རྣམས་ནི་ཐད་ཀར་གཟིགས་པ་ལྟ་བུའོ། འདི་ལ་ཁ་ཅིག་ཡི་གེ་གྱུར་པ་ལས་བསྒོམ་པ་དང༌། སྤྱིལ་བུའམ་ཕུབ་ལྟ་བུའི་ནང་དུ་བསྒོམ་པར་བཞེད་པ་ནི་འདིར་མི་བཞེད་དོ། །ཡུལ་རྣམས་ཀྱི་མིང་གི་ཡི་གེ་ཐོག་མ་རྣམས་བསྡུས་པ་ནི། པུ་ཛཱ་ཨོ་ཨ་གོ་རཱ་དེ་མཱ་ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི་པྲེ་གྲྀ་སཽ་སུ་ན་སི་མ་ཀུ་ཞེས་བྱའོ། དེ་དག་ཀྱང་རྒྱས་པར་ནི་པུ་ཞེས་པ་ནི་པུལླཱི་ར་མཱ་ལ་ཡ་སྟེ་མགོ་བོ་ལ་ནི་ཁཎྜ་ཀ་པཱ་ལི་དང་རབ་ཏུ་གཏུམ་མོའོ། །སྤྱི་གཙུག་ཛཱ་ལནྡྷ་རར་མ་ཧཱ་ཀཾ་ཀ་ལ་དང་གཏུམ་པའི་མིག་ཅན་མའོ། །རྣ་བ་གཡས་པ་ཨཽ་ཌྱན་ལ་ཀཾ་ཀ་ལ་དང་འོད་ལྡན་མའོ། །ལྟག་པ་ཨརྦུ་དར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ་སྟེ་གནས་སོ། །རྣ་བ་གཡོན་པ་གོ་དཱ་བ་རཱིར་སུ་ར་བེ་རི་དང་བརྟན་པའི་བློ་ཅན་མའོ། །སྨིན་མའི་དབུས་རཱ་མེ་ཤྭ་རིར་འོད་དཔག་མེད་དང་མིའུ་ཐུང་མའོ། །མིག་གཉིས་དེ་ཝཱི་ཀོ་་ཊར་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མའོ། །ཕྲག་པ་གཉིས་མཱ་ལ་བར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ་ཉེ་བའི་གནས་སོ། །འདི་དག་ནི་ཐུགས་ཀྱི་འཁོར་ལོ་ཁ་དོག་ནག་པོ་སྟེ་ནམ་མཁའ་ལ་སྤྱོད་པའོ། །མཆན་ཁུང་གཉིས་ཀཱ་མ་རཱུ་པར་ཨཾ་གུ་རི་དང་ཨཻ་ར་ཝ་ཏཱིའོ། །ནུ་མ་གཉིས་ཨོ་ཏྲེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་སྟེ་ཞིང་ངོ༌། །ལྟེ་བ་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མའོ། །སྣ་རྩེ་ཀོ་ས་ལར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ་སྟེ་ཉེ་བའི་ཞིང་ངོ༌། །ཁ་ཀ་ལིངྒར་རབ་ཏུ་བཟང་པོ་དང་ཤྱཱ་མ་དེ་བཱིའོ། །མགྲིན་པ་ལྃ་བཱ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་སྟེ་ཚནྡོ་ཧའོ། །སྙིང་ཀཱཉྩིར་འཇིག་བྱེད་ཆེན་པོ་དང་རྟ་རྣ་མའོ། །འདོམས་བར་དུ་ཧི་མཱ་ལ་ཡར་མིག་མི་བཟང་དང་ཁ་གཱ་ན་སྟེ་ཉེ་བའི་ཚནྡོ་ཧའོ། །འདི་དག་ནི་གསུང་གི་འཁོར་ལོ་ཁ་དོག་དམར་པོ་སྟེ་ས་ལ་སྤྱོད་པའོ། །མཚན་མ་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཆེན་མའོ། །བཤང་ལམ་གྲྀ་ཧ་དེ་བར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧཱ་སྟེ་འདུ་བའོ། །བརླ་གཉིས་སཽ་རཱཥྚར་རྟ་མགྲིན་དང་ཤཽཎྜི་ནཱིའོ། །བྱིན་པ་གཉིས་ལ་སུ་ཝརྞ་དྭཱི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ་ཉེ་བའི་འདུ་བ་ཅན་ནོ། །སོར་མོ་བཅུ་དྲུག་ན་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། རྐང་པའི་བོལ་གོང་གཉིས་སིནྡྷུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་སྟེ་དེ་དག་ནི་དུར་ཁྲོད་དོ། །མཐེ་བོང་བཞི་མ་རོར་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མའོ། །པུས་མོ་གཉིས་ཀུ་ལུ་ཏཱར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་ཉེ་བའི་དུར་ཁྲོད་དོ། །དེ་དག་ནི་སྐུའི་འཁོར་ལོ་ཁ་དོག་དཀར་པོ་སྟེ་ས་འོག་ན་གནས་པའོ། །དེ་ལ་ཁཎྜ་ཀ་པཱ་ལི་ལ་སོགས་པའི་དཔའ་བོ་རྣམས་ནི་ཞལ་གཅིག་པ། སྤྱན་གསུམ་པ། ཕྱག་བཞི་པ། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པའི་ཅོད་པན་ཅན། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཡས་ཀྱི་འོག་མ་ན་ཌཱ་མ་རུ། གཡོན་འོག་མར་ཐོད་པ། དེའི་གྲུ་མོར་ཁ་ཊྭཱཾ་ག རྒྱན་དྲུག་དང་མི་མགོའི་དོ་ཤལ་གྱིས་བརྒྱན་པ། ཞབས་གཡས་བརྐྱང་བས་བཞུགས་པའོ། །རབ་ཏུ་གཏུམ་མོ་ལ་སོགས་པའི་ལྷ་མོ་རྣམས་ནི། ཞལ་གཅིག་པ། སྤྱན་གསུམ་པ། ཕྱག་གཉིས་པ། གཡོན་པས་ཐོད་པ་དང་བཅས་པས་ཡབ་ལ་འཁྱུད་པ། གཡས་པས་གྲི་གུག་དང་བཅས་པའི་སྡིགས་མཛུབ་ཀྱིས་ཕྱོགས་བཅུར་བསྡིགས་པ། སྐྲ་གྲལ་བ། གཅེར་བུའི་མཆོག་རྒྱན་ལྔ་ལྔ་དང་ཚངས་པའི་སྐུད་པ་དང་མི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན་གཉིས་སུ་མེད་པའི་སྦྱོར་བ་ལ་བརྩོན་པའོ། །དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དཔྲལ་བར་ཐོད་པའི་སྟེང་དུ་རྡོ་རྗེའི་ཕྲེང་བས་བརྒྱན་པའོ། །དེ་ལྟར་རྟེན་དང་བརྟེན་པར་བཅས་པའི་ལུས་ཀྱི་དཀྱིལ་འཁོར་བསྐྱེད་ནས་སྔགས་ཀྱི་བྱིན་གྱིས་བརླབས་པར་བྱ་བ་ནི་ངག་ཏུ་ཨོཾ་ཨཱཿཧཱུྃ། ཞེས་ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱཀྩི་ཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དེ་དེའི་དོན་དྲན་པར་བྱ་བ་ནི། ཨོཾ་ཞེས་བརྗོད་པའི་ཚེ། ལུས་ཀྱི་དཀྱིལ་འཁོར་གྱི་སྐུའི་འཁོར་ལོ་དང༌། རྒྱས་པའི་སྐབས་སུ་ཡིན་ན་ཕྱིའི་དཀྱིལ་འཁོར་གྱི་སྐུའི་འཁོར་ལོ་དང༌། འཛམ་བུའི་གླིང་ན་བཞུགས་པའི་སྐུའི་འཁོར་ལོ་དང༌། འོག་མིན་ན་བཞུགས་པའི་སྐུའི་འཁོར་ལོ་སྟེ་སྐུའི་འཁོར་ལོ་གསུམ་མམ་བཞི་དྲན་པར་བྱ། དེ་བཞིན་དུ་ཨཱཿཞེས་བརྗོད་པས་གསུང་གི་འཁོར་ལོ་གསུམ་མམ་བཞི་དྲན་པར་བྱ། ཧཱུྃ་ཞེས་བརྗོད་པས་ཐུགས་ཀྱི་འཁོར་ལོ་གསུམ་མམ་བཞི་དྲན་པར་བྱ། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ཞེས་པས་ནི་དཔལ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཅེས་བྱ་བ་ཡིན་ནོ། །རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལྷ་དྲུག་ཅུ་རྩ་གཉིས་པོ་ཐམས་ཅད་དྲན་པར་བྱ། ཀཱ་ཡ་ཞེས་བརྗོད་པས་སྐུ་གསུམ་མམ་བཞི་དབྱེར་མི་ཕྱེད་སྙམ་དུ་བསམ། ཝཱཀ་ཅེས་བརྗོད་པས་གསུང་གི་འཁོར་ལོ་གསུམ་མམ་བཞི་དབྱེར་མི་ཕྱེད། ཙིཏྟ་ཞེས་བརྗོད་པས་ཐུགས་ཀྱི་འཁོར་ལོ་གསུམ་མམ་བཞི་དབྱེར་མི་ཕྱེད་སྙམ་དུ་དྲན་པར་བྱ། བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་བརྗོད་པས་གཉིས་སུ་མེད་པ་དབྱེར་མི་ཕྱེད་བའི་རྡོ་རྗེའི་རང་བཞིན་དེ་ཉིད་ང་ཡིན་ནོ་སྙམ་དུ་བསམས་ལ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅་ཧཾ་ཞེས་བརྗོད་པས་དངོས་པོ་ཐམས་ཅད་ཀྱང་ལྷའི་རང་བཞིན་ཡིན་ལ། དེ་དག་དང་བདག་གི་ལུས་ཀྱང་ཐ་མི་དད་ཅིང་དེ་དག་ཀྱང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་དག་ལ། ཆོས་ཐམས་ཅད་ཀྱང་བརྗོད་པ་དང་བྲལ་བ་རྡོ་རྗེའི་རང་བཞིན་དུ་དག་གོ་ཞེས་དྲན་པར་བྱའོ། །དེ་ལྟར་སྔགས་བརྗོད་པ་ལན་གསུམ་དང་དྲན་པར་བྱ་བ་ལན་གསུམ་གྱིས་ནི་ལུས་ཀྱི་དཀྱིལ་འཁོར་སྔགས་ཀྱི་བྱིན་གྱིས་བརླབ་པ་དང་བཅས་པ་བསྟན་ཟིན་ཏོ།།  །།དེ་ནས་སྐབས་འདིར་ལྷ་ལ་ཞེན་པ་སྐྱེ་བ་དང༌། ལམ་ལ་སོམ་ཉི་ཟ་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དྲན་པར་བྱ་བ་སྔར་རྒྱས་པའི་སྐབས་སུ་བསྟན་པ་ལྟར་བྱ། ལྷ་ལ་ཞེན་པ་མི་སྐྱེ་བ་དང༌། ལམ་ལ་སོམ་ཉི་མི་ཟ་ན། མ་བྱས་ཀྱང་བཏུབ་ཅེས་ཀྱང་གསུང་ངོ༌། །དེ་ནས་རྒྱུད་དང་བསྟན་བཅོས་གཞན་དང་ལཱུ་ཧི་པ་འདི་ཉིད་ཀྱི་གཞུང་ནའང་གོ་ཆ་བཅིངས་ནས་ཡེ་ཤེས་པ་གཞུག་པ་འབྱུང་ལ། བདག་གི་བླ་མའི་ཞལ་ནས་ཀྱང་དེ་ལ་མོས་ན་དེ་ལྟར་བྱས་པས་འགལ་བ་མེད་དོ་གསུང་ངོ༌། །འདིར་ཇོ་བོ་ནཱ་རོ་པའི་མན་ངག་གིས་འཁྲུག་གི་ཚུལ་དུ་སྔོན་ལ་ཡེ་ཤེས་པ་བཅུག་ནས་གོ་ཆ་བཅིང་བ་མཛད་པས་དེ་བརྗོད་པ། ལུས་ཀྱི་ལག་པའི་མཛུབ་མོ་གཉིས་མདུད། གུང་མོ་གཉིས་སྦྱར། མཐེ་བོང་གཉིས་ཀྱང་སྦྱར། སོར་མོ་ལྷག་མ་རྣམས་འབར་བའི་ཚུལ་དུ་བྱས་པའི་ཕྱག་རྒྱ་དཔྲལ་བའི་དབུས་སུ་བཞག་ལ་གཡོན་སྐོར་དུ་བསྒྱུར། མིག་གྱེན་དུ་བལྟ་བ་དང་བཅས་པས་གདོང་བསྒྱུར། རྐང་པ་གཡས་པས་གཡོན་པ་མནན་ལ་ངག་ཏུ་ཕཻཾ་ཞེས་བརྗོད། སེམས་ཀྱི་སྙིང་གའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས་ཏེ་ཐུགས་བསྐུལ་ནས་མདུན་གྱི་ནམ་མཁའི་གནས་སུ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་ཕྱི་མཆོད་དང་ཡིད་མཆོད་ཀྱིས་མཆོད་དེ། ཛཿཞེས་པས་ཉེ་བར་བྱོན། ཧཱུྃ་ཞེས་བརྗོད་པས་རྟེན་དང་བརྟེན་པ་སོ་སོ་ལ་ཐིམ། བྃ་ཞེས་བརྗོད་པས་ཡེ་ཤེས་པ་དང་དམ་ཚིག་པ་ཆུ་ལ་ཆུ་བཞག་པ་བཞིན་འདྲེས། ཧོཿཞེས་པས་བདག་དམ་ཚིག་སེམས་དཔའ་ཡེ་ཤེས་པའི་ངོ་བོར་གྱུར་ནས་བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡིན་ནོ་སྙམ་དུ་ང་རྒྱལ་བྱའོ། །དེ་ནས་ངག་ཏུ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་ཅིང་སེམས་ཀྱིས་སྔགས་དེའི་དོན་ཡེ་ཤེས་ཀྱི་རྣལ་འབྱོར་གྱི་ངོ་བོ་ཆོས་ཐམས་ཅད་དག་ལ་བདག་ཀྱང་དེའི་ངོ་བོར་དག་གོ་ཞེས་བསམ་ཞིང༌། ལུས་ཀྱི་སྙིང་གར་རྣམ་ལྔ་འདོད་པའི་བསྐོར་བ་བྱས་ནས་མཐར་འཁྱུད་པའི་ཚུལ་དུ་བྱའོ། །ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བའོ། །དེ་ནས་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་མི་འབྲལ་བར་བྱ་བའི་ཕྱིར་ཤིང་གཉིས་གཟེར་གྱིས་འདེབས་པ་དང་འདྲ་བར་གོ་ཆ་བཅིང་བ་ནི། ཨ་བྷི་དྷ་ནའི་དགོངས་པས་ནི་ལྷར་བསྒོམ་པ་ཡིན་མོད། དེ་ནི་ལོགས་ཤིག་ཏུ་བརྗོད་པར་བྱའོ། །འདི་ཀུན་ཏུ་སྤྱོད་པའི་ལུགས་ཀྱི་ཡི་གེ་ཉིད་ལ་ལྷར་མོས་པ་བྱེད་པ་ཡིན་པས་ན། གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེའི་སྟེང་དུ་སྔགས་རྣམས་སུ་བསྒོམས་ལ། ལྷ་དེ་དང་དེར་མོས་པ་བྱ་ཞིང་ངག་ཏུ་ཡང་བརྗོད་པར་བྱའོ། །དེ་དག་ཀྱང་གང་ཞེ་ན། བཅོམ་ལྡན་འདས་ཀྱི་སྙིང་གར་ཨོཾ་ཧ་དཀར་པོ་ནི་རྡོ་རྗེ་སེམས་དཔའོ། །མཚོག་མར་ན་མ་ཧི་སེར་པོ་རྣམ་པར་སྣང་མཛད། སྤྱི་གཙུག་ཏུ་སྭཱ་ཧཱ་ཧུ་དམར་པོ་པདྨ་གར་གྱི་དབང་ཕྱུག ཕྲག་པ་གཉིས་སུ་བཽ་ཥཊ་ནག་པོ་དཔལ་ཧེ་རུ་ཀ མིག་གཉིས་ལ་ཧཱུྃ་ཧཱུྃ་ཧོ་སེར་པོ་ནི་རྡོ་རྗེ་ཉི་མ། ཚིགས་ཆེན་བརྒྱད་ལ་ཕཊ་ཧཾ་ལྗང་གུ་ནི་བཅོམ་ལྡན་འདས་རྟ་མཆོག་ཏུ་མོས་པར་བྱ། ཡབ་ཀྱི་བཞིན་དུ་ཡུམ་ལ་ཡང་བསམ་ཞིང༌། ལྷ་ཐམས་ཅད་ལ་ཡང་ཡོད་པར་མོས་པ་ཙམ་བྱའོ། །ཡང་ཡུམ་གྱི་ལྟེ་བར་ཟླ་བའི་སྟེང་དུ་ཨོཾ་བྃ་དམར་མོ་ནི་རྡོ་རྗེ་ཕག་མོར་མོས་པ་བྱ། དེ་བཞིན་དུ་སྙིང་གར་ཧྃ་ཡྃ་སྔོན་མོ་ནི་གཤིན་རྗེ་མ། ཁར་ཧྲིཾ་མྃ་དཀར་མོ་ནི་རྨོངས་བྱེད་མ། མགོ་བོར་ཧྲེཾ་ཧྲཱིཾ་སེར་མོ་ནི་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་གུ་ནི་སྐྲོད་བྱེད་མ། ཚིགས་ཆེན་བརྒྱད་དུ་ཕཊ་ཕཊ་དུད་ཁ་ནི་ཙཎྜི་ཀར་མོས་པ་བྱའོ། །དེ་དག་ཡུམ་གྱི་བཞིན་ཡབ་ལ་ཡང་བསྒོམ་ཞིང༌། ལྷ་ཐམས་ཅད་ལ་ཡང་གནས་པར་མོས་པ་ཙམ་བྱའོ། །དེ་དག་ཀྱང་རིམ་པ་བཞིན་དུ་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་ཕག་མོ་ནས་རྟ་མཆོག་དང་ཙཎྜི་ཀའི་བར་དུ་ཡབ་ཡུམ་གཉིས་སུ་མེད་པ་ཡིན་པས་ན། ཡབ་ཀྱི་ཡི་གེ་རྣམས་ཀྱི་གནས་སུ་ཡང་ཡུམ་གྱི་ཡི་གེ་གཉིས་སུ་མེད་པར་བཞུགས་པར་མོས་ཤིང་ཡུམ་གྱི་ཡི་གེ་རྣམས་ཀྱི་གནས་སུ་ཡང་ཡབ་ཀྱི་ཡི་གེ་རྣམས་བཞུགས་པར་མོས་པ་བྱའོ། །གོ་ཆ་བཅིང་བ་བསྟན་ཟིན་ཏོ།།  །།དེ་ནས་དབང་བསྐུར་བ་བརྗོད་པར་བྱ་བ་ནི། གོང་གི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པའི་སྐབས་ཀྱི་ཕྱག་རྒྱ་དང་སྔགས་དང་ཏིང་ངེ་འཛིན་གྱི་དབང་བསྐུར་གྱི་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས། ཕྱི་དང་ཡིད་ཀྱི་མཆོད་པས་མཆོད། ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ཕྱག་ན་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པས་སྤྱི་གཙུག་ནས་མར་ལ་དབང་བསྐུར་ཞིང་ངག་ཏུ། ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང༌། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྗོད་ཅིང་དབང་བསྐུར་བས་ལུས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་གང་སྟེ་ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱངས་ནས་ཆུ་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོས་དབུར་བརྒྱན་པར་བསམ་སྟེ། དེ་ཡང་བདེ་བ་ཆེན་པོའི་འཁོར་ལོ་ལྷ་ལྔ་དང་སྒོ་མཚམས་མ་བརྒྱད་དེ་བཅུ་གསུམ་ལ་ནི་བཅོམ་ལྡན་འདས་ཞལ་བཞི་ཕྱག་བཅུ་གཉིས་པ་ཉིད་ཀྱིས་དབུར་བརྒྱན་པ་ཡིན་ལ། ཐུགས་ཀྱི་འཁོར་ལོ་རྣམས་ལ་ནི་མི་བསྐྱོད་པ། གསུང་གི་འཁོར་ལོ་རྣམས་ལ་ནི་འོད་དཔག་ཏུ་མེད་པ། སྐུའི་འཁོར་ལོ་རྣམས་ལ་ནི་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བྱའོ། །དབང་བསྐུར་བ་དེ་དག་གི་དུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་དེ་དག་གི་ཐུགས་ཀ་ནས་སྒོ་མཚམས་མ་བརྒྱད་དཔག་ཏུ་མེད་པ་སྤྲོས་ཏེ། བདག་གི་དཀྱིལ་འཁོར་མཆོད་པ་དང༌། བཀྲ་ཤིས་ཀྱི་གླུ་དང༌། བགེགས་བསྐྲད་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམ་པར་བྱའོ། །རིགས་ཀྱི་བདག་པོའི་རྒྱས་གདབ་པའི་རྗེས་ལ་དབང་བསྐུར་གྱི་ལྷ་དེ་དག་གཤེགས་སུ་གསོལ་བའམ། མི་དམིགས་པར་བྱ་བའམ། བདག་གི་ལུས་ལ་བསྡུ་བ་ནི། རང་གི་བློ་ལ་གང་བདེ་བ་ཉིད་ཡིན་ནོ། །བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ཞེས་བྱ་བའི་མངོན་པར་རྟོགས་པ་བསྟན་ཟིན་ཏོ།།  །།དེ་ལྟར་བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ལ་མཆོད་པ་བྱ་བ་ནི། བདག་གི་མངོན་པར་རྟོགས་པ་ནར་མའི་སྐབས་སུ་སྔགས་ཀྱི་མཆོད་པ་དང༌། ཕྱིའི་མཆོད་པ་དང༌། བདུད་རྩིའི་མཆོད་པ་དང༌། མཉེས་པའི་མཆོད་པ་དང༌། ཡིད་ལས་བྱུང་བའི་མཆོད་པ་དང༌། བསྟོད་པའི་མཆོད་པ་སྟེ་དྲུག་པོ་འབའ་ཞིག་བྱེད་པ་ཡིན་ལ། ཚེས་བཅུའི་མཆོད་པ་ལ་སོགས་པའི་དུས་སུ་ནི། ཕྱི་མཆོད་ཀྱི་རྗེས་ལ་རིག་མ་བཅུ་དྲུག་དང༌། རིན་པོ་ཆེ་སྣ་བདུན་དང༌། འདོད་ཡོན་ལྔའི་མཆོད་པ་སྟེ་གསུམ་བསྣན་ནས་དགུ་ཡིས་མཆོད་པར་བྱེད་པ་ཡིན་ནོ། །དེ་ལ་སྔགས་ཀྱི་མཆོད་པ་ནི། རྩ་སྔགས་གཉིས་སུ་མེད་པ་དང༌། སྙིང་པོ་གཉིས་སུ་མེད་པ་དང༌། ཉེ་སྙིང་གཉིས་སུ་མེད་པས་གཙོ་བོ་ཡབ་ཡུམ་གཉིས་གསལ་གདབ་པའི་ཚུལ་གྱིས་མཆོད། ཞལ་བཞི་པའི་སྔགས་དང་སྙིང་པོའི་རྣལ་འབྱོར་མ་བཞི་གཉིས་སུ་མེད་པ་དང༌། འཁོར་ལོ་གསུམ་ཡབ་ཡུམ་རྣམས་ཀྱི་སྔགས་གཉིས་སུ་མེད་པ་དང༌། རྐང་པ་བརྒྱད་པ་དང༌། སྒོ་མཚམས་མ་བརྒྱད་གཉིས་སུ་མེད་པ་དཔའ་བོའི་གོ་ཆ་དང་དཔལ་མོའི་གོ་ཆ་གཉིས་སུ་མེད་པས་ལྷ་ཐམས་ཅད་གསལ་གདབ་པའི་ཚུལ་གྱིས་མཆོད་པར་བྱ་བ་ནི་སྔགས་ཀྱི་མཆོད་པའོ། །དེ་ནས་ཕྱིའི་མཆོད་པ་དངོས་སུ་བཤམས་ན་ལེགས། མ་བཤམས་ན་ཡིད་ཀྱིས་སྤྲུལ་པ་ལ་ཡང་ཕྱི་མཆོད་དུ་མིང་འདོགས་ཏེ། མདུན་དུ་བཤམས་པའམ་ཡིད་ཀྱིས་བསམ་པ་དེ་ལ་ཞལ་བཞི་པའི་སྔགས་ཀྱིས་བསངས། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྒོམ། ཨཱཿབདུན་ལས་ཐོད་པའི་སྣོད་བདུན། དེའི་ནང་དུ་ཧཱུྃ་ལས་མཆོད་ཡོན་ལ་སོགས་པ་དྭངས་ཤིང་ཐོགས་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་གྱིས་གང་བར་བསམ། བཛྲ་ཨརྒྷཾ་ཞེས་བྱ་བ་ལ་སོགས་པ་རང་རང་གི་སྔགས་ཀྱིས་བྱིན་གྱིས་བརླབས། དེ་ནས་སྤྲོས་པ་ལ་དགའ་ན་པདྨའི་བསྐོར་བ་དང༌། རང་རང་གི་ཕྱག་རྒྱ་དང༌། སྔགས་གསུམ་བརྗོད་ཅིང་དབུལ། གསང་སྔགས་ཙམ་གྱིས་ཕུལ་ཡང་བཏུབ། དེ་ལ་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བ་ར་མཎྜལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད་ཡོན་ཕྱག་ཏུ་ཕུལ། དེ་བཞིན་དུ་སྔགས་ཀྱི་དབུ་རྣམས་ནི་འདྲ་བ་ཡིན་ཏེ། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པས་ཞབས་བསིལ་གྱིས་ཞབས་བཀྲུ། བཛྲ་པུཥྤེ་ཨཱ་ཿཧཱུྃ་ཞེས་པས་མེ་ཏོག་དབུ་ལ་དབུལ། བཛྲ་དྷཱུ་པེ་ཨཱཿཧཱུྃ་ཞེས་པས་བདུག་སྤོས་ཤངས་ལ་དབུལ། བཛྲ་དཱི་པཾ་ཨཱཿཧཱུྃ་ཞེས་པས་མར་མེ་སྤྱན་ལ་དབུལ། བཛྲ་གནྡྷེ་ཨཱཿཧཱུྃ་ཞེས་པས་དྲི་ཐུགས་ཀར་དབུལ། བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་ཞེས་པས་ཞལ་ཟས་ཞལ་དུ་དབུལ། དེ་ནས་རྡོ་རྗེ་དྲིལ་བུ་གསིལ་ཞིང༌། ཨོཾ་བཛྲ་གྷནྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྴེ་ཏྲ་པྲ་ཙཱ་ལི་ཏེ། པྲཛྙཱ་པཱ་ར་མི་ཏཱ། ནཱ་ད་སཾ་བྷ་ཝེ་ཏ། བཛྲ་དྷརྨཱ་ཧྲྀ་ད་ཡ། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་རོལ་མོ་སྙན་ལམ་དུ་དབུལ་ལོ། །དེའི་རྗེས་སུ་བདུད་རྩིའི་མཆོད་པར་བྱ་སྟེ། བདུད་རྩི་དངོས་སུ་འབྱོར་རམ་བསམས་ཀྱང་རུང་སྟེ། འོག་ནས་འབྱུང་བའི་གཏོར་མ་བཞིན་བྱིན་གྱིས་བརླབས། ལག་པ་གཡོན་པའི་མཐེ་བོང་དང་སྲིན་ལག་གི་ཐོར་བས་དང་པོར་བདག་གི་རྩ་བའི་བླ་མ་གང་ཡིན་གྱི་མཚན་བརྗོད་པར་སྔོན་དུ་འགྲོ་བས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་མཆོད། དེ་ནས་བླ་མ་བརྒྱུད་པ་རྣམས་ཀྱི་མཚན་བརྗོད་པ་སྔོན་དུ་འགྲོ་བས་མཆོད་དེ། ཧེ་རུ་ཀ་དཔལ་དཀྱིལ་འཁོར་དང༌། །གསང་བའི་བདག་པོ་རྡོ་རྗེ་འཆང༌། །དཔལ་ལྡན་སློབ་དཔོན་ས་ར་ཧ། །ཀླུ་སྒྲུབ་རི་ཁྲོད་མགོན་པོ་དང༌། །ལཱུ་ཧི་པ་དང་དཱ་རི་ཀ །ཨནྟར་པ་དང་ཏི་ལོ་པ། །ནཱ་རོ་པ་དང་ཕམ་ཐིང་བ། །བློ་གྲོས་གྲགས་པ་རྗེ་བཙུན་མཆོད། །ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་མཆོད། དེ་ནས་ཡང་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་ལ་སྔགས་མཆོད་ཀྱི་སྔགས་དང་མཐུན་པས་མཆོད་པར་བྱ་ཞིང༌། ཡི་གེ་གསུམ་བརྗོད་པས་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་ཡང་མཆོད་དོ། །དེ་དག་གི་དུས་སུ་མདུན་དུ་བསྐྱེད་པ་དེ་ལས་ཐོད་པ་བདུད་རྩིས་བཀང་བ་དུ་མ་ཆད་ཅིང༌། གཙོ་བོ་ནས་བཟུང་སྟེ་ལྷ་ཐམས་ཅད་དང་དུར་ཁྲོད་ཆེན་པོ་རྣམས་ལ་ཕྱག་གཡོན་པར་ཐོད་པ་བདུད་རྩིས་བཀང་བ་རེ་ཕུལ་བར་བསམ། ཐོད་པ་བཞི་ལ་བྱང་ཤར་གྱི་ཐོད་པ་དེ་གཤིན་རྗེ་འཇོམས་མའི་ཕྱག་ཏུ་ཕུལ་བར་བསམ། གཏོར་མ་དང་བདུད་རྩི་གཉིས་ཀ་བྱང་ཤར་གྱི་དུར་ཁྲོད་དུ་སྐྱེད་པར་བྱེད་པ་ནི་མན་ངག་གོ །ནང་བདུད་རྩིའི་མཆོད་པའོ། །དེ་ནས་བདག་གིས་ལྕེ་ལ་བདུད་རྩི་མྱང་བ་བྱས་པས། ཕྱི་ནང་གི་ལྷ་ཐམས་ཅད་དགྱེས་པར་གྱུར་ནས། ཨོཾ་ཧྲི་ཧ་ཧ་ཧུྃ་ཧཱུྃ་ཕཊ་ཅེས་ལྷ་ཐམས་ཅད་ཀྱི་ཞལ་ནས་གསུང་བར་བསམས་ལ། བདག་གིས་ཀྱང་བརྗོད་ཅིང་ལག་པ་གཉིས་སྙིང་གར་རྣམ་ལྔ་འདོད་པས་བསྐོར་བ་བྱས་ཏེ། མཐར་འཁྱུད་པའི་སྟངས་ཀ་བྱས་ལ་བདེ་བ་ཆེན་པོ་མཉེས་པའི་མཆོད་པ་བྱའོ། །དེ་ནས་ཡིད་ལས་བྱུང་བའི་མཆོད་པ་ནི། སྤྱི་བོར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་ཞེས་བྱ་བ་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། མཆོད་པའི་སྤྲིན་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ལས་བྱུང་བ་ལྟ་བུས་ནམ་མཁའི་ཁམས་ཐམས་ཅད་གང་བས་མཆོད་པར་བསམ་སྟེ། ངག་ཏུ། ན་མོ་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་རླབས་དང༌། གསང་སྔགས་དང༌། ཕྱག་རྒྱའི་མཐུ་དང༌། བདག་གི་མོས་པ་དང༌། ཏིང་ངེ་འཛིན་དང༌། སྨོན་ལམ་གྱི་དབང་གིས། འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པའི་བྱེ་བྲག་ཇི་སྙེད་ཡོད་པ་དང༌། གཞན་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག་བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཅེས་བརྗོད་དེ། ཕྱག་རྒྱ་བཤིག་ལ་ལག་པ་གཉིས་ཀྱི་སེ་གོལ་བརྡབ། ཡང་ཕྱག་རྒྱ་བཅས་ལ། ཨོཾ་སརྦ་བིད་པུ་ར་པུ་ར། སུ་ར་སུ་ར། ཨཱ་བརྟ་ཨཱ་བརྟ་ཧོ། ན་མསྶ་མནྟ་བུདྡྷཱ་ནཱཾ། ཨ་བྷི་སྨ་ར་ཡེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། དྷརྨ་དྷཱ་ཏུ་ཨཱ་ཀཱ་ཤ་ས་མནྟ་མཱཾ། སརྦ་ཏ་ཐཱ་ག་ཏ་ཨ་པ་རི་ཤོ་དྷ་ཡེ། མཎྜ་ལེ་མ་མ་པྲ་ཎི་དྷི། པུ་ནྱ་ཛྙཱ་ན་བ་ལེ་ན། སརྦ་ཏ་ཐཱ་ག་ཏ་བ་ལནྡྷེ། བནྡྷ་སྭ་སྠཱ་ན། བ་ལེ་ན་ཙ་སྭཱ་ཧཱ། ཞེས་བརྗོད་ལ་ཕྱག་རྒྱ་བཀྲོལ་ལ་ལག་པ་གཉིས་ཀྱིས་སེ་གོལ་བརྡབ། ཡང་ལན་ཅིག་བཅས་ལ་བཀྲོལ་ཏེ་ལག་པ་གཉིས་ཀས་སེ་གོལ་བརྡབ་པར་བྱའོ། །ཡིད་ཀྱིས་མཆོད་པའོ། །དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས་བསྟོད་པར་བྱ་སྟེ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཝིའ་རེ་ཤཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀལྤཱགྣི་སཾ་ནི་བྷཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཛ་ཊཱ་མ་ཀུ་ཊོཏྐ་ཊཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་དཾཥྚྲཱ་ཀ་རཱ་ལོ་གྲ་བྷཱི་ཥ་ན་མུ་ཁཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བྱཱ་གྷྲ་ཛི་ནཱམྦ་ར་དྷ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་དྷཱུམྦཱནྡྷ་ཀཱ་ར་ཝ་ཡ་ཥཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་པ་ཡབ་ཀྱི་རྐང་པ་བརྒྱད་དང༌། ཨོཾ་ན་མོ་བྷ་ག་ཝ་ཏི་བཛྲ་བཱ་ར་ཧཱི་བཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿཨཱརྻ་ཨ་པ་རཱ་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མ་ཧཱ་བི་དྱེ་ཤྭ་རཱི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿསརྦ་བྷཱུ་ཏ་བྷ་ཡ་བ་ཧེ་མ་ཧཱ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲཱ་ས་ནེ་ཨ་ཛི་ཏེ་ཨ་པ་རཱ་ཛྭི་ཏེ་བ་ཤྱཾ་ཀ་རི་ནེ་ཏྲ་བྷྲ་མ་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ནམཿཤོ་ཥ་ནི་རོ་ཥ་ཎི་ཀྲོ་དྷེ་ཀ་རཱ་ལི་ནི་ཧཱུྃ་ཧཱུྃ་ཕ་ཊ། ཨོཾ་ན་མསྟྲཱ་ས་ནི་མཱ་ར་ཎི་པྲ་བྷེ་ད་ནི་པ་རཱ་ཛ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ན་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་བཱ་ར་ཧཱི་མ་ཧཱ་ཡོ་གི་ནཱི་ཀཱ་མེ་ཤྭ་རཱི་ཁ་གེ་ཧཱུྃ་ཧཱུྃ་ཕཊ། ཅེས་བྱ་བ་ཡུམ་གྱི་རྐང་པ་བརྒྱད་པ་སྟེ། ཡབ་ཡུམ་གྱི་རྐང་པ་བརྒྱད་པ་གཉིས་ཀྱིས་བསྟོད་པར་བྱའོ། །སྤྲོས་པ་ལ་དགའ་ན། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཤིང༌། །ཞེས་པ་ལ་སོགས་པ་དང༌། རྒྱལ་བའི་སྤྲུལ་པ་དུས་མཐའི་མེ་ལྟར་རབ་ཏུ་འཇིགས་མཛད་ཅིང༌། །ཞེས་པ་ལ་སོགས་པ་རྣམས་ཀྱིས་བསྟོད་པར་བྱའོ། །གོང་དུ་སྨོས་པའི་སྔགས་ཀྱིས་མཆོད་པ་རྟག་ཏུ་དགོས་པ་དུས་ཁྱད་པར་ཅན་གྱི་ཚེ་དགོས་པའི་རིགས་མ་བཅུ་དྲུག་དང་རིན་ཆེན་བདུན་དང་འདོད་ཡོན་ལྔ་དང་བསྟོད་པ་རྒྱས་པ་དང་སྤྲོས་པ་ལ་དགའ་བ་རྣམས་ཀྱི་དོན་དུ་ཕྱི་མཆོད་སྡོམ་བ་བཟུང་བ་དང་བཅས་པ་དང༌། ཟས་ཀྱི་དུས་སུ་བྱེད་པར་འདོད་ན་ལག་པའི་མཆོད་པ་དང་བཅས་པ་རྣམས་ནི་འདིར་མངོན་པར་རྟོགས་པ་ནར་མ་དག་ལ་མེད་ཀྱང་བཏུབ་པའི་ཕྱིར་མ་བྲིས་པ་ཡིན་ལ། བྱས་ཀྱང་འགལ་བ་ནི་མེད་པས་ན་དེ་དོན་དུ་གཉེར་བ་རྣམས་ཀྱིས་རྗེ་བླ་མས་མཛད་པའི་མཆོད་པའི་ཕྲེང་བར་བལྟ་བར་བྱའོ། །བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ལ་མཆོད་པ་བྱ་བ་བསྟན་ཟིན་ཏོ།།  །།དེ་ནས་ཚེས་བཅུའི་མཆོད་པ་ལ་སོགས་པའི་དུས་སུ་ནི། མཆོད་པའི་རྗེས་ཁོ་ན་ལ་གཏོར་མ་ལ་འཇུག་པ་ཡིན་ལ། མངོན་པ་རྟོགས་པ་ནར་མའི་སྐབས་སུ་ནི་མཆོད་པའི་རྗེས་ལ་རྫོགས་རིམ་བསྒོམས་ནས་བཟླས་པ་བྱེད་པ་ཡིན་པས་དེ་བརྗོད་པར་བྱའོ། །གསང་སྔགས་གང་ཟློས་པ་ཡབ་ཀྱི་ཐུགས་ཀའི་ཧཱུྃ་ལས་བྱུང་ནས། ཡབ་ཀྱི་ཞལ་ནས་འཐོན་ནས་ཡུམ་གྱི་ཞལ་དུ་ཞུགས། ཡུམ་གྱི་སྐུའི་དབྱིབས་བརྒྱུད། ཡུམ་གྱི་པདྨ་ནས་ཡབ་ཀྱི་གསང་རྩེའི་རྡོ་རྗེའི་བུ་གར་ཞུགས་སྐུའི་དབྱིབས་བརྒྱུད་དེ་ཐུགས་ཀའི་ཧཱུྃ་ལ་ཐིམ་པའི་ཚུལ་གྱིས་ཏེ། དེའང་ཞི་བ་ལ་ཁ་དོག་དཀར་པོ་སྔགས་གཅིག་གི་རྟིང་ལ་གཅིག་འབྲེང་བ་མདའི་ཤུགས་ཀྱིས་རབ་ཏུ་འགྲོ་བ་ཞེས་བྱ་བ་དང༌། རྒྱས་པ་ལ་ཁ་དོག་སེར་པོ་གསང་སྔགས་རྣམས་བུངས་བསྐྱེད་ནས་སྒྲོའི་ཆུན་ཕོ་ལྟ་བུའི་ཚུལ་གྱིས་འགྲོ་བ་ཞེས་བྱ་བ་དང༌། དབང་ལ་ནི་ཁ་དོག་དམར་པོ་སྔགས་གཅིག་གི་མཇུག་ལ་གཅིག་གི་མགོ་འཁྱུད་ནས་འགྲོ་བ་སྟེ་ལྕགས་སྒྲོག་ལྟ་བུ་ཞེས་བྱ་བ་དང༌། དྲག་པོ་ལ་ནི་ཁ་དོག་ནག་པོ་ཡབ་ཡུམ་གྱི་སྔགས་བསྒྲིལ་བ་སྲད་བུ་ལྟ་བུ་ཞེས་བྱ་བའི་ཚུལ་གྱིས་ཏེ། དེའང་མཆོག་སྒྲུབ་པ་ལ་ནི་རིན་ཆེན་བཞི་ཞེས་བྱ་བ་རྩ་སྔགས་གཉིས་དང༌། སྙིང་པོ་གཉིས་དང༌། ཉེ་སྙིང་གཉིས་དང༌། གོ་ཆ་གཉིས་ཏེ། བཞི་པོ་དེ་གང་མོས་པ་གཉིས་སུ་མེད་པར་ཟློས་པ་ཡིན་ལ། འཁོར་ལོ་རྣམས་ཀྱི་སྔགས་ནི་ཐུན་མཇུག་ལ་ཅི་རིགས་པར་བཟླ་བ་ཡིན་ནོ། །དབང་བསྐུར་རམ། རབ་གནས་སམ། སྦྱིན་སྲེག་གི་སྔོན་དུ་བསྙེན་པ་བྱེད་ན། ཡབ་ཡུམ་གྱི་སྙིང་པོའི་སྔགས་གཉིས་ལ་ཁྲི་ཕྲག་གསུམ་རེ་དང༌། སྙིང་པོའི་རྣལ་འབྱོར་མ་བཞི་དང་སྒོ་མཚམས་མ་བརྒྱད་ལ་རང་རང་གི་སྔགས་སྟོང་ཕྲག་ལྔ་དང་ལྔ་བརྒྱ་པ་རེ་དང༌། འཁོར་ལོ་གསུམ་གྱི་ལྷ་རྣམས་ལ་ནི་ལྷ་རེ་རེ་ལ་རང་རང་གི་ཡབ་ཡུམ་གྱི་སྔགས་ཁྲི་ཕྲག་གསུམ་གསུམ་བཟླས་པ་བྱས་ནས་དབང་བསྐུར་ལ་སོགས་པ་གང་ཡིན་པ་ལ་འཇུག་པ་ཡིན་ནོ། །འབྲིང་ལ་དགའ་བས་ཇི་ལྟ་བ་བཞིན་དུ་བསྒོམ་པ་ཞེས་བྱ་བའི་མངོན་པར་རྟོགས་པ་བསྟན་ཟིན་ཏོ།།  །།བསྡུས་པ་ལ་དགའ་བས་ལུས་ལ་ཇི་ལྟར་གྲུབ་པ་ཙམ་ཞིག་བསྒོམ་པར་འདོད་ན། ཉལ་བ་དང༌། ལྡང་བ་དང༌། ཁྲུས་ཀྱི་རྣལ་འབྱོར་ནི། གོང་དུ་བསྟན་པ་ཉིད་དང་འདྲ་ལ། ལྷག་མ་རྣམས་ནི་བསྡུས་ཏེ་ཉམས་སུ་བླང་བ་ཡིན་ནོ། །དེའང་སྟན་བདེ་བ་ལ་བསྡད་ལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་གོ་འཕང་ཐོབ་པར་བྱའོ། །ཞེས་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ། བླ་མའི་ཕྱག་གཉིས་སྤྱི་བོར་བསྒོམས་ལ། མོས་གུས་དྲག་པོ་བྱས་ལ་བསྟིམ། སྤྱི་གཙུག་གི་ཧྃ་དང་ལྟེ་བའི་ཨྃ་གཉིས་སྒྲ་ཚུལ་གྱི་རང་བཞིན་སྙིང་གར་འདྲེས་པར་གྱུར་པའི་རྟེན་འབྲེལ་གྱིས་རྟེན་དང་བརྟེན་པར་བཅས་པའི་ལུས་ཀྱི་དཀྱིལ་འཁོར་འབྲིང་གི་རྣལ་འབྱོར་བཞིན་གསལ་བཏབ་ལ། སྔགས་ཀྱིས་བྱིན་གྱིས་བརླབས་པ་དང་བརྟན་པ་ར་བྱ་བ་སྔར་དང་འདྲ། ལྷ་ལ་ཞེན་པ་སྐྱེ་བ་དང་ལམ་ལ་སོམ་ཉི་ཟ་བ་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དྲན་པར་བྱ་བ་སྐབས་འདིར་བྱ། མི་སྐྱེ་ན་མི་དགོས། འདི་རང་བྱུང་གི་དཀྱིལ་འཁོར་ཡིན་པའི་ཕྱིར་ཡེ་ཤེས་པ་གཞུག་པ་དང༌། གོ་ཆ་བཅིང་བ་དང༌། དབང་བསྐུར་བ་ནི་མི་དགོས་སོ། །མཆོད་པ་ལ་སོགས་པ་མན་ཆད་ཀྱི་ཆོ་ག་རྣམས་ནི་འདྲ་བ་ཉིད་ཡིན་ཏེ། གོང་དུ་བསྟན་པ་བཞིན་འདིར་ཡང་ཉམས་སུ་བླང་བར་བྱའོ། །བསྡུས་པ་ལ་དགའ་ནས་ཇི་ལྟར་གྲུབ་པ་ཙམ་ཞིག་བསྒོམ་པ་ཞེས་བྱ་བའང་བསྟན་ཟིན་ཏོ།།  །།དེ་ལ་རྒྱས་བསྡུས་གསུམ་གའི་ཆོ་ག་ཐུན་མོང་བ་ནི། ལུས་ཀྱི་དཀྱིལ་འཁོར་སྔགས་ཀྱི་བྱིན་གྱིས་བརླབ་པ་དང་བཅས་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དྲན་པ་དང༌། མཆོད་པ་དང༌། བཟླས་པ་དང༌། རྫོགས་རིམ་དང༌། གཏོར་མའི་རྣལ་འབྱོར་དང༌། ཁ་ཟས་ཀྱི་རྣལ་འབྱོར་དང༌། དག་པ་རྗེས་སུ་དྲན་པ་དང༌། སྤྱོད་ལམ་གྱི་རྣལ་འབྱོར་དང༌། ཉལ་བ་དང༌། ལྡང་བ་དང༌། ཁྲུས་ཀྱི་རྣལ་འབྱོར་དང༌། སེམས་བརྟན་ནས་བྱ་བའི་སྤྱོད་པ་དང་བཅས་པ་རྣམས་ཡིན་ནོ། །རྒྱས་འབྲིང་གཉིས་ཀྱི་ཆོ་ག་ཐུན་མོང་བ་ནི། སྔོན་དུ་འགྲོ་བ་སྲུང་བའི་འཁོར་ལོ་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་གཞུག་བྱ་བ་དང༌། གོ་ཆ་བཅིང་བ་དང༌། དབང་བསྐུར་བ་དང་བཞི་ཡིན་ནོ། །རྒྱས་པ་ལ་དགའ་བའི་ཆོ་གའི་ཁྱད་པར་ནི། སྔོན་དུ་འགྲོ་བ་ཚོགས་གཉིས་བསགས་པ་དང༌། ཕྱིའི་དཀྱིལ་འཁོར་ཡིན་ནོ། །དེ་ལ་བསྒོམ་པའི་རིམ་པ་ནི། རྒྱས་པ་ལ་དགའ་བས་ཐུན་བཞི་ཀ་རྒྱས་པར་བསྒོམ་པའམ། བར་པ་གཉིས་འབྲིང་དུ་བསྒོམ་པའོ། །འབྲིང་ལ་དགའ་བས་ཐུན་བཞི་ཀ་འབྲིང་དུ་བསྒོམ་པའམ། བར་པ་གཉིས་བསྡུས་པར་བསྒོམ་མོ། །བསྡུས་པ་ལ་དགའ་བས་ཐུན་བཞི་ཀ་བསྡུས་པ་ཁོ་ན་བསྒོམ་པར་བྱའོ། །རྒྱས་འབྲིང་གསུམ་ཀའི་ཆོ་ག་ཐུན་མོང་བ་དང་བཅས་པ་སྟེ་བསྐྱེད་པའི་རིམ་པ་ཐམས་ཅད་བསྟན་ཟིན་ཏོ།།  །།དེ་ནས་ཉིན་མོའི་ཐུན་གསུམ་གྱི་སྐབས་སུ་ནི། བར་འདིར་རྫོགས་པའི་རིམ་པ་བསྒོམ་པར་བྱ་བ་ཡིན་ལ། གཞུང་ནི་འོག་ཏུ་འབྱུང་ངོ༌། །འོག་ཏུ་གསུངས་པ་ནི་ཐུན་མཇུག་ལ་དགོངས་ལ་འདིར་སྔོན་དུ་བསྟན་པ་ནི། མཉམ་གཞག་ཕྱོགས་གཅིག་བྱ་བའི་དགོས་པའོ། །དེ་བས་ན་དེ་བརྗོད་པ་ལ་གསུམ་སྟེ། རྡོ་རྗེ་སེམས་དཔའ་བསྡུ་བ་དང༌། ཡི་གེ་བསྡུ་བ་དང༌། ཐིག་ལེ་བསྡུ་བའོ། །དང་པོ་ནི་རྩ་བའི་དཔེ་ལྔ་དང༌། ཡན་ལག་གི་དཔེ་དུ་མས་མཚོན་པ་སྟེ། དེའང་བསྐྱེད་པའི་རིམ་པའི་ཐུན་གྱི་མཇུག་ཏུ། བཅོམ་ལྡན་འདས་ཀྱི་ལྟེ་བར་པདྨ་འདབ་མ་བརྒྱད་པ་ལ་ལྟེ་བར་ཟླ་བས་བརྒྱན་པ་བསྒོམ། དེར་ཧཱུྃ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པའི་ཚུལ་གྱིས་བཞུགས་པ། གཉིས་ཀའང་རུས་པའི་རྒྱན་ཆ་ལྔ་ཡིས་བརྒྱན་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཡི་གེ་ཧཱུྃ་བསྒོམ། ཧཱུྃ་དེ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང༌། ཕྱིའི་ཧེ་རུ་ཀ་ཡབ་ཡུམ་ནས་འཁོར་ལོ་ནང་མ་ནས་ཕར་རིམ་གྱིས་ཇེ་གསལ་ཇེ་གསལ་ཁམས་གསུམ་སྣོད་བཅུད་ཐམས་ཅད་གསལ་བར་བྱས་ལ། དེའི་སྟོབས་ཀྱིས་ཐམས་ཅད་ཕྲིག་ཕྲིག་གཡོ་བར་བསམ་སྟེ་དེ་ནི་རྡོ་ཁབ་ལེན་གྱིས་ལྕགས་གཡོ་བ་ཞེས་བྱ་བའི་དཔེ་དང་པོ་ཡིན་ནོ། །དེ་ནས་ཁམས་གསུམ་སྣོད་བཅུད་ཐམས་ཅད་སྲུང་བའི་འཁོར་ལོ་ལ་བསྡུ། དེ་བཞིན་དུ་སྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་ལ། དུར་ཁྲོད་བརྒྱད་གཞལ་ཡས་ཁང་ལ། གཞལ་ཡས་ཁང་དམ་ཚིག་གི་འཁོར་ལོ་ལ། དེ་སྐུའི་འཁོར་ལོ་ལ། དེ་གསུང་གི་འཁོར་ལོ་ལ། དེ་ཐུགས་ཀྱི་འཁོར་ལོ་ལ། དེ་སྙིང་པོའི་རྣལ་འབྱོར་མ་བཞི་ལ། དེ་བཅོམ་ལྡན་འདས་ཀྱི་ཞལ་བཞི་ལ་བསྡུས་ཏེ་དཔེ་གཉིས་པ་ལྕི་བས་དངུལ་ཆུ་སྡུད་པ་ཞེས་བྱ་བའི་དཔེ་ཡིན་ནོ། །འབྲིང་བསྡུས་གཉིས་ལ། ཕྱིའི་དཀྱིལ་འཁོར་མེད་པས་ཁམས་གསུམ་ལུས་ལ་བསྡུ་བ་ཉིད་དཔེ་གཉིས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཞལ་བཞི་ཕྱག་བཅུ་གཉིས་པ་ནི། ཞལ་གཅིག་ཕྱག་གཉིས་པར་བསྡུས་ཏེ། དཔེ་གསུམ་པ་རུ་སྦལ་ཡན་ལག་ལ་བུམ་པའི་ཞེས་བྱ་བ་ཡིན་ནོ། །དེ་ནས་བདག་ཕྱིའི་ཧེ་རུ་ཀའི་ཡུམ་ཡབ་ལ་སྡུ། ཡབ་ལྟེ་བའི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་བསྡུ། རྡོ་རྗེ་སྙེམས་མའང་ཡབ་ལ། ཡབ་སྙིང་གའི་ཧཱུྃ་ལ། ཧཱུྃ་གི་གདན་ཟླ་བ། དེ་ཞབས་ཀྱུ་ལ། ཞབས་ཀྱུ་ཁོག་པ་ལ། ཁོག་པ་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ་བསྡུ་སྟེ། དེ་ནི་དཔེ་བཞི་པ་སྐར་མདའ་གཅིག་ལ་གཅིག་ཐིམ་པ་ཞེས་བྱ་བ་ཡིན་ནོ། །དེ་ནས་ཐིག་ལེ་དེ་ཡང་ཇེ་ཕྲ་ཇེ་ཕྲར་མི་དམིགས་པ་བསམ་གྱིས་མི་ཁྱབ་པའི་ངང་ལ་གཞག་པར་བྱ་སྟེ། དེའི་རྩ་བའི་དཔེ་ལྔ་པ་ལན་ཚྭ་ཆུ་ལ་ཐིམ་པ་ཞེས་བྱ་བ་ཡིན་ནོ། །དེ་ནས་ཡན་ལག་གི་དཔེ་ནི། ངོ་བོ་དེ་ཉིད་ཀྱི་སྟེང་དུ་གཏན་ལ་དབབ་སྟེ་གོང་གི་སྤྲོས་པ་རྣམས་ནི་ཆ་ལུགས་སམ་འོད་ཟེར་རམ་རླབས་ཞེས་བྱ་བ་ཡིན་ལ། བསམ་གྱིས་མི་ཁྱབ་པའི་ངོ་བོ་འདི་ནི་གར་མཁན་དངོས་སམ་ཉི་མའམ། རྒྱ་མཚོ་ཉིད་དང་འདྲ་བ་ཡིན་པས་ན། གར་མཁན་དང༌། ཆ་ལུགས་དང༌། ཉི་མ་དང༌། འོད་ཟེར་དང༌། མཚོ་དང༌། རླབས་དང༌། ངོ་བོ་ཉིད་ཀྱི་སྟེང་དུ་ནི། ཆུ་ལ་ཆུ་བཞག་པའམ། མར་ལ་མར་བཞག་པ་སྟེ་ཡན་ལག་གི་དཔེ་ལྔས་མཚོན་པ་ཡིན་ནོ། །དེའི་ངང་ལ་བློ་ཇི་ཙམ་གནས་པ་ཅིག་བཞག་ལ། ལྡང་བར་འདོད་ན་གོང་དུ་བསྟན་པའི་ལྡང་བའི་རྣལ་འབྱོར་བྱིན་རླབས་གསུམ་དང་ལྡན་པའི་ཧེ་རུ་ཀར་ལངས་ཏེ། ཐུན་བཞི་ཀ་ལ་གཏོར་མ་ཡོད་ན་སྐབས་འདིར་བཏང་ལ་དག་པ་རྗེས་དྲན་བྱ། གཏོར་མ་མེད་ན་ལངས་པའི་རྗེས་ཁོ་ན་ལ་དག་པ་རྗེས་དྲན་བྱ་བ་ཡིན་ནོ། །རྡོ་རྗེ་སེམས་དཔའ་བསྡུ་བ་ཞེས་བྱ་བའི་རྫོགས་པའི་རིམ་པ་འདི་ནི་བསྐྱེད་པའི་རིམ་པའི་རྗེས་ལ་ཅིས་ཀྱང་བསྒོམ་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་བསྡུ་བའོ། །ཡི་གེ་བསྡུ་བ་དང་ཐིག་ལེ་བསྡུ་བ་འདི་གཉིས་ནི། བསྐྱེད་པའི་རིམ་གྱི་རྗེས་ལ་ཅིས་ཀྱང་འབྱུང་བའི་རྫོགས་རིམ་མ་ཡིན་ཏེ། རྣལ་འབྱོར་པ་བསྐྱེད་རིམ་བརྟན་པའམ། ཡང་ན་ལས་དང་པོ་པ་ཉིད་ནས་ཀྱང་རུང་སྟེ། རླུང་དང༌། སེམས་ཀྱི་དམིགས་པ་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་ཡེ་ཤེས་མྱུར་དུ་ཚོལ་བར་འདོད་པའི་རྟེན་འབྲེལ་ཡིན་པས། བསྐྱེད་པའི་རིམ་པ་རྒྱས་པར་བསྒོམས་པའི་རྗེས་ལ། འདི་ཉིད་གཙོ་བོར་བྱེད་པའི་དུས་སུ་སྐད་ཅིག་གིས་ཧེ་རུ་ཀ་ཡབ་ཡུམ་དུ་དྲན་པར་བྱས་པའི་ལྟེ་བར་པདྨ་འདབ་མ་བཞི་པའི་ཤར་དུ་ས་རླུང་གི་རང་བཞིན་ལ་སེར་པོ། གཡོན་དུ་ཆུ་རླུང་གི་རང་བཞིན་ཝ་དཀར་པོ། རྒྱབ་ཏུ་མེ་རླུང་གི་རང་བཞིན་ར་དམར་པོ། གཡས་སུ་རླུང་རླུང་གི་རང་བཞིན་ཡ་ལྗང་གུ། དབུས་སུ་ནམ་མཁའི་རླུང་གི་རང་བཞིན་ཐིག་ལེ་ཁ་དོག་སྔོན་པོ་བསམས་ལ། རིམ་གྱིས་བློ་སྤྱང་བའི་ཕྱིར་དབུགས་ཕྱིར་རྒྱུ་བའི་དུས་སུ་མདུན་གྱི་ལ་སེར་པོ་ལས་འོད་ཟེར་ཁ་དོག་སེར་པོ་སྦོམ་ཕྲ་སྐུད་པ་འབྲིང་པོ་ཙམ་ཞིག་ལངས་ཏེ། གྱེན་དུ་བྱུང་ནས་སྣ་སྒོ་གཡོན་པ་ནས་བྱུང་སྟེ་མདུན་དུ་སོར་བཅུ་དྲུག་ཙམ་གྱི་ཚད་དུ་བྱུང་བར་བསམ། རླུང་ནང་དུ་འཇུག་པ་དང་བསྟུན་ལ་འོད་ཟེར་དེ་ནང་དུ་ལྡོག་སྟེ། ལ་སེར་པོ་དེ་ལ་བསྟིམ་ལ་ཡིད་ཀྱིས་ལ་སེར་པོ་དེ་ལ་བལྟ་ཞིང་རླུང་ཁ་སྦྱར་གྱི་དམིགས་པ་བྱའོ། །དེས་དུ་བ་ལྟ་བུའི་རྟགས་མཐོང་བ་དེའི་ཚེ། ས་རླུང་དབང་དུ་གྱུར་པའི་རྟགས་ཡིན་པས་ལ་སེར་པོ་དེ་གཡོན་གྱི་ཝ་དཀར་པོ་ལ་བསྟིམ། ཝ་དཀར་པོ་ལས་འོད་ཟེར་དཀར་པོ་སྣ་བུག་གཡོན་པ་ནས་འབྱུང་བ་དང༌། འཇུག་པ་དང་རླུང་གི་རྣལ་འབྱོར་དང་བཅས་པ་སྔ་མ་བཞིན་བསྒོམས་པས། སྨིག་རྒྱུ་ལྟ་བུ་མཐོང་བ་དེའི་ཚེ་ཆུ་རླུང་དབང་དུ་འདུས་པས་ཝ་དཀར་པོ་དེ་རྒྱབ་ཀྱི་ར་དམར་པོ་ལ་བསྟིམ་ར་དམར་པོ་ལས་འོད་ཟེར་དམར་པོ་སྣ་གཡོན་ནས་འབྱུང་བ་དང་འཇུག་པ་དང་རླུང་གི་རྣལ་འབྱོར་སྔ་མ་བཞིན་དུ་བསྒོམས་པས་སྲིན་བུ་མེ་ཁྱེར་ལྟ་བུའི་རྟགས་མཐོང་བ་དེའི་ཚེ། མེ་རླུང་དབང་དུ་འདུས་པ་ཡིན་པས་ར་དམར་པོ་དེ་གཡས་ཀྱི་ཡ་ལྗང་གུ་ལ་བསྟིམ་ལ་བཞག ཡ་དེ་ལས་འོད་ཟེར་ལྗང་གུ་སྣ་གཡོན་ནས་འབྱུང་བ་དང་འཇུག་པ་དང་རླུང་གི་རྣལ་འབྱོར་སྔ་མ་བཞིན་དུ་བསྒོམས་པས་མར་མེ་འབར་བ་ལྟ་བུའི་རྟགས་མཐོང་བ་དེའི་ཚེ། རླུང་གི་རླུང་དབང་དུ་འདུས་པའི་རྟགས་ཡིན་པས། ཡི་གེ་ཡ་ལྗང་གུ་དེ་དབུས་ཀྱི་ཐིག་ལེ་སྔོན་པོ་ལ་བསྟིམ་ལ་བཞག དེ་ནས་ཐིག་ལེ་སྔོན་པོ་དེ་ལས་འོད་ཟེར་འབྱུང་འཇུག་མེད་པར་ཐིག་ལེ་ལ་ཡིད་ཀྱིས་བལྟ་ཞིང་རླུང་ཁ་སྦྱོར་གྱི་རྣལ་འབྱོར་བྱས་པས། ནམ་མཁའ་སྤྲིན་མེད་ལྟ་བུ་མཐོང་བ་དེའི་ཚེ་ནམ་མཁའི་རླུང་དབང་དུ་འདུས་པ་ཡིན་པས། འདིའི་མཇུག་ཏུ་མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེ་ཞེས་གསུངས་སོ། །ཡི་གེ་བསྡུ་བའོ། །ཐིག་ལེ་བསྡུ་བ་ནི། ཡི་གེ་རྣམས་ཀྱིས་ཤུལ་དུ་ཐིག་ལེར་བསྒོམ་པ་སྟེ། ཤར་དུ་ཐིག་ལེ་སེར་པོ། གཡོན་དུ་དཀར་པོ། རྒྱབ་ཏུ་དམར་པོ། གཡས་སུ་ལྗང་གུ་རྣམས་བསྒོམས་ལ། འོད་ཟེར་གྱི་སྐུད་པའི་འབྱུང་འཇུག་དང༌། རླུང་གི་རྣལ་འབྱོར་ལ་སོགས་པ་སྔ་མའི་ཚུལ་དུ་བསྒོམས་པས་མཐར་ཕྱིན་པའི་ཚད་སྔ་མ་བཞིན་དུ་འབྱུང་བར་འགྱུར་རོ། །དེས་ན་འདི་གཉིས་ཀྱང་རྣལ་འབྱོར་པ་རང་གི་བློ་ལ་གང་བདེ་བ་བསྒོམ་པ་ཡིན་ལ། གཅིག་གི་རྗེས་ལ་གཅིག་བསྒོམ་པ་ནི་མིན་ནོ། །རྫོགས་པའི་རིམ་པ་བསྟན་ཟིན་ཏོ། །རིམ་པ་གཉིས་ཀྱི་མངོན་པར་རྟོགས་པ་གཙོ་བོ་རྣམས་བསྟན་ཟིན་ཏོ།།  །།ད་ནི་དག་པ་རྗེས་སུ་དྲན་པ་བསྟན་པར་བྱ་སྟེ། དེའང་གཏོར་མའི་རྗེས་ལ་འབྱུང་ན་ནི་རྗེས་སྤྱོད་ཀྱི་རྣལ་འབྱོར་དུའང་འགྲོ་ལ། རིམ་པ་གཉིས་ཁོ་ནའི་རྗེས་ལ་འབྱུང་ན་ནི་སྟན་གཅིག་གི་སྟེང་དུ་བརྗོད་པ་ཡིན་པའི་ཕྱིར་མཉམ་གཞག་གི་ཁོངས་སུ་འདུ་བ་ཡིན་ནོ། །དེའང་ལག་ཏུ་ལེན་པར་འདོད་ན། གཏོར་མ་བཏང་བའམ་མ་བཏང་ཡང་རུང་སྟེ། མཉམ་གཞག་བསྒོམས་པའི་སྟན་དེ་ལས་མ་ལངས་པར་ལུས་ཀྱིས་ཌཱ་མ་རུའི་སྒྲ་དང་བཅས་པའམ། མེད་ཀྱང་བཏུབ་སྟེ་ངག་ཏུ་འོག་ནས་འབྱུང་བ་རྣམས་གསལ་བར་བརྗོད་ཅིང་སེམས་ཀྱིས་མ་དག་པའི་ཁམས་དང་རྒྱན་ཆ་ལ་སོགས་པ་དེ་དང་དེར་དག་པ་ལྷ་དང་སྔགས་དེ་དང་དེའི་ངོ་བོ་ཡིན་ནོ་སྙམ་དུ་མོས་པ་བས་ལྷ་དང་སྔགས་ཀྱི་རྣམ་པར་བསྒོམ་ནི་མི་དགོས་སོ། །དེའང་བརྗོད་པར་བྱ་སྟེ། སོ་དང་སེན་མོ་དག་ལ་ནི་ཁཎྜ་ཀ་པཱ་ལའོ། །སྐྲ་དང་བ་སྤུ་དག་པ་ལ་ནི་མ་ཧཱ་ཀཾ་ཀཱ་ལའོ། །པགས་པ་དང་དྲི་མ་དག་པ་ལ་ནི་ཀཾ་ཀཱ་ལའོ། །ཤ་ལ་ནི་མཆེ་བ་རྣམ་པར་གཙིགས་པའོ། །རྩ་རྒྱུས་ལ་ནི་སུ་རཱ་བེ་རིའོ། །རུས་པ་ལ་ནི་འོད་དཔག་ཏུ་མེད་པའོ། །མཁལ་མ་ལ་ནི་རྡོ་རྗེའི་འོད་དོ། །སྙིང་ལ་ནི་རྡོ་རྗེའི་སྐུའོ། །མིག་དག་ལ་ནི་ཨཾ་གུ་རིའོ། །མཁྲིས་པ་ལ་ནི་རྡོ་རྗེ་རལ་པ་ཅན་ནོ། །གློ་བ་ལ་ནི་དཔའ་བོ་ཆེན་པོའོ། །རྒྱུ་མ་ལ་ནི་རྡོ་རྗེ་ཧཱུྃ་མཛད་དོ། །གཉེ་མ་ལ་ནི་རབ་ཏུ་བཟང་པོའོ། །ལྟོ་བ་ལ་ནི་རྡོ་རྗེ་བཟང་མོའོ། །ལྒང་པ་ལ་ནི་འཇིགས་བྱེད་ཆེན་མོའོ། །འདོམ་བར་ལ་ནི་མིག་མི་བཟང་ངོ༌། །བད་ཀན་ལ་ནི་སྟོབས་པོ་ཆེའོ། །རྣག་ལ་ནི་རིན་ཆེན་རྡོ་རྗེའོ། །ཁྲག་ལ་ནི་རྟ་མགྲིན་ནོ། །རྡུལ་ལ་ནི་ནམ་མཁའི་སྙིང་པོའོ། །ཚིལ་ལ་ནི་དཔལ་རྡོ་རྗེ་ཧེ་རུ་ཀའོ། །མཆི་མ་ལ་ནི་པདྨ་གར་གྱི་དབང་ཕྱུག་གོ །མཆིལ་མ་ལ་ནི་རྣམ་པར་སྣང་མཛད་དོ། །སྣབས་ལ་ནི་རྡོ་རྗེ་སེམས་དཔའོ། །ཞེས་བརྗོད་དེ། དེ་དག་ནི་ཁམས་རྣམས་ལྷའི་ངོ་བོར་དག་པའོ། །དེ་ནས་དཔའ་བོ་ཉི་ཤུ་རྩ་བཞིའི་ལུས་ཀྱི་ཁམས་ལ་སོགས་པ་བརྟག ཅེས་པ་ཁམས་རྣམས་གསང་སྔགས་སུ་དག་པ་ནི། འདི་སྐད་བརྗོད་པར་བྱ་སྟེ། སོ་དང་སེན་མོ་དག་ལ་ནི། ཨོཾ་ཀ་ར་ཀ་ར་ཧཱུྃ་ཧཱུྃ་ཕཊ། སྐྲ་དང་བ་སྤུ་དག་ལ་ནི། ཨོཾ་ཀུ་རུ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ། པགས་པ་དང་དྲི་མ་དག་ལ་ནི། ཨོཾ་བནྡྷ་བནྡྷ་ཧཱུྃ་ཧཱུྃ་ཕཊ། ཤ་ལ་ནི། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧཱུྃ་ཧཱུྃ་ཕཊ། རྩ་རྒྱུས་ལ་ནི། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་ཧཱུྃ་ཧཱུྃ་ཕཊ། རུས་པ་ལ་ནི། ཨོཾ་ཧྲཽཾ་ཧྲཽཾ་ཧཱུྃ་ཧཱུྃ་ཕཊ། མཁལ་མ་ལ་ནི། ཨོཾ་ཧྲ་ཧྲཿཧཱུྃ་ཧཱུྃ་ཕཊ། སྙིང་ལ་ནི། ཨོཾ་ཕེཾ་ཕེཾ་ཧཱུྃ་ཧཱུྃ་ཕཊ། མིག་དག་ལ་ནི། ཨོཾ་ཕཊ་ཕཊ་ཧཱུྃ་ཧཱུྃ་ཕཊ། མཁྲིས་པ་ལ་ནི། ཨོཾ་ད་ཧ་ད་ཧ་ཧཱུྃ་ཧཱུྃ་ཕཊ། གློ་བ་ལ་ནི། ཨོཾ་པ་ཙ་པ་ཙ་ཧཱུྃ་ཧཱུྃ་ཕཊ། རྒྱུ་མ་ལ་ནི། ཨོཾ་བྷཀྵ་བྷཀྵ་བ་ས་རུ་དྷི་རཱ་ན་ཏྲ་མཱ་ལཱ་བ་ལཾ་བི་ནེ་ཧཱུྃ་ཧཱུྃ་ཕཊ། གཉེ་མ་ལ་ནི། ཨོཾ་གྲིཧྣ་གྲིཧྣ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཱཾ་གཱཾ་སརྤཾ་བཱ་ཏ་རྫ་ཡ་ཏ་རྫ་ཡ་ཧཱུྃ་ཧཱུྃ་ཕཊ། ལྟོ་བ་ལ་ནི། ཨོཾ་ཨཱ་ཀཌྜྷ་ཡ་ཨཱ་ཀཌྜྷ་ཡ་ཧཱུྃ་ཧཱུྃ་ཕཊ། ལྒང་པ་ལ་ནི། ཨོཾ་ཧྲཱིཾ་ཧྲཱིཾ་ཧཱུྃ་ཧཱུྃ་ཕཊ། འདོམ་བར་ལ་ནི། ཨོཾ་ཛཎཽཾ་ཛཎཽཾ་ཧཱུྃ་ཧཱུྃ་ཕཊ། བད་ཀན་ལ་ནི། ཨོཾ་ཀྵྨཱཾ་ཀྵྨཱཾ་ཧཱུྃ་ཧཱུྃ་ཕཊ། རྣག་ལ་ནི། ཨོཾ་ཧཱཾ་ཧཱཾ་ཧཱུྃ་ཧཱུྃ་ཕཊ། ཁྲག་ལ་ནི། ཨོཾ་ཧཱིཾ་ཧཱིཾ་ཧཱུྃ་ཧཱུྃ་ཕཊ། རྡུལ་ལ་ནི། ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཚིལ་ལ་ནི། ཨོཾ་ཀི་ལི་ཀི་ལི་ཧཱུྃ་ཧཱུྃ་ཕཊ། མཆི་མ་ལ་ནི། ཨོཾ་སི་ལི་སི་ལི་ཧཱུྃ་ཧཱུྃ་ཕཊ། མཆིལ་མ་ལ་ནི། ཨོཾ་ཧི་ལི་ཧི་ལི་ཧཱུྃ་ཧཱུྃ་ཕཊ། སྣབས་ལ་ནི། ཨོཾ་དྷི་ལི་དྷི་ལི་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་པར་བྱ། ཁམས་རྣམས་ཀྱི་དག་པའོ། །དེ་ནས་རྒྱན་ཆའི་དག་པ་ནི། རྩ་བའི་སྔགས་སོགས་དཔའ་བོ་གང༌། །མཆོད་ཕྱིར་ཐོགས་ལ་སོགས་པས་བརྟག །ཅེས་བྱ་བ་སྟེ། རྐང་པ་བརྒྱད་པ་ཀ་ར་ཀ་ར་ལ་སོགས་པ་ཕྲེང་བའི་སྔགས་དང་བཅས་བའི་རྩ་བའི་སྔགས་ལ་སོགས་པ་རྣམ་པ་རྒྱན་དྲུག་པོའི་སྤྱི་བོའི་འཁོར་ལོ་ལྟ་བུ་རེ་རེ་ལ་དམིགས་ཤིང་སྔགས་ཚར་རེ་བཟླས་པར་ནུས་སམ། དེ་ལྟར་མ་ནུས་ན་རྒྱན་དྲུག་པོ་སྤྱི་ལ་དམིགས་ཤིང་སྔགས་ཚར་གཅིག་བརྗོད་པར་བྱའོ། །དེ་ནས། གོ་ཆའི་ཕྱག་རྒྱའི་དཔའ་བོ་དྲུག །ཕྱག་རྒྱ་འདི་ཡི་ལུས་མཛེས་ཏེ། །ཞེས་བྱ་བ་ཡིན་ལ། ཡང་སྤྱི་བོའི་འཁོར་ལོ་ལྟ་བུ་རྒྱན་རེ་རེའི་སྟེང་དུ་གོ་ཆའི་སྔགས་དྲུག་དྲུག་བཟླས་པའམ། དེ་ལྟར་མ་ནུས་ན་འདི་སྐད་དུ། འཁོར་ལོ་ལ་ཨོཾ་ཧ། རྣ་རྒྱན་ལ་ནི་ན་མ་ཧི། མགུལ་རྒྱན་ལ་སྭཱ་ཧཱ་ཧུ། གདུབ་བུ་དྲུག་ལ་བཽ་ཥཊ་ཧེ། སྐ་རགས་ལ་ཧཱུྃ་ཧཱུྃ་ཧོ། ཐལ་བ་དང་མཆོད་ཕྱིར་ཐོགས་ལ་ཕཊ་ཧཾ། ཞེས་བརྗོད་ཅིང་དེ་དག་གི་ངོ་བོར་དྲན་པར་བྱའོ། །རྡོ་རྗེ་ཕག་མོའི་སྔགས་གང་ཡིན། །མགྲིན་པ་མགུར་ཆུས་བརྒྱན་པ་སྟེ། །ཞེས་བྱ་བ་ནི། མགྲིན་པའི་མགུར་རྒྱན་ནི་རྡོ་རྗེ་ཕག་མོའི་རྩ་བའི་སྔགས་ཡིན་ནོ། །སྙམ་དུ་ཤེས་པར་བྱས་ནས། ཡུམ་གྱི་རྩ་བའི་སྔགས་རྫོགས་པར་ལན་ཅིག་འདོན་པར་བྱའོ། །སྙིང་པོའི་སྔགས་ཀྱི་དཔའ་བོ་ནི། །ཕྲེང་བ་བརྒྱ་ཡི་ཕྱེད་ཀྱིས་བརྒྱན། །ཞེས་བྱ་བ་ནི་མི་མགོ་ལྔ་བཅུ་ཐམ་པའི་དོ་ཤལ་ནི། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛྭ་ལ་སཾ་བ་ར་སྭཱ་ཧཱ། ཞེས་བརྗོད་ཅིང་དེའི་ངོ་བོར་དྲན་པར་བྱ། གསང་སྔགས་ཡི་གེ་བདུན་གྱིས་ནི། །རྣ་ཆ་ཡིས་ནི་རྣམ་པར་བརྒྱན། །ཞེས་བྱ་བ་ནི་རྣ་རྒྱན་ལ། ཨོཾ་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་ལ་དེའི་ངོ་བོར་དྲན་པར་བྱའོ། །སངས་རྒྱས་ཀུན་གྱི་མཁའ་འགྲོ་མ། །པགས་པའི་གོས་ནི་འཛིན་པའི་མཆོག །ཅེས་བྱ་བ་ནི་གླང་པོ་ཆེའི་པགས་པ་དང༌། སྟག་གི་པགས་པ་ལ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་དེའི་ངོ་བོར་དྲན་པར་བྱའོ། །རྣལ་འབྱོར་མ་དྲུག་སྔགས་ཀྱི་ནི། །སྐ་རགས་བྱས་པས་རྣམ་པར་བརྒྱན། །ཞེས་བྱ་བ་ནི་སྐ་རགས་ལ། ཨོཾ་བཾ། ཧཾ་ཡོཾ། ཧྲིཾ་མཾ། ཧྲེཾ་ཧྲིཾ། ཧཱུྃ་ཧཱུྃ། ཕཊ་ཕཊ། ཅེས་བརྗོད་ཅིང་དེའི་ངོ་བོར་དྲན་པར་བྱའོ། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མའི། །སྔགས་ཀྱི་བཏུང་བའི་ཐོད་པ་ཡིན། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཕྱག་གི་ཐོད་པ་བློ་ཡུལ་དུ་བྱས་ལ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཅེས་བྱ་བ་ནས་བརྩམས་ཏེ། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཅེས་བྱ་བའི་བར་དུ་དཔའ་བོ་ཉི་ཤུ་རྩ་བཞིའི་སྔགས་མ་ཡིན་པ། རྣལ་འབྱོར་མ་སུམ་ཅུ་སོ་བདུན་པོ་འབའ་ཞིག་གི་སྔགས་རྫོགས་པར་གདོན་ཞིང་ཕྱག་གི་ཐོད་པ་ནི་དེ་དག་གི་ངོ་བོ་ཡིན་སྙམ་དུ་དྲན་པར་བྱའོ། །རྣམ་སྣང་མཛད་སྔགས་གང་ཡིན་པ། །ཐོད་པས་མགོ་བོ་རྣམ་པར་བརྒྱན། །ཞེས་བྱ་བ་ནི། ཐོད་པ་སྐམ་པོ་ལྔ་ཡི་དབུ་རྒྱན་ནི། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་དེའི་ངོ་བོར་དྲན་པར་བྱའོ། དེ་ལྟར་ཁམས་དང་རྒྱན་ཆ་དེ་དག་ཀྱང་གསང་སྔགས་དེ་དང་དེ་དག་གི་ངོ་བོ་ཡིན་ནོ་སྙམ་དུ་མོས་པ་བྱ་ཞིང་དེ་བརྟན་པའི་ཡན་ལག་གང་དུ་ངག་ཏུ་བརྗོད་པ་ལས་ལྷ་དང་སྡགས་ཀྱི་རྣམ་པར་བསྒོམ་པ་ལྟ་བུ་ནི་མ་ཡིན་ནོ། །དེ་ཡང་བཅོམ་ལྡན་འདས་ཀྱི་དག་པར་དམིགས་ལ་བརྗོད་ནས། བཅོམ་ལྡན་འདས་ཀྱི་དག་པ་རེ་ཟིན་པའི་རྗེས་ཁོ་ན་ལ་ཡུམ་རྡོ་རྗེ་ཕག་མོ་ལ་སོགས་པ་ལྷ་ཐམས་ཅད་ཀྱི་དག་པ་ཡང་དེ་བཞིན་ཡིན་ནོ་སྙམ་དུ་དྲན་པར་བྱ་ཞིང༌། ལྷ་ཐམས་ཅད་ཀྱི་དག་པ་ཡང་དྲན་པར་བྱའོ། །གཞན་ཡང་ཁ་ཊྭཱཾ་ག་ནི་ལྷའི་སྐུ་སྟེ་ཐབས་ཡིན་ལ། ཌཱ་མ་རུ་ནི་ཤེས་རབ་སྟོང་པ་ཉིད་ཡིན་ལ། ཉིན་མོའི་སྣང་བ་དང༌། སྒྲུབ་པ་པོ་རྣམས་ནི་ཐབས་ཡིན་ལ། མཚན་མོའི་སྣང་བ་དང་ཕྱག་རྒྱ་ནི་རྡོ་རྗེ་ཕག་མོ་ཤེས་རབ་ཀྱི་རང་བཞིན་ཡིན་སྙམ་དུའང་དྲན་པར་བྱའོ། །དག་པ་རྗེས་སུ་དྲན་པ་བསྟན་ཟིན་ཏོ།།  །།དེ་ནས་སྤྱོད་ལམ་ལ་འཇུག་པའི་སྔོན་དུ། གོང་དུ་བསྟན་པ་ལྟར་དཔའ་བོའི་གོ་ཆ་དང་དཔའ་མོའི་གོ་ཆ་དང་གོ་ཆ་ཆེན་པོ་ནི་གོང་དུ་བསྟན་པ་ལྟར་པུ་ཛཱ་ཞེས་བྱ་བ་ལ་སོགས་པ་ཡི་གེ་ཉི་ཤུ་རྩ་བཞི་ངག་ཏུ་བརྗོད་པའི་སྟོབས་ཀྱིས་ལུས་ཀྱི་ལྷ་རྣམས་རང་གི་གནས་སུ་ཐིམ་པ་དེ་གོ་ཆ་ཆེན་པོས་བསྲུང་ལ། གོང་དུ་སྲུང་བའི་འཁོར་ལོའི་སྐབས་སུ་བཤད་པའི་སུཾ་བྷ་ནི་ལ་སོགས་པ་ཞལ་བཞི་པའི་སྔགས་ཀྱིས་ཕྱོགས་ཤར་ནས་བརྩམས་ཏེ་གཡོན་སྐོར། མཚམས་མེ་ནས་བཟུང་སྟེ་གཡས་སྐོར་གྱིས་སེ་གོལ་དང་བཅས་པས་ཚོམ་ངམ་སྔགས་ཀྱིས་བསྲུང་ལ། བདག་རང་ཡང་འཁོར་ལོ་བདེ་མཆོག སྣང་བའི་དངོས་པོ་ཐམས་ཅད་ཀྱང་འཁོར་ལོ་བདེ་མཆོག སྒྲ་ཅི་གྲགས་པ་གསང་སྔགས་སུ་མོས་པ་བྱས་ལ། བཅོམ་ལྡན་འདས་ཀྱི་རྐང་པ་བརྒྱད་པའི་སྔགས་ཟློས་ཤིང་ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་ཡུལ་རྣམས་ལ་ཉེ་བར་ལོངས་སྤྱད་པར་བྱའོ། །སྤྱོད་ལམ་གྱི་རྣལ་འབྱོར་བསྟན་ཟིན་ཏོ།།  །།དེ་ནས་གནས་སྐབས་དང་འབྲེལ་པའི་ཚེ། ཁ་ཟས་ཀྱི་རྣལ་འབྱོར་ནི། ཁ་ཟས་གཏོར་མ་བཞིན་བྱིན་གྱིས་བརླབས་པའམ། ལག་པ་གཡོན་པའི་མཐེབ་སྲིན་གྱིས་རེག་ནས། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་པས་དེ་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་བརླབས་ལ། སྐབས་འདིར་ལག་པའི་མཆོད་པ་བྱེད་པར་སྤྲོ་ན་ལག་པའི་མཆོད་པ་ཇི་ལྟ་བ་བཞིན་བྱ་སྟེ། ཆོ་ག་ནི་གཞན་དུ་ཤེས་པར་བྱའོ། །དཀོན་མཆོག་དང༌། འབྱུང་པོའི་ཕུད་ཀྱི་བྱ་བ་གཞན་ནས་འབྱུང་བ་བཞིན་བྱས་ལ། དེ་ནས་བདག་གི་ལུས་ཕྱིའི་ཧེ་རུ་ཀ་ལ་ལུས་ཀྱི་དཀྱིལ་འཁོར་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཡིན་པར་མོས་པ་དང༌། ཁྱད་པར་དུ་ལྟེ་བ་ནས་མེ་སྙིང་ག་ན་ཡར་འབར་ཏེ་སྙིང་གའི་མེའི་དབུས་ན་བཅོམ་ལྡན་འདས་ཧེ་རུ་ཀ་ཡབ་ཡུམ་ཙམ་མམ། ལྷ་བཅུ་གསུམ་ཙམ་མམ། དཀྱིལ་འཁོལ་གྱི་འཁོར་ལོ་ཐམས་ཅད་རྫོགས་པ་གང་རུང་གསལ་པོར་དམིགས་ལ། ཁ་ནི་སྦྱིན་སྲེག་གི་ཐབ་ཁུང༌། ལུས་ནི་ལྷའི་དཀྱིལ་འཁོར། ལག་པ་ནི་གཟར་བུ། ཁ་ཟས་ནི་བསྲེག་རྫས་སུ་བསམས་ལ། ལྷ་མཆོད་པའི་བསམ་པས་ཐོག་མར་ལག་པ་གཡོན་པས་ལོངས་སྤྱད་པར་བྱའོ། །ལག་པ་གཡོན་པས་རྟག་ཏུ་མི་བྱེད་ནའང་གཡོན་གྱིས་ཀུན་ཏུ་སྤྱོད་པ་ཡིན་པའི་ཕྱིར་ཁམ་དང་པོ་ལ་སོགས་པར་གཡོན་པས་ལོངས་སྤྱད་ལ་དེ་ནས་ཅི་བདེར་སྤྱད་དོ། །ཁ་ཟས་ཀྱི་རྣལ་འབྱོར་གྱི་དུས་སུ་ལས་བཞིའི་མཐའ་རྟེན་གྱི་སྔགས་དང༌། སྙིང་གའི་ཧེ་རུ་ཀའི་ཞལ་གྱི་ཁ་དོག་ཞི་བ་ལ་དཀར་པོ་ཞེས་བྱ་བ་ལ་སོགས་པར་བསྒྱུར་ཞིང་ཁ་ཟས་ཀྱི་མཆོད་པ་བྱས་ན་ལས་བཞི་པོ་གང་ལ་དམིགས་པ་འགྲུབ་པར་འགྱུར་རོ་ཞེས་གསུང་ངོ༌། །ཟས་ཀྱི་རྗེས་ལ་ལྷག་མའི་གཏོར་མས་འབྱུང་པོ་ཚིམ་པར་བྱ་བ་དང༌། སྦྱིན་སྲེག་གི་རྗེས་དང་མཐུན་པར་བདག་མེད་པར་དྲན་པར་བྱས་ལ་ངལ་བསོ་བར་བྱའོ། །ཁ་ཟས་ཀྱི་རྣལ་འབྱོར་བསྟན་ཟིན་ཏོ།།  །།དེ་ལྟར་ཐུན་དང་པོའི་རྗེས་ལ་སྔ་དྲོའི་ཐུན་དང༌། ཕྱེ་མ་རེད་ཀྱི་ཐུན་ལའང་དེ་བཞིན་དུ་ཀུན་ཏུ་སྤྱད་ལ། སྲོད་ཀྱི་ཐུན་ལ་ཚངས་པའི་གནས་བཞི་བསྒོམ་པ་ནས་བརྩམས་ཏེ་བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ལ་མཆོད་ནས། བཟླས་བརྗོད་དང་བསམ་གཏན་གྱི་ནམ་ཕྱེད་ཚུན་ཆད་དུས་འདའ་བར་བྱས་ནས་མཚན་ཕྱེད་ཀྱི་དུས་སུ་གཏོར་མ་སྦྱིན་པར་བྱའོ། །དེ་སྐད་དུ་ཨ་བྷི་དྷ་ན་ལས། ཇི་ལྟར་བདེ་བས་དཀྱིལ་འཁོར་དུ། །ཆོ་ག་བཞིན་དུ་གཏོར་མ་ནི། །ལྷོ་ཕྱོགས་ཁ་བལྟས་འདུག་པ་ཡིས། །མཚན་ཕྱེད་དུས་སུ་སྤྱིན་པར་བྱ། །ཞེས་འབྱུང་བ་ཡིན་ནོ། །ཤིན་ཏུ་སྤྲོ་བ་དང་ལྡན་པས་ཐུན་བཞིར་སྦྱིན་པ་ཡང་མི་འགལ་ཏེ། དེ་ཉིད་ཀྱི་ལེའུ་དགུ་པ་ལས། ཆོ་ག་འདི་ཡི་རིམ་པ་ཡིས། །ཐུན་མཚམས་བཞི་རུ་སྦྱིན་པར་བྱ། །ཞེས་འབྱུང་བ་ཡིན་ནོ། །དེ་ལ་གཏོར་མའི་ཆོ་ག་ནི་འདི་ཡིན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས་སམ། མ་འབྱོར་ན་གཅིག་གིས་ཀྱང་རུང་སྟེ་མདུན་དུ་བཤམས་ལ། ཆང་ལ་སོགས་པས་སྦྱངས་ཏེ། སུཾ་བྷ་ནི་ལ་སོགས་པ་ཞལ་བཞི་པའི་སྔགས་བརྗོད་ཅིང་བདུད་རྩིས་གཏོར་བས་བགེགས་བསལ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་སྟོང་པ་ཉིད་དུ་སྦྱང༌། དེའི་ངང་ལས་ཡི་གེ་ཡྃ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པ་ལྟ་བུ་ཁ་དོག་སྔོན་པོ་ཡཾ་དང་བ་དན་གྱིས་མཚན་པའོ། །དེའི་སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་རྃ་གྱིས་མཚན་པའོ། །དེའི་སྟེང་དུ་ཨཱཿལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ། དཔྲལ་པ་རང་ལ་བསྟན་པ་ཤིན་ཏུ་རྒྱ་ཆེ་བ་ཨཱས་མཚན་པའོ། །དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཤ་ལྔ་བདུད་རྩི་ལྔ་དང༌། ཡེ་ཤེས་ལྔ་བསམ་པར་བྱ་སྟེ། དེ་ལ་ཇོ་བོ་ནཱ་རོ་པའི་གསུང་གིས་མན་ངག་གི་དབུས་སུ་གོ་ལས་གོ་རུ་བ་ལང་གི་ཤ། ཤར་དུ་ཀུ་ལས་ཀུ་ཀུ་ར་ཁྱིའི་ཤ། བྱང་དུ་ད་ལས་དཱནྟ་གླང་པོ་ཆེའི་ཤ། ནུབ་ཏུ་ཧ་ལས་ཧ་ཡ་འགྲོ་མགྱོགས་རྟའི་ཤ། ལྷོ་རུ་ན་ལས་ན་ར་མིའི་ཤའོ། །ཤ་རེ་རེའི་སྟེང་དུ་བདུད་རྩི་ལྔ་རེ་བསམ་པར་བྱ་སྟེ། དབུས་སུ་བི་ལས་བི་ཏྲ་དྲི་ཆེན། ཤར་དུ་མུ་ལས་མུ་ཏྲ་དྲི་ཆུ། བྱང་དུ་ཤུ་ལས་ཤུ་ཀྲ་བྱང་ཆུབ་ཀྱི་སེམས། ནུབ་ཏུ་མ་ལས་མྃ་ས་ཤ་ཆེན་པོ། ལྷོ་རུ་ར་ལས་རཀྟ་ཁྲག་ཆེན་པོའོ། །འདི་ནི་ཅུང་ཟད་འཁྲུག་པར་སྣང་ཡང་ཇོ་བོ་ནཱ་རོ་ཏ་པ་ཉིད་ཀྱི་གསུང་ཡིན་པས་བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་འདི་ཉིད་ཡིན་ནོ། །རྒྱུད་རྣམས་ནས་འབྱུང་བ་དང༌། བླ་མ་གཞན་རྣམས་ཀྱི་མན་ངག་དང་བསྟུན་ན། ཤ་ཆེན་པོ་དང་དྲི་ཆུ་ནི་མི་བསྐྱོད་པའི་རང་བཞིན་དབུས་སུ་འབྱུང༌། བ་ལང་གི་ཤ་དང་དྲི་ཆེན་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཤར་དུ་ཁྱིའི་ཤ་དང་རཀྟ་ནི་རིན་འབྱུང་གི་རང་བཞིན་ལྷོ་རུ་རྟའི་ཤ་དང་བྱང་སེམས་ནི་འོད་དཔག་མེད་ཀྱི་རང་བཞིན་ནུབ་ཏུ་གླང་པོ་ཆེའི་ཤ་དང་ཤ་ཆེན་དྭངས་མ་ནི་དོན་གྲུབ་ཀྱི་རང་བཞིན་བྱང་དུ་འོང་བར་གསུངས་སོ། །དེའི་ལུགས་ལ་མོས་ན་དེ་བཞིན་དུ་བྱས་ཀྱང་འགལ་བ་མེད་དེ་ལེགས་སོ། །དེ་ནས་ཡང་ཡེ་ཤེས་ཀྱི་ངོ་བོར་བྱིན་གྱི་བརླབ་པའི་ཕྱིར། དབུས་སུ་ཧཱུྃ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཤར་དུ་བྷཱུྃ་ནི་མེ་ལོང་ལྟ་བུའི་ཡེ་ཤེས། བྱང་དུ་ཁཾ་ནི་བྱ་བ་གྲུབ་བའི་ཡེ་ཤེས། ནུབ་ཏུ་ཛྲཱིཾ་ནི་སོ་སོར་རྟོག་པའི་ཡེ་ཤེས། ལྷོ་རུ་ཨཱྃ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མོས་པ་བྱ། དེའི་སྟེང་མཐོ་གང་ཙམ་གྱི་ནམ་མཁའ་ལ། ཨོཾ་དཀར་པོ་མགོ་ཐུར་དུ་བསྟན་པར་བསམ། དེའི་ཡང་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཨས་བརྒྱན་པའོ། །དེའི་སྟེང་དུ་ཡི་གེ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་བརྒྱན་པའོ། །ཧཱུྃ་དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གི་བ་དན་ལ་ཕོག་པས་རླུང་གཡོས། དེས་མེ་སྦར་ཏེ་ཐོད་པ་བསྲོས་པ་ལས་ཤ་ལྔ་བདུད་རྩི་ལྔ་དང་ཡེ་ཤེས་ལྔ་འོད་དུ་ཞུ་ཞིང་བསྐོལ་བར་གྱུར་པར་བསམ་མོ། །དེའི་རླངས་ཀྱི་འོད་ཟེར་སྟེང་དུ་འཕྲོས་པས་ཨོཾ་མགོ་ཐུར་ལྟ་དང༌། ཟླ་བ་དང་སྣ་ཚོགས་རྡོ་རྗེ་ཡང་བསྐུལ་ཏེ། དེ་དག་ལས་ཀྱང་བདུད་རྩིའི་རྒྱུན་འཛག་པར་བསམ། སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་ཀྱང་འོད་ཟེར་སྟེང་དུ་འཕྲོས་པའི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རང་བཞིན་ཐོད་པ་བདུད་རྩིས་གང་བ་དུ་མ་སྤྱན་དྲངས། མདུན་གྱི་ཐོད་པ་ལ་ཐོད་པ་ཐིམ། བདུད་རྩི་ལ་བདུད་རྩི་ཐིམ་སྟེ། ཡེ་ཤེས་ཀྱི་བདུད་རྩི་དང་གཉིས་སུ་མེད་པར་བསམ། སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་དང༌། ཨོཾ་ཡང་ལྷུང་སྟེ་ཞུ་ནས་གཉིས་སུ་མེད་པར་གྱུར་ནས་ཁ་དོག་དང་དྲི་དང་རོ་དང་ནུས་མཐུ་ཕུན་སུམ་ཚོགས་པར་བསམ་ཞིང༌། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་ལན་གསུམ་དུ་བཟླས་པར་བྱའོ། །རྫས་སྦྱོང་བའི་ཏིང་ངེ་འཛིན་ཏོ། །དེ་ནས་མགྲོན་བསྐྱེད་པ་ནི། སྲོད་ཐུན་ལྟ་བུ་བདག་གི་དཀྱིལ་འཁོར་མ་བསྡུས་པའི་སྐབས་ཡིན་ན། གསལ་བར་བལྟས་པ་ཙམ་གྱིས་བཏུབ། དཀྱིལ་འཁོར་ལུས་ལ་བསྡུས་པའམ་འབྲིང་བསྡུས་ལྟ་བུ་ཕྱིའི་དཀྱིལ་འཁོར་མ་སྒོམ་པའི་སྐབས་ཡིན་ན། ཕྱིའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་དུར་ཁྲོད་ཆེན་པོ་དང་བཅས་པ་སྐད་ཅིག་གིས་བསྐྱེད་དེ་གསལ་བར་བྱས་ལ། བདག་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་ཏེ་དུར་ཁྲོད་བརྒྱད་ལ་ཕོགས་པས། དཀྱིལ་འཁོར་གྱི་འཁོར་ལོ་ཆ་བརྒྱད་དུ་གྱུར་པར་བསམ། དེ་ནས་ལག་པས་འབར་བའི་ཕྱག་རྒྱ་དཔྲལ་བའི་གནས་སུ་གཡོན་དུ་བསྐོར་ཞིང༌། རྐང་པ་གཡས་པས་གཡོན་མནན་ལ། ངག་ཏུ་ཕཻཾ་ཞེས་བརྗོད་ཅིང་ཡིད་ཀྱིས་སྙིང་གའི་ཧཱུྃ་གི་འོད་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་ལོ་ཆ་དགུ་སྤྱན་དྲངས་ལ། ཛཿཧཱུྃ་བཾ་ཧོཿཞེས་བརྗོད་པས་བདག་གི་དཀྱིལ་འཁོར་དང་དུར་ཁྲོད་བརྒྱད་ཀྱི་དཀྱིལ་འཁོར་བརྒྱད་དེ་དགུ་པོ་ལ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ལ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་ཅིང་རྣམ་ལྔ་འདོད་པའི་བསྐོར་བ་བྱས་ཏེ་བརྟན་པར་བྱའོ། །དེ་ནས་ཐམས་ཅད་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་དཀར་པོ་སྦུ་གུ་ཅན་ཧཱུྃ་གིས་མཚན་པར་བྱིན་གྱིས་བརླབས་ལ། གཏོར་མ་ལས་ཐོད་པ་བདུད་རྩིས་གང་བ་དུ་མ་ཆད་ཅིང༌། ཐམས་ཅད་ཀྱི་ཕྱག་དུ་རེ་རེ་བཞག་པས་གསོལ་བར་བསམ་ཞིང་ལག་པ་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ངག་ཏུ། ཨོཾ་བཛྲ་ཨཱ་རལླི་ཧོཿཛཿཧཱུྃ་བཾ་ཧོཿབཛྲ་ཌཱ་ཀི་ནྱཿ ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོ། ཨོཾ་ཨཱ་ཧཱུྃ། ཞེས་བརྗོད་པ་དང་པོས་བདེ་བ་ཆེན་པོའི་འཁོར་ལོ་ཚན་པ་དགུ་མཉེས་ཤིང་ཚིམ་པར་བསམ་མོ། །དེ་བཞིན་དུ་གཉིས་པས་ཐུགས་ཀྱི་འཁོར་ལོ། གསུམ་པས་གསུང་གི་འཁོར་ལོ། བཞི་པས་སྐུའི་འཁོར་ལོ། ལྔ་པས་དམ་ཚིག་གི་འཁོར་ལོ་ཚན་པ་དགུ་མཉེས་ཤིང་ཚིམ་པར་བསམས་ཏེ། སྔགས་ལན་ལྔའི་བར་དུ་བརྗོད་ལ། དེ་ནས་གྲུབ་ན་ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པ་ཕྲེང་བའི་སྔགས་བཟླས་པས་ཀྱང་མཉེས་པར་བྱ། རྐང་པ་བརྒྱད་པས་བསྟོད་པ་བྱས་ལ། ཡིད་ལ་ཇི་ལྟར་འདོད་པའི་དངོས་གྲུབ་བླང་ཞིང་གསོལ་བ་གདབ་པར་བྱའོ། །འཇིག་རྟེན་ལས་འདས་པའི་གཏོར་མའོ། །དེ་ནས་འཇིག་རྟེན་པའི་གཏོར་མ་ནི། གཏོར་མ་གཅིག་ལས་མེད་ཅིང་མ་བཤམས་ན་དེ་ཉིད་ཀྱི་ལྷག་མས་ཆོག་པར་བྱ། སྣོད་གཉིས་བཤམས་ན་ཡང་བྱིན་རླབས་སྔར་དུས་གཅིག་ལ་བྱས་ཏེ། སྐབས་འདིར་བྱིན་རླབས་བྱ་མི་དགོས། དེ་ནས་དཔལ་མགོན་པོ་ནག་པོ་ལ་སོགས་པ་ཆོས་སྐྱོང་ཁྱད་པར་བ་ལ་གཏོར་མ་བཏང་ན་ཡང་འཇིག་རྟེན་པའི་གཏོར་མ་འདི་ཉིད་ཀྱི་ཕུད་ལ་གཏོར་མ་བཏང་ལ། འཇིག་རྟེན་པ་སྤྱི་སྤྱན་དྲང་བར་བྱའོ། །དེ་ལ་འཇིག་རྟེན་པའི་མགྲོན་སྤྱན་དྲང་བ་ནི། ལུས་ཀྱི་འབར་བའི་ཕྱག་རྒྱ་ལ་སོགས་པ་སྔ་མ་བཞིན་དུ་བཅིངས་ལ། ངག་ཏུ་ཨོཾ་བཛྲ་ཨཱ་རལླི་ཧོ། ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནྱཿས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ཞེས་བརྗོད་ཅིང་སྙིང་གའི་ས་བོན་གྱི་འོད་ཀྱིས་འཛམ་བུའི་གླིང་ན་གདོད་ནས་གྲུབ་པའི་དུར་ཁྲོད་བརྒྱད་གནས་པ་སྤྱན་དྲངས་ལ། བདག་གིས་བསྐྱེད་པའི་དུར་ཁྲོད་བརྒྱད་ལ་གཉིས་སུ་མེད་པར་བསྟིམ་པར་བྱའོ། །དེ་ནས་སྔ་མའི་ཏིང་ངེ་འཛིན་ལྟ་བུ་དང་ལྡན་པས་དབུལ་བར་བྱ་ཞིང་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཱཀྵ་ས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུནྨཱ་ད། ཨ་པསྨཱ་ར། ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡཿ ཨི་མཾ་བ་ལིཾ་གྲིཧྣནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྚཾ། བྷུཉྫ་ཐ། ཛི་གྷ་ཐ། པི་ཝ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱརྟ་ཡ། སཏྶུ་ཁཾ་བི་ཤུདྡྷ་ས་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས་དུར་ཁྲོད་ཀྱི་བདག་པོ་རྣམས་མཉེས་པར་བསམ་པར་བྱའོ། །དེ་ནས་དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་གསོར་བས་དུར་ཁྲོད་ཀྱི་བདག་པོ་རྣམས་ལ་ཕྲིན་ལས་བཅོལ་བར་བྱ་སྟེ། ལྷ་ཡི་ཚིགས་རྣམས་མ་ལུས་དང༌། །ཀླུ་ཡི་ཚོགས་རྣམས་མ་ལུས་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས་རྣམས་མ་ལུས་དང༌། །འབྱུང་པོའི་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས་ཚོགས་རྣམས་མ་ལུས་དང༌། །ཤ་ཟའི་ཚོགས་རྣམས་མ་ལུས་དང༌། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང༌། །བརྗོད་བྱེད་ཚོགས་རྣམས་མ་ལུས་དང༌། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང༌། །མ་མོའི་ཚོགས་རྣམས་མ་ལུས་དང༌། །མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་བཞེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡིས། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་ཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཕྱོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང༌། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་བསྟོད། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་པས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་འདི་ཞེས་བྱ་བ་འཁོར་བཅས་ལ། །ནད་མེད་ཚེ་རིང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བར་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །སྲུང་མས་རྟག་ཏུ་གྲོགས་མཛོད་ཅིག །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་ཞི་བ་དང༌། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཇོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་རྒྱས་ཤིང་ཆོས་འཕེལ་ཞིང༌། །བདེ་ལེགས་ཐམས་ཅད་འགྲུབ་པ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་བརྗོད་པར་བྱའོ། །དེ་ནས་ཡི་གེ་བརྒྱ་པས་བཟོད་པར་གསོལ་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། མདུན་དུ་སྤྲུལ་པ་རྣམས་བདག་གི་ལུས་ལ་བསྡུ་བར་བྱའོ། །གཅེར་བུར་གྱུར་པས་གཏོར་མ་ནི་ལྷོའི་ཕྱོགས་སུ་གཏང་བར་བྱའོ། །ཡང་ན་གཏོར་མ་ཕྱི་རོལ་དུ་བཏང་བའི་ཚེ་གོང་གི་ཕྲིན་ལས་བཅོལ་བའི་ཚིགས་སུ་བཅད་པ་རྣམས་བརྗོད་ལ་ལོག་ནས་བཟོད་པར་གསོལ་ནས་གཤེགས་སུ་གསོལ་བ་དང༌། སྤྲུལ་པ་བདག་གི་ལུས་ལ་བསྡུ་བར་བྱ་སྟེ། དེ་ལྟར་ནའང་འགལ་བ་མེད་དོ། །དེ་ལྟར་གཏོར་མ་བཏང་བ་རྫོགས་ནས་སྟན་ལ་འདུག་སྟེ་དག་པ་རྗེས་སུ་དྲན་པར་བྱ། དེ་ནས་དཔའ་བོའི་གོ་ཆ་དང༌། དཔའ་མོའི་གོ་ཆ་དང༌། གོ་ཆ་ཆེན་པོ་དང༌། ཞལ་བཞི་པའི་ཚོམ་ངམ་སྔགས་ཀྱིས་བསྲུངས་ལ་སྤྱོད་ལམ་གྱི་རྣལ་འབྱོར་དྲན་པ་ཙམ་བྱ། སྐབས་དེར་ཁ་ཟས་དང་འབྲེལ་ན་ཁ་ཟས་ཀྱི་རྣལ་འབྱོར་བྱའོ། །དེ་ནས་རྫོགས་པའི་རིམ་པ་རྡོ་རྗེ་སེམས་དཔའ་བསྡུ་པའི་ངང་ལ་ཉལ་བའི་རྣལ་འབྱོར་དང་ཐུན་མོང་དུ་བྱས་ཏེ་གཉིད་ལོག་ལ་ནང་པར་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ། ཆོ་ག་ཐམས་ཅད་སྔ་མ་བཞིན་དུ་རྗེས་སུ་སྤྱད་པར་བྱའོ། །རྣལ་འབྱོར་བཞི་ཡན་ལག་དང་བཅས་པའི་མངོན་པར་རྟོགས་པ་བསྟན་ཟིན་ཏོ།།  །།དེ་ལ་སློབ་དཔོན་ལཱུ་ཧི་པའི་དགོངས་པ་ཇོ་བོ་ནཱ་རོ་ཏ་པས་བསྐངས་པས། མངོན་པར་རྟོགས་པ་འདི་སྐུ་གསུམ་ལམ་དུ་བྱེད་པའི་སྒྲུབ་ཐབས་ཡིན་ཏེ། དེའང་བློའི་སྤྱོད་ཡུལ་རྫོགས་པ་གཅིག་ལ་སྐུ་གསུམ་དུ་གཞག་པ་དང༌། དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པ་གཅིག་ལ་སྐུ་གསུམ་དུ་གཞག་པ་དང༌། མངོན་པར་རྟོགས་པ་རྫོགས་པ་གཅིག་ལ་སྐུ་གསུམ་དུ་གཞག་པའོ། །དང་པོ་ནི། བདག་གི་བློ་སྣང་གི་དཀྱིལ་འཁོར་ནི་ཞིང་སྐྱེས་ཀྱིས་སྤྲུལ། ཞིང་སྐྱེས་ཉིད་ཀྱང་ལྷན་སྐྱེས་ཀྱིས་སྤྲུལ་པའི་ཕྱིར་དེ་གཉིས་ཀའང་སྤྲུལ་པའི་སྐུ་ཡིན་ནོ། །ལྷན་སྐྱེས་ནི་གནས་འཕོ་བ་མེད་པའི་ཚུལ་གྱིས་ཟག་པ་མེད་པའི་བདེ་བ་དང༌། ཆོས་ལ་ལོངས་སྤྱོད་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུའོ། །ཆོས་ཀྱི་སྐུ་ནི་ཆོས་ཀྱི་སྐུ་ཉིད་དོ། །གཉིས་པ་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པ་གཅིག་ལ་སྐུ་གསུམ་དུ་འཇོག་ན། བདེ་བ་ཆེན་པོའི་འཁོར་ལོ་ནི་ཆོས་ཀྱི་སྐུ། འཁོར་ལོ་གསུམ་ནི་ལོངས་སྐུ། སྒོ་མཚམས་མ་བརྒྱད་ནི་སྤྲུལ་པའི་སྐུའོ། །མངོན་པར་རྟོགས་པ་རྫོགས་པ་གཅིག་ལ་སྐུ་གསུམ་དུ་འཇོག་ན། ཕྱིའི་དཀྱིལ་འཁོར་དག་པ་དང་བཅས་པ་སྤྲུལ་པའི་སྐུ་ལམ་དུ་བྱེད་པའི་སྒྲུབ་ཐབས། ལུས་ཀྱི་དཀྱིལ་འཁོར་སྔགས་ཀྱི་བྱིན་གྱིས་བརླབ་པ་དང་བཅས་པ་ལོངས་སྤྱོད་རྫོགས་པའི་སྐུ་ལམ་དུ་བྱེད་པའི་སྒྲུབ་ཐབས། རྫོགས་པའི་རིམ་པ་སྤྱོད་པ་དང་བཅས་པ་ཆོས་ཀྱི་སྐུ་ལམ་དུ་བྱེད་པའི་སྒྲུབ་ཐབས་སོ། །དེ་ལ་འབྲིང་བསྡུས་ཀྱི་དབང་དུ་བྱས་ན་ཕྱིའི་དཀྱིལ་འཁོར་མེད་པས་ལུས་ལ་ལྷ་རྣམས་རྫོགས་པར་བསྐྱེད་པ་ཙམ་ནི་སྤྲུལ་པའི་སྐུ་ཡིན་ལ། བསྐྱེད་པ་གསལ་བཏབ་པ་དང་ཐིམ་པའི་ཚུལ་གྱིས་ལོངས་སྤྱོད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། རྫོགས་པའི་རིམ་པ་སྤྱོད་པ་དང་བཅས་པ་ནི་ཆོས་ཀྱི་སྐུ་ལམ་དུ་བྱེད་པའི་སྒྲུབ་ཐབས་ཡིན་ནོ། །དེ་ལ་སྔོན་དུ་འགྲོ་བ་ཚོགས་གཉིས་བསགས་པ་ནི། གཙོ་བོར་ཕྱིའི་དཀྱིལ་འཁོར་རྫོགས་པར་བྱེད་པའི་ཡན་ལག་ཡིན་ལ། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་ནི་གཉིས་ཀ་རྫོགས་པར་བྱེད་པའི་ཡན་ལག་ཡིན་ཞིང༌། གོ་ཆ་བཅིང་བ་ནི་གཉིས་ཀ་ལ་བྱེད་ནའང༌། གཙོ་བོར་ལུས་ཀྱི་དཀྱིལ་འཁོར་རྫོགས་པར་བྱེད་པའི་ཡན་ལག་ཡིན་ལ། དབང་བསྐུང་ཞིང་རིགས་ཀྱི་བདག་པོའི་རྒྱས་གདབ་པའི་བར་ནི་གཉིས་ཀ་ལ་འཇུག་ནའང་གཙོ་བོར་ཕྱིའི་དཀྱིལ་འཁོར་རྫོགས་པར་བྱེད་པའི་ཡན་ལག་ཡིན་ནོ། །ཡན་ལག་དེ་དག་ཀྱང་མངོན་པར་རྟོགས་པ་བསྡུས་པ་ལ་ནི་གང་ཡང་མི་དགོས་སོ། །མངོན་པར་རྟོགས་པ་རྒྱས་འབྲིང་གཉིས་ཀ་ལ་དགོས་ཤིང༌། ཕྱི་དང་ལུས་གཉིས་ཀ་ལ་རྫོགས་པར་བྱེད་པའི་ཡན་ལག་ཐུན་མོང་བ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དྲན་པ་དང༌། བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ལ་མཆོད་པ་དང༌། བཟླས་པ་དང༌། དག་པ་རྗེས་སུ་དྲན་པ་དང༌། སྤྱོད་ལམ་གྱི་རྣལ་འབྱོར་དང༌། ཁ་ཟས་ཀྱི་རྣལ་འབྱོར་དང༌། གཏོར་མའི་རྣལ་འབྱོར་རྣམས་ཡིན་ནོ། །རྫོགས་པའི་རིམ་པ་སྤྱོད་པ་དང་བཅས་པ་ལ་ནི་དེ་དག་ཉིད་ལས་ཡན་ལག་གཞན་མེད་དོ། །དེ་ལ་རྫོགས་པའི་རིམ་པའི་རབ་ཏུ་དབྱེ་བ་ནི་གོང་དུ་བསྟན་ཟིན་ལ། སྤྱོད་པའི་རིམ་པ་ཅུང་ཟད་ཅིག་བརྗོད་ན། རང་དོན་གྱི་སྤྱོད་པ་དང༌། གཞན་དོན་གྱི་སྤྱོད་པ་ཞེས་བྱ་བ་གཉིས་ཡིན་ནོ། །རང་དོན་གྱི་སྤྱོད་པ་ལ་གསུམ། བསྐྱེད་རིམ་བརྟན་པར་བྱེད་པ་སྤྲོས་བཅས་ཀྱི་སྤྱོད་པ་དང༌། རྫོགས་རིམ་བརྟན་པར་བྱེད་པ་སྤྲོས་མེད་ཀྱི་སྤྱོད་པ་དང༌། གཉིས་ཀ་བརྟན་པར་བྱེད་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའོ། །དང་པོ་ནི་འབྱོར་པ་དང་བཅས་པས་ཀུན་ཏུ་སྤྱོད་ན་བསྐྱེད་པའི་རིམ་པ་ཅུང་ཟད་བརྟན་པ་དེས་ཚོགས་ཀྱི་ཁང་པ་སུམ་རིམ་བརྩིགས་ལ། ནང་མའི་ནང་དུ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་ཆ་ལུགས་དང༌། ང་རྒྱལ་འཛིན་པའི་དཔའ་བོ་དང་དཔའ་མོ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་རིམ་པའི་རྣམ་པ་ལྟ་བུའི་ཚུལ་དུ་བཀོད་ལ་ཐམས་ཅད་ཀྱིས་ཀྱང་མངོན་པར་རྟོགས་པ་ཚུལ་གཅིག་ཏུ་བསྒོམ། རིམ་པ་གཉིས་པ་ལ་རོ་རྡོ་རྗེའི་ང་རྒྱལ་འཛིན་པ་གྲངས་ཅི་རིགས་པ་བཀོད་ལ་ཐམས་ཅད་ཀྱིས་ཚོགས་ཀྱི་འཁོར་ལོའི་ཁ་ཟས་ཀྱི་གཡོས་བྱས་ཤིང༌། ཐུན་མཚམས་རྣམས་སུ་ཕྱི་དང་ནང་ན་གནས་པ་རྣམས་ལ་ཚོགས་ཀྱི་འཁོར་ལོའི་སྟོན་མོ་དྲང་བར་བྱའོ། །རིམ་པ་ཐ་མར་གླུ་ལེན་པ་དང་གར་བྱེད་པ་ལ་སོགས་པའི་རྣལ་འབྱོར་མ་བཅུ་དྲུག་རིག་མ་བཅུ་དྲུག་གི་ང་རྒྱལ་འཛིན་ཅིང་དཀྱིལ་འཁོར་མཆོད་པའི་བསམ་པ་དང་ལྡན་པ་དགོད་དོ། །དེ་ལྟ་བུའི་ཚུལ་གྱིས་ཐུན་བཞིའམ་དྲུག་ཏུ་ཚོགས་ཀྱི་འཁོར་ལོ་བྱ་ཞིང་ལོའམ་ཟླ་བ་དུ་མར་བསྒྲུབས་ནས་བསྐྱེད་པའི་རིམ་པའི་དམིགས་པ་ཤིན་ཏུ་བརྟན་པར་བྱེད་པ་ཡིན་ནོ། །ཡོ་བྱད་དང་འབྱོར་པ་དེ་ཙམ་མེད་པས་རང་ཉིད་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པ་རྒྱན་དྲུག་བགོས་ལ་ཌཱ་མ་རུ་དང་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པས་ཐུན་དྲུག་གམ་གསུམ་དུ་བསྐྱེད་རིམ་བརྟན་པར་བྱ་ཞིང་བསྒོམ་པ་ཡིན་ནོ། །རྫོགས་རིམ་བརྟན་པར་བྱེད་པ་སྤྲོས་མེད་ཀྱི་སྤྱོད་པ་ནི། མཉམ་གཞག་གི་དུས་སུ་འཇིག་རྟེན་གྱི་ཆོས་བརྒྱད་མགོ་སྙོམས་པ་སྙམ་བྱེད་ན། དེ་བརྟན་ནམ་མི་བརྟན་བརྟག་པའི་དོན་དུ་མཚན་མོ་ལམ་ཀའི་བཞི་མདོ་ལ་སོགས་པར་ཕྱིན་ཏེ། ཡུལ་རྣམས་ཉེ་བར་ལོངས་སྤྱད་ནས་རྣམ་པར་རྟོག་པ་སྐྱེའམ་མི་སྐྱེ་རྟོག་ཅིང་བརྟན་པར་བྱེད་པ་ཡིན་ནོ། །ཉིན་མོའི་དུས་སུ་ནི་བྲམ་ཟེ་ལ་སོགས་པ་རང་གི་རིགས་དང་མཐུན་པའི་སྤྱོད་པས་གནས་པར་བྱེད་པ་ཡིན་ནོ། །གཉིས་ཀ་བརྟན་པར་བྱེད་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ནི། སྤྲོས་མེད་ཀྱི་སྤྱོད་པས་ཐ་མལ་གྱི་རྣམ་རྟོག་མི་སྐྱེ་བར་ངེས་པར་བརྟན་པ་དང༌། རང་གི་ཡུལ་འཁོར་ཡོངས་སུ་སྤངས་ཏེ་རང་གི་རིགས་དང་རུས་དང་ཆོ་འབྲང་ལ་སོགས་པ་ཐམས་ཅད་གསང་ནས་སྨྱོན་པར་བརྫུས་ཏེ། སྨྱོན་པའི་སྦྱོར་བས་རང་གི་རྟོགས་པའི་ཡེ་ཤེས་ཀུན་ཏུ་སྐྱོང་ཞིང་བརྟན་པར་བྱེད་པ་ཡིན་ནོ། །གཞན་གྱི་དོན་གྱི་སྤྱོད་པ་ནི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པས་ཡེ་ཤེས་ཤིན་ཏུ་བརྟེན་ནས་ནུས་པ་ཆེན་པོ་སྐྱེས་པ་དེའི་ཚེ། སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བའི་སྤྱོད་པས་རྣལ་འབྱོར་པ་ཁས་བླངས་ནས། སློབ་དཔོན་བིརྺ་པའམ། སློབ་དཔོན་ལཱུ་ཧི་པ་བཞིན་དུ་གཞན་དོན་གྱི་སྤྱོད་པ་བྱེད་པ་ཡིན་ནོ། །རྫོགས་པའི་རིམ་པ་སྤྱོད་པ་དང་བཅས་པ་བསྟན་ཟིན་ཏོ།།  །།དེ་ལྟར་ཉམས་སུ་བླངས་པ་ལས། འབྲས་བུ་ནི་རྣམ་པ་གསུམ་སྟེ། ཞི་སོགས་བྱ་བ་དམན་པའི་དངོས་གྲུབ་དང༌། འབྲིང་གྲུབ་པ་ཆེན་པོ་བརྒྱད་དང༌། མཁའ་སྤྱོད་ཀྱི་དངོས་གྲུབ་དང༌། རབ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྐུ་གསུམ་གྱི་རང་བཞིན་སངས་རྒྱས་ཀྱི་ས་རྡོ་རྗེ་འཛིན་པ་ཉིད་འགྲུབ་པ་ཡིན་ནོ། །དང་པོའི་ལས་ཅན་རྗེས་སུ་གཟུང་བ་དང༌། །མང་དུ་གསོལ་བ་འདེབས་པའི་ངོར་བྱས་ནས། །དགེ་བསྙེན་གྲགས་པ་རྒྱལ་མཚན་བདག་གིས་ནི། །སྡེབ་སྦྱོར་སྤངས་ཏེ་ཤིན་ཏུ་ཞིབ་པར་བགྱིས། །དེ་ལས་བྱུང་བའི་དགེ་བ་དྲི་མེད་དེས། །ནམ་མཁའི་མཐས་གཏུགས་གྱུར་བའི་སེམས་ཅན་རྣམས། །རིམ་གཉིས་ཟབ་མོའི་ལམ་འདིར་ཞུགས་གྱུར་ནས། །རྡོ་རྗེ་འཆང་དབང་མྱུར་དུ་འགྲུབ་པར་ཤོག །མངོན་པར་རྟོགས་པ་ལཱུ་ཧི་པའི་བསྒོམ་པའི་རིམ་པ་གསལ་བར་བྱེད་པ་ཞིབ་ཏུ་ཕྱེ་བ་ཞེས་བྱ་བ། ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བ་འདི་ཡོངས་སུ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*