སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་ལོ་རྒྱུས།

༼ཇ༽

༄༅། །སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་ལོ་རྒྱུས་བཞུགས་སོ།།

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སློབ་དཔོན་ཆེན་པོ་རྡོ་རྗེ་དྲིལ་བུ་པ་འདིའི་སྐུ་འཁྲུངས་པའི་ཡུལ་ནི། ཤར་ཕྱོགས་བྷ་རེནྡྲ་པ་ཡིན་ལ། རྟེན་ནི་དགེ་སློང་ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོར་གྱུར་པ་ཡིན་ནོ། །འདི་ལ་བླ་མ་ཕམ་ཐིང་བའི་བཞེད་པས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཉིད་ཀྱིས་དངོས་སུ་བྱིན་གྱིས་བརླབས་ནས། རྒྱུད་དང་གདམས་ངག་མ་ལུས་པའི་གནང་བ་ཉེ་བར་ཐོབ་པ་ཡིན་ཏེ། རིམ་པ་ལྔ་པ་ཉིད་ལས། འཁོར་ལོ་སྡོམ་པར་སྦས་པ་ཡི། །བླ་མ་རྣལ་འབྱོར་མས་བསྟན་པ། །ཇི་ལྟར་བསྟན་པ་ལྟར་རྙེད་པ། །ཞེས་འབྱུང་བའི་ཕྱིར་རོ། །ཞེས་གསུངས་སོ། །བླ་མ་བྷ་དནྟའི་བཞེད་པས་སློབ་དཔོན་དཱ་རི་ཀ་པའི་སློབ་མ་ཡིན་ཏེ། དེའི་མན་ངག་ལ་བརྟེན་ནས་ཅུང་ཞིག་སྒྲུབ་པ་མཛད་པ་དང༌། དེ་ནས་རྡོ་རྗེ་རྣལ་འབྱོར་མས་སྔར་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་གསུངས་སོ། །གང་ལྟར་ཡང་རྡོ་རྗེ་རྣལ་འབྱོར་མ་དངོས་ཀྱི་སློབ་མ་ཡིན་ནོ། །དེ་ཡང་སློབ་དཔོན་འདི་བསྐྱེད་པའི་རིམ་པའི་དམིགས་པ་ནི་བརྟན། རིམ་པ་ལྔ་པའི་དང་པོ་ལ་བློ་སྦྱངས་ཤིང༌། རྡོ་རྗེ་གདན་གྱི་ཤར་བྷྲི་ཀ་མ་ལ་ཤཱི་ལའི་ཤར་ལྷོ་ཨཽ་ཌེ་བི་ཤ་ཞེས་བྱ་བའི་ཡུལ་ཕྱོགས་ཀྱི་ནགས་ཁྲོད་དབེན་པ་ཞིག་ན། སྒྲུབ་པ་སྙིང་པོར་མཛད་ཅིང་བཞུགས་པའི་ཚེ། ཡུལ་དེའི་རྒྱལ་པོས་སོ་གའི་དུས་སུ་སྐྱོ་བ་བསང་ཞིང༌། རི་དྭགས་ལ་འཕོང་བསླབ་པའི་དོན་དུ་ནགས་གསེབ་མཐུག་པོར་ཕྱིན་པ་དང༌། རྒྱལ་པོ་དེས་སློབ་དཔོན་མཐོང་སྟེ་དགེ་སློང་གི་གཟུགས་ལ་ཤིན་ཏུ་རིད་པ། ལུས་ནི་ཉི་ལྷགས་ཀྱིས་གདུངས་ཤིང་འཚོ་བར་བྱ་བའི་དངོས་པོ་གང་ཡང་མེད་པ་དེ་མཐོང་ནས་སྙིང་རྗེ་སྐྱེས་ཏེ། ངས་འཚོ་བ་སྦྱིན་གྱི། གྲོང་ཁྱེར་དུ་འདོད་ཞེས་སྨྲས་སོ། །དེའི་ཚེ་སློབ་དཔོན་ནི་རིམ་པ་ལྔ་ལ་བློ་སྦྱང་བའི་རིམ་པ་གསུམ་པའི་དམ་ཚིག་གི་ཕྱག་རྒྱ་ཡན་ཆད་ཚར་ནས། ལས་ཀྱི་ཕྱག་རྒྱ་བསྒྲུབ་པའི་སྐབས་སུ་སླེབ་སྟེ། མངོན་པར་ཤེས་པས་གཟིགས་པས་ལས་ཀྱི་ཕྱག་རྒྱ་བསྒྲུབ་པའི་རྟེན་འབྲེལ་ནི་འདིས་འགྲུབ་བོ་སྙམ་དུ་གཟིགས་ཏེ་ཚིགས་སུ་བཅད་པ་གསུངས་པ་ནི། མངོན་རྣམས་ཡོངས་སུ་ཤེས་པའི་མཁས་པ་རྣམས་ལ་བརྙས་པར་མི་བྱ་སྟེ། དེ་ནི་རྩྭ་རྩེ་ཆུང་ངུ་བས་ཀྱང་ཆུང་བའི་འབྱོར་པས་འཁྱིག་པ་མིན། རྒྱུན་མི་འཆད་པར་ཆང་འཛག་པ་ཡི་འགྲམ་བླང་ནག་པོར་སོང་བ་ཡི། །གླང་ཆེན་རྣམས་ནི་པདྨའི་སྐུད་པ་ཕྲ་མོས་འཁྱིག་པར་མི་ནུས་བཞིན། །ཞེས་གསུངས་སོ། །དེའི་ཚེ་རྒྱལ་པོ་ཁྲོས་ནས་ངས་འདི་གྲོང་ཁྱེར་དུ་སྨ་དབབ་པར་བྱའོ་ཞེས་ཟེར་ཏེ། གྲོང་ཁྱེར་དུ་ཕྱིན་ཏེ་དྲིལ་བསྒྲགས་པ། ནགས་གསེབ་ཀྱི་བཙུན་པ་འདི་གྲོང་ཁྱེར་དུ་སྨ་དབབ་པར་སུས་ནུས་པ་དེ་ལ་བྱ་དགའ་ཆེན་པོ་སྦྱིན་པར་བྱའོ་ཞེས་དྲིལ་བསྒྲགས་སོ། །དེའི་ཚེ་ཆང་འཚོང་མ་ཞིག་ལ་བུ་མོ་མཛེས་མ་པདྨ་ཅན་གྱི་རིགས་སུ་གྱུར་པ་ཞིག་ཡོད་པ་དེ་ན་རེ། ངས་འདི་གྲོང་ཁྱེར་དུ་སྨ་དབབ་པར་བྱའོ་ཞེས་ཁས་བླངས་སོ། །དེ་ནས་དེའི་དགོས་པའི་ཡོ་བྱད་ཐམས་ཅད་ནི་རྒྱལ་པོས་གྲོང་ཁྱེར་ནས་སྦྲེངས། བུ་མོ་དེས་སློབ་དཔོན་གྱི་ཞབས་ཏོག་བྱེད་པར་ཞུ་བ་ཕུལ་བས། སྐལ་བ་དང་ལྡན་པར་གཟིགས་ཏེ་གནང་ནས། བུ་མོ་དེ་ལ་དབང་དང་དམ་ཚིག་ཐམས་ཅད་ཀྱི་སྣོད་དུ་རུང་བར་བྱས་ཏེ། ལས་ཀྱི་ཕྱག་རྒྱ་བྱས་ནས། རིམ་པ་ལྔ་པ་མཐར་ཕྱིན་པའི་བར་དུ་ལོ་བཅུ་གཉིས་སུ་སྒྲུབ་པ་མཛད་དོ། །དེ་ནས་ཀུན་ཏུ་བཟང་པོའི་སྤྱོད་པས་ཨཽ་ཌེ་བི་ཤ་ན་གནས་པ་རྣམས་རྡོ་རྗེ་ཐེག་པ་ལ་གཟུད་པར་འདོད་པ་དང༌། མ་འོངས་པའི་སེམས་ཅན་དམན་པ་རྣམས་ཀྱི་དོན་དུ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་སྤྱན་དྲངས་པའི་དགོས་པ་དང༌། སློབ་དཔོན་བདག་ཉིད་ལ་འགྲོ་བ་མི་མོས་པ་རྣམས་བཟློག་པར་བྱ་བའི་དོན་དུ་གྲོང་ཁྱེར་དུ་བཞུད་པར་བཞེད་ནས། སྤྲུལ་པའི་བུ་དང་བུ་མོ་གཉིས་ཤིག་ཀྱང་སྤྲུལ་ཏོ། །དེ་ན་རྒྱལ་པོས་ཆང་འཚོང་མ་མངགས་ཏེ། དེ་རིང་ནགས་གསེབ་ནས་དགེ་སློང་ཁྲིད་ལ་ཤོག་ཅེས་སྨྲས་སོ། །གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་ཀྱང་སྒོ་དྲུང་དུ་འཚོགས་སུ་བཅུག་ནས། ལམ་དུ་རིམ་པ་བཞིན་དུ་ཆང་གི་བུམ་པ་བསྒྲིག་ཏུ་བཅུག་ནས་སྤྱན་དྲངས་པའི་ཚེ། སྤྲུལ་པའི་བུ་ནི་གཡས་ནས་རྒྱུག བུ་མོ་ནི་གཡོན་ནས་རྒྱུག སློབ་དཔོན་གྱིས་རྭའི་བཤོར་ཞལ་དུ་བཅུག་པ་ལ། ཇོ་མོས་ཆང་གི་བུམ་པ་བཏེག་ཅིང་བླུགས་ནས་རིམ་པ་བཞིན་དུ་བྱོན་ནས་གྲོང་ཁྱེར་དུ་སླེབ་པའི་ཚེ། རྒྱལ་པོས་དབུ་བྱས་པའི་གྲོང་ཁྱེར་བ་རྣམས་ཀྱིས་སྔར་གྱི་སློབ་དཔོན་ཉིད་རང་གི་གླུ་ལེན་ཅིང༌། དང་པོ་རྒྱལ་པོས་སྤྱན་དྲངས་པའི་ཚེ་མི་ཡོང་བར་ཆང་འཚོང་མའི་བུ་མོས་བོས་པའི་ཚེ་དེ་ལ་འབབ་པ་ཞེས་ཐལ་མོ་བརྡེབ་ཅིང་གད་མོའི་སྒྲ་བྱས་པས། སློབ་དཔོན་གྱིས་སྔར་གྱི་དགོས་པ་གསུམ་དང༌། རང་གི་ནུས་པ་བསྟན་པའི་ཕྱིར་རྭའི་བཤོར་ས་ལ་བརྡབས་པས་ས་འོག་རིམ་པ་བདུན་ཕུག་སྟེ་འོག་གི་ཆུ་ཆེན་པོ་གྱེན་ལ་ཕྱུང་ངོ༌། །སློབ་དཔོན་རང་ཉིད་ཧེ་རུ་ཀར་བྱས། བཙུན་མོ་ནི་རྡོ་རྗེ་ཕག་མོར་བྱས། སྤྲུལ་པའི་བུ་ནི་རྡོ་རྗེར་བྱས། བུ་མོ་ནི་དྲིལ་བུར་བྱས། བདེ་མཆོག་ལྷན་ཅིག་སྐྱེས་པའི་རྣམ་པར་བྱས་ཏེ་ནམ་མཁའ་ལ་གཤེགས་ནས་སོང་ངོ༌། །རྒྱལ་པོ་ལ་སོགས་པ་སྐྱེ་བོ་ཐམས་ཅད་ཀྱིས་སློབ་དཔོན་ལ་བཟོད་པར་གསོལ་ཞིང་ཕྱག་བྱས་མཆོད་པ་བྱས་ཏེ། གསོལ་བ་བཏབ་པས་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅེས་གསུངས་ནས། ཐམས་ཅད་ཀྱིས་ན་མོ་ལོ་ཀེ་ཤྭ་རཱ་ཡ། ཞེས་གསོལ་བ་བཏབ་པས་ཆུའི་དབུས་ནས་ཐུགས་རྗེ་ཆེན་པོ་རང་བྱུང་གི་སྐུ་ཅིག་བྱུང་སྟེ། ཆུ་རྣམས་གཡས་ཕྱོགས་ནས་དེ་ལ་བསྐོར་བ་ལན་བདུན་བྱས་ནས་འོག་ཏུ་སོང་ངོ༌། །ཐུགས་རྗེ་ཆེན་པོའི་སྐུ་དེ་དེང་སང་དུའང་བྱིན་རླབས་ཆེ་ཞིང་འགྲོ་བ་ཐམས་ཅད་ཀྱི་སྐྱོབ་པར་གྱུར་པ་ཡིན་ནོ། །ཨཽ་ཌེ་བི་ཤ་བ་ཐམས་ཅད་ཀྱང་རྡོ་རྗེ་ཐེག་པ་ལ་ཞུགས་ནས་དངོས་གྲུབ་ཐོབ་པའང་མང་པོ་བྱུང་བ་ཡིན་ནོ། །སློབ་དཔོན་དེའི་སློབ་མ་ནི་རུས་སྦལ་གྱི་ཞབས་ཅན་ཞེས་བྱ་བ་ཡིན་ཏེ། ཞབས་རུས་སྦལ་ལྟར་མཐོ་བའམ། དལ་གྱིས་འགྲོ་བའི་ཕྱིར་རམ། སྤྱོད་པ་མཛད་པའི་ཚེ་སྤྲུལ་པའི་རུས་སྦལ་ཅིག་ལ་ཆིབས་ཏེ་བྱོན་པ་ཡིན་ནོ། །ཞེས་ཀྱང་གྲག་གོ །དེས་ཛཱ་ལནྡྷ་ར་པ་ཆེན་པོ་ལ། དེས་ནག་པོ་སྤྱོད་པ་ལ། དེས་རོལ་པའི་ཟླ་བ། དགེ་བའི་མགོན་པོ། གུ་ཧྱ་པ་གསུམ་ལས། འདིར་གུ་ཧྱ་པ་ལ། དེས་རྣམ་པར་རྒྱལ་བའི་ཞབས་ལ། དེས་ཏི་ལོ་པ་ལ། དེས་ནཱ་རོ་པ་ལ། དེས་ཕམ་ཐིང་བ་སྐུ་མཆེད་ལ། དེས་མལ་གྱོ་བློ་གྲོས་གྲགས་པ་ལ། དེས་ཆོས་རྗེ་ས་སྐྱ་པ་ཆེན་པོ་ལ། དེས་ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་ལ་གདམས་པའོ། །ཛཱ་ལནྡྷ་ར་པ་མན་ཆད་ཀྱི་ལོ་རྒྱུས་ནི། ལཱུ་ཧི་པ་དང༌། ནག་པོ་ཆོས་དྲུག་གི་སྟེང་དུ་ཞིབ་ཏུ་འཆད་པར་འགྱུར་རོ། །སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་ལོ་རྒྱུས་ཡི་གེར་བཀོད་པའོ། །འདི་བྲིས་དགེ་བའི་རྩ་བ་ཡིས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*