བདེ་མཆོག་ནག་པོ་པའི་དཀྱིལ་ཆོག་ལག་ཏུ་བླང་བའི་རིམ་པ།

༼ཇ༽

༄༅། །བདེ་མཆོག་ནག་པོ་པའི་དཀྱིལ་ཆོག་ལག་ཏུ་བླང་བའི་རིམ་པ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། ཧེ་རུ་ཀ་དཔལ་བླ་ཆེན་གྱི། །ཞབས་ལ་དྭང་བས་བཏུད་བྱས་ནས། །བདེ་མཆོག་ཆོ་ག་བླ་མ་ཡིས། །མཛད་པའི་གསལ་བྱེད་བྲི་བར་བྱ། །ནག་པོ་པའི་དཀྱིལ་འཁོར་གྱི་ཆོ་གའི་ལག་ཏུ་བླང་བའི་རིམ་པ་རྗེ་བླ་མས་རས་བྲིས་ལ་བརྟེན་པའི་ཕྱོགས་ནི་སྔར་མཛད་ཟིན་ཏོ། །དེ་ལ་ཡང༌། སློབ་དཔོན་སྤྱོད་པ་བའི་བཞེད་པས་བསྙེན་པ་དང༌། དཀྱིལ་འཁོར་གྱི་སྤྱོད་པ་བདུན་དང༌། བརྟུལ་ཞུགས་ཀྱི་རིམ་པ་བཅུ་བཞི་སྟེ་གསུམ་དུ་འདུས་པ་ལས་བླ་མས་མཛད་པ་དེ་ལས་བསྙེན་པའི་སྐབས་མི་གསལ་བ་གསལ་བར་བྱ་བ་དང༌། དཀྱིལ་འཁོར་གྱི་སྤྱོད་པ་ལ་སའི་ཆོ་ག་དང༌། ཐིག་གིས་བྲི་བ་དང༌། ཚོན་གྱིས་བྲི་བ་གསུམ་ནི་རས་བྲིས་ལ་བརྟེན་པའི་ཕྱོགས་ལ་མི་དགོས་པ་ཡིན་པས་ན་མ་མཛད་པའི་ཕྱིར། འདིར་བསྙེན་པ་དང༌། ས་ཆོག་དང༌། བྲི་བ་གཉིས་པོ་དང་བཅས་པ་ཐམས་ཅད་གསལ་བར་བརྗོད་པར་བྱའོ། །དེ་ལ་བསྙེན་པ་ལ་གཉིས། སྔོན་དུ་འགྲོ་བ་ཡན་ལག་ལྔ་དང༌། བསྙེན་པ་དངོས་སོ། །དང་པོ་ལ་ལྔ་སྟེ། ཡན་ལག་དང་པོ་སློབ་དཔོན་གྱི་མཚན་ཉིད་དང༌། གཉིས་པ་སློབ་མའི་མཚན་ཉིད་དང༌། གསུམ་པ་ཡོ་བྱད་འབྱོར་རམ་དྲི་བ་དང༌། བཞི་པ་དམ་ཚིག་དང་སྡོམ་པ་བསྲུང་ནུས་སམ་དྲི་བ་དང༌། ལྔ་པ་གནས་ཀྱི་མཚན་ཉིད་དོ། །དེ་ལ་ཡན་ལག་དང་པོ་དང་གཉིས་པ་གཉིས་ནི་འདྲེ་ཞིང་འབྱུང་བ་ཡིན་ལ། སློབ་དཔོན་གཅིག་གི་དྲུང་དུ་སློབ་མ་གཅིག་གྲགས་པའམ། སྙན་པའམ། གཞན་གྱིས་བསྐུལ་བའམ། རྐྱེན་གཞན་གྱིས་ཀྱང་རུང་སྟེ་བསྙེན་བཀུར་རྒྱ་ཆེན་པོའམ། མཎྜལ་དབུལ་བ་ཙམ་ལ་བརྟེན་ནས། ཁྱོད་ཞབས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་ན་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས། །བློ་མཆོག་བདག་ནི་གནང་བར་མཛོད། །ཅེས་བྱ་བའམ། ཡང་ན་སློབ་དཔོན་ཁྱོད་ལ་བདག་གི་བླ་མར་གསོལ་བ་འདེབས་ཀྱི། བདག་གི་བླ་མ་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པ་ལ། སློབ་དཔོན་དུ་འོས་པ་དེས་ཀྱང་འདི་སྐད་དུ། རིགས་ཀྱི་བུ་ཁྱོད་ཀྱིས་ཡོན་ཏན་ཐམས་ཅད་ཀྱི་གཞི། དམ་པའི་ཆོས་འདུལ་བ་ལས་བྱུང་བའི་སོ་སོར་ཐར་པའི་སྡོམ་པ་ལ་གསུམ་ལས། སྐྱབས་སུ་འགྲོ་བའི་ཚུལ་གྱིས་སྔོན་དུ་བསྙེན་ཏམ། མ་བསྙེན་ན་ད་བསྙེན་པར་སྤྲོའམ་ཞེས་དྲིས་ལ། བསྙེན་ན་ལེགས། མ་བསྙེན་ན་ཅི་རིགས་པ་ལེན་དུ་གཞུག་གོ །དེ་ནས་མཎྜལ་ཚོམ་བུ་ལྔ་པ་ལ་བརྟེན་ཏེ་ཕྱིའི་སེམས་བསྐྱེད་བྱས་ལ། བླ་མ་ལྔ་བཅུ་པ་དང་འདི་ཉིད་ནས་འབྱུང་བའི་སློབ་དཔོན་དང༌། སློབ་མའི་མཚན་ཉིད་རྣམས་བཤད་ལ། སློབ་དཔོན་གྱིས་འདི་སྐད་དུ། ཁྱོད་ཀྱིས་ཀྱང་ང་ལ་ཡོན་ཏན་འདི་རྣམས་འདུག་གམ་རྟོགས་ཤིག ངས་ཀྱང་ཡོན་ཏན་འདི་རྣམས་ཁྱོད་ལ་བརྟག་གོ་ཞེས་བརྗོད་ལ་ལོའམ་ཟླ་བར་འབྲེལ་བརྟག་པར་བྱའོ། །ཕན་ཚུན་འབྲེལ་མཐུན་པ་དང༌། བསྙེན་པའི་དོན་དུ་གསོལ་བ་བཏབ་སྟེ། སློབ་མས་མཎྜལ་དབུལ་བ་སྔོན་དུ་འགྲོ་བས་འདི་སྐད་དུ། ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །ཐབས་དང་ཤེས་རབ་གཉིས་མེད་པ། །སྟོན་པའི་བསྟན་ལ་ལེགས་གནས་པ། །བདེ་མཆོག་ཆོ་ག་བཤད་དུ་གསོལ། །ཞེས་གསོལ་བ་བཏབ་བོ། །བསྙེན་པར་ཁས་བླངས་ན་གསུམ་པ་ཡོ་བྱད་འབྱོར་རམ་དྲི་བ་འབྱུང་སྟེ། སློབ་དཔོན་གྱིས་འདི་སྐད་དུ། འཁོར་ལོ་མཆོད་པའི་རིམ་ཇི་བཞིན། །ཁྱོད་ནི་ཐམས་ཅད་འབྱོར་གྱུར་ཏམ། །རྣལ་འབྱོར་རྣལ་འབྱོར་མ་དགའ་བ། །གུས་པ་ཡིས་ནི་བྱེད་ནུས་སམ། །ཞེས་བརྗོད་དོ། །ཁྱོད་ཀྱིས་དཀྱིལ་འཁོར་མཆོད་པའི་ཡོ་བྱད་དང༌། རྣལ་འབྱོར་དང་རྣལ་འབྱོར་མ་མཆོད་པའི་ཡོ་བྱད་དང༌། ཚོགས་ཀྱི་འཁོར་ལོ་དང༌། བླ་མ་མཉེས་པར་བྱ་བའི་ཡོ་བྱད་འདི་ལྟ་བུ་དག་དགོས་ན་འབྱོར་རམ་ཞེས་དྲིས་ལ། འབྱོར་པའི་ཚེ་སློབ་མས་ཁས་བླང་བ་ནི་སྔར་གྱི་ཚིགས་བཅད་དེ་ཉིད་ལ་འདི་སྐད་དུ་བསྒྱུར་ཏེ། འཁོར་ལོ་མཆོད་པའི་རིམ་ཇི་བཞིན། །བདག་ནི་ཐམས་ཅད་འབྱོར་གྱུར་ཏེ། །དཔའ་བོ་རྣལ་འབྱོར་མ་དགའ་བར། །གུས་པ་ཡིས་ནི་བྱེད་ནུས་སོ། །ཞེས་རྐང་པ་གཉིས་ཅུང་ཟད་བསྒྱུར་ལ་ཡོ་བྱད་འབྱོར་བ་ཁས་བླངས་ཏེ། དེ་ནས་བཞི་པ་དམ་ཚིག་དང་སྡོམ་པ་བསྲུང་ནུས་སམ་དྲི་བ་ནི། བླ་མས་འདི་སྐད་དུ། དམ་ཚིག་སྐྱོང་ཞིང་བརྟེན་བྱེད་པར། །བུ་ཁྱོད་ཅི་དགར་སྤྲོ་གྱུར་ཏམ། །ཧེ་རུ་ཀ་དཔལ་ཚུལ་འདི་ལ། །གཟའ་དང་སྐུ་ལ་བརྟེན་པ་དང༌། །སྐྱེ་བ་མང་པོའི་སྡིག་པ་ནི། །བསགས་པ་རྣམ་པར་འཇིག་བྱེད་པ། །དཔའ་ཁྱོད་འཁོར་ལོ་སྡོམ་པ་ཡི། །སྡོམ་པ་སོ་སོར་བསྲུང་ནུས་སམ། །ཞེས་བརྗོད་ལ་ཡོ་བྱད་རྣམས་ནི་ཀླ་ཀློ་རྣམས་ཀྱིས་ཀྱང་འབྱོར་ན་དམ་ཚིག་དང་སྡོམ་པ་སྲུང་ནུས་སམ་ཞེས་དྲིས་ལ། དེས་ཀྱང་བསྲུང་ནུས་ན་ཁས་བླང་བ་ནི། སྔར་གྱི་ཚིགས་བཅད་དེ་ཉིད་ཅུང་ཟད་བསྒྱུར་ལ་བརྗོད་དེ། དམ་ཚིག་སྐྱོང་ཞིང་བརྟེན་བྱེད་པར། །བདག་ནི་ཅི་དགར་སྤྲོ་གྱུར་ཏེ། །ཧེ་རུ་ཀ་དཔལ་ཚུལ་འདི་ལ། །བཟའ་དང་སྐུ་ལ་བརྟེན་པ་དང༌། །སྐྱེ་བ་མང་པོའི་སྡིག་པ་ནི། །བསགས་པ་རྣམ་པར་འཇིག་བྱེད་པ། །བདག་ནི་འཁོར་ལོ་སྡོམ་པ་ཡི། །སྡོམ་པ་སོ་སོར་བསྲུང་ནུས་སོ། །ཞེས་བརྗོད་དོ། །དེ་ནས་ཡོ་བྱད་རྣམས་བླ་མ་ལ་ཕུལ་ལ། ལྔ་པ་གནས་བརྟག་པ་འབྱུང་སྟེ། རང་གི་ཁྱིམ་མམ། དུར་ཁྲོད་ལ་སོགས་པ་བརྩོན་འགྲུས་རྩོམ་པའི་གནས་ཀྱང་རུང་སྟེ། དབེན་པའི་གནས་སུ་ཡོ་བྱད་རྣམས་ཚོགས་པ་དང༌། བྱ་བ་བསྐྱུངས་ཏེ་བསྙེན་པ་བརྩམ་པར་བྱའོ། །དེ་ལ་གཉིས་པ་བསྟན་པ་དངོས་ནི། བུམ་པ་ལ་བརྟེན་པ་དང༌། མ་བརྟེན་པ་གཉིས། བུམ་པ་ལ་བརྟེན་པར་བྱེད་ན་འོག་སྟ་གོན་བཞིན་དུ་བུམ་པ་ཅིག་ལེགས་པར་རྫོགས་པར་བཤམས་ལ་གཞག མཆོད་པ་དང་གཏོར་མ་ལ་སོགས་པ་ཚེས་བཅུའི་མཆོད་པ་བཞིན་རྫོགས་པར་བཤམ། དམ་ཚིག་དང་ལྡན་པའི་དཔའ་བོ་དང་རྣལ་འབྱོར་མ་ལྷ་གྲངས་དང་མཐུན་པ་ལ་སོགས་པ་སྤྱན་དྲངས། ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ། ལྷའི་རྣལ་འབྱོར་རྫོགས་པར་བསྒོམ། སངས་རྒྱས་ལ་མཆོད། དམ་ཚིག་ཅན་ལ་གཏོར་མ་གཏང༌། ཚོགས་ཀྱི་ཡོ་བྱད་བྱིན་གྱིས་བརླབ། ཕུད་བླ་མ་དང་གཏོར་མ་ལ་དབུལ། ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱོད། ལྷག་མའི་གཏོར་མ་གཏང༌། ཡི་གེ་བརྒྱ་པ་གདོན། བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། སྨོན་ལམ་བཏབ་ལ་འཇིག་རྟེན་པའི་གཏོར་མ་གཏང༌། འདས་པའི་གཏོར་མ་བར་ཆད་བསྲུང་བའི་དོན་དུ་གཞག དམ་ཚིག་དང་ལྡན་པའི་སྐྱེ་བོ་ཐམས་ཅད་ཀྱིས་རང་རང་གི་གོ་ཆ་གསུམ་དང༌། སུམྦྷ་ནིས་བསྲུངས་ལ་རང་རང་གི་གནས་སུ་འགྲོ་བ་ལ་སོགས་པ་བྱ་བ་གཞན་ལ་འཇུག བླ་མ་དང་སྒྲུབ་པའི་གྲོགས་གཞན་རྣམས་ཀྱིས་ནི་བུམ་པའི་བཟླས་པ་བྱ། དེ་ལྟར་ཚོགས་ཀྱི་བྱ་བ་དེ་དག་ནི་ཚེས་བཅུའི་མཆོད་པར་ཤེས་པར་བྱའོ། །ཚོགས་ཀྱི་འཁོར་ལོ་དེ་ཡང་འབྱོར་པ་རབ་ཀྱིས་ཞག་གཅིག་ལ་ཐུན་དང་བསྟུན་པའི་བཞི་བྱ། འབྲིང་གིས་སྲོད་དང་ཐོ་རངས་གཉིས་བྱ། ཐ་མས་སྲོད་ཀྱི་ཐུན་ལ་རེ་རེ་བྱ། ཤིན་ཏུ་ཐ་ཤལ་གྱིས་ཀྱང་བསྙེན་པ་ལ་འཇུག་པ་དང༌། ཐོན་པ་གཉིས་ཀྱི་སྐབས་སུ་རེ་རེ་བྱའོ། །ཞེས་གསུངས་སོ། །དེ་ལ་བུམ་པའི་བཟླས་པ་བྱེད་ན། བུམ་པ་སྟོང་པ་ལས་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པར་བསྐྱེད། དེར་ཨཱ་ལི་ལས་ཟླ་བ། ཀཱ་ལི་ལས་ཉི་མ། བར་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཅིག་ཏུ་གྱུར་པ་ལས་ལྷ་སུམ་ཅུ་སོ་བདུན་བསྐྱེད་དེ། གོ་ཆ་བཅིང༌། ཡེ་ཤེས་པ་བཅུག དབང་བསྐུར་ཞིང་རྒྱས་གདབ། ཕྱི་མཆོད། བདུད་རྩི། མཉེས་མཆོད། ཡིད་མཆོད་བསྟོད་པ་དང་ལྔ་བྱའོ། །གཟུངས་ཐག་ནས་བཟུང་སྟེ་བདག་གི་ཞལ་ནས་སྔགས་ཀྱི་འོད་ཁ་དོག་དམར་པོའི་ཚུལ་གྱིས་འཕྲོས་ཏེ། བུམ་པའི་ནང་གི་ལྷ་ལ་ཕོག་པས་ལྷ་ཐམས་ཅད་དམར་ལམ་ལམ་སོང་བས་ལུས་ཀྱི་བ་སྤུའི་བུ་ག་ནས་བདུད་རྩིའི་རྒྱུན་ཁྲ་ལ་ལ་བྱུང་སྟེ། ལྷ་ཐམས་ཅད་དབང་དུ་འདུས་པར་བསམ་ཞིང་བཟླས་པར་བྱའོ། །ཐུན་འཇོག་ཀར་སྔར་བཞིན་མཆོད་པ་བཞི་དང་བསྟོད་པ་བྱས་ལ། བདག་གི་དཀྱིལ་འཁོར་གྱི་འཁོར་ལོ་ཕྱེད་སྣ་བུག་གཡས། ཕྱེད་སྣ་བུག་གཡོན་དུ་བསྡུས་ནས་ཉལ་བའམ། སྤྱོད་ལམ་མམ། ཁ་ཟས་ཀྱི་རྣལ་འབྱོར་གང་ཡང་རུང་བ་ལ་འཇུག་པར་བྱའོ། །བུམ་པ་ལ་མ་བརྟེན་པའི་ཕྱོགས་ཡིན་ན་མདུན་གྱི་ནམ་མཁར་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ལ། བདག་གི་སྔགས་ཀྱི་འོད་ཟེར་དེ་དག་ལ་ཕོག་པས་དམར་ལམ་ལམ་སོང་བས་བདག་གི་དབང་དུ་འདུ་བའམ། སེར་ལམ་ལམ་སོང་བས་རྒྱས་པའི་ལས་འགྲུབ་པར་བསམ་ཞིང་བཟླས་སོ། །ཐུན་འཇོག་ཀར་ནམ་མཁའི་ལྷ་བདག་ལ་ཐིམ་པས་དངོས་གྲུབ་སྩོལ་བར་བསམ་མོ། །གང་ལྟར་ཡང་བསྙེན་པའི་ཚད་ནི་རབ་འབྲིང་གསུམ་སྟེ། རབ་རྡོ་རྗེ་དྲིལ་བུ་ནམ་མཁའ་ལ་འཇོག་ནུས་པའམ། ཡི་དམ་ལྷས་དངོས་སུ་གནང་བ་བྱིན་པའི་བར་དུའོ། །འབྲིང་རྨི་ལམ་དུ་གནང་བ་ཐོབ་པའི་བར་དུའོ། །ཐ་མ་གྲངས་ཀྱི་བསྙེན་པ་ནི། གཙོ་བོ་ཡབ་ཡུམ་གྱི་སྙིང་པོའི་སྔགས་ནི་ཁྲི་ཕྲག་གསུམ་གསུམ་བཟླས་ཏེ་ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱའོ། །འཁོར་ལོ་གསུམ་གྱི་སྔགས་ནི་ཁྲི་ཕྲག་གཉིས་གཉིས་བཟླས་ཏེ། དེའང་ཡབ་ཡུམ་གྱི་སྔགས་རྫོགས་པར་བཟླས་ཀྱང་བཏུབ། ཡབ་ཀྱི་ཧཱུྃ་ཕཊ་དང༌། ཡུམ་གྱི་ཨོཾ་བཅད་ནས་བཟླས་ཀྱང་བཏུབ་སྟེ། དེའང་རྒྱས་པར་བྱེད་ན་འདི་སྐད་དུ། ཨོཾ་ཀ་ར་ཀ་ར་ཧཱུྃ་ཧཱུྃ་ཕཊ། ཨོཾ་པྲ་ཙཎྜེ་ཧཱུྃ་ཧཱུྃ་ཕཊ་ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །བསྡུས་ན་ཨོཾ་ཀ་ར་ཀ་ར་པྲ་ཙཎྜེ་ཧཱུྃ་ཧཱུྃ་ཕཊ། ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །སྙིང་པོའི་རྣལ་འབྱོར་མ་བཞི་དང༌། སྒོ་མཚམས་མ་བརྒྱད་ལ་ལྷ་རེ་རེ་ལ་རང་རང་གི་སྔགས་སྟོང་ཕྲག་ལྔ་དང་ལྔ་བརྒྱ་པ་རེ་བཟླས་ཏེ། དེ་ཡང་ཨོཾ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཅེས་བྱ་བ་ལ་སོགས་པ་དང༌། ཨོཾ་ཀཱ་ཀཱ་སྱེ་ཧཱུྃ་ཧཱུྃ་ཕཊ། ཅེས་བྱ་བ་ལ་སོགས་པ་སྟེ། ཞལ་བཞི་པ་དང༌། རྐང་པ་བརྒྱད་པ་ནི་སྤེལ་མི་དགོས་སོ། །དེ་ལྟར་ན་གྲངས་ཀྱི་བསྙེན་པ་འདི་ནི་དཀྱིལ་འཁོར་རེ་ནམ་འདྲི་བའི་དུས་སུ་གྲངས་ཀྱི་བསྙེན་པ་ཡང་འདི་བཞིན་དུ་བྱ་དགོས་པ་ཡིན་ནོ། །དེ་ཡང་བླ་མ་འབའ་ཞིག་གིས་བྱ་དགོས་པ་ལས་དཀྱིལ་འཁོར་མྱུར་དུ་འདྲི་དགོས་པ་བྱུང་ནས་ཡུན་རིང་དུ་བཟླས་པའི་ལོང་མེད་ན། བླ་མ་མལ་གྱི་ཞལ་ནས། བླ་མ་གོང་མ་རྣམས་འདི་བཞིན་མཛད་གསུངས་ནས་སྒྲུབ་པའི་གྲོགས་མང་དུ་བཙལ་ཏེ་བུམ་པ་ལ་གཟུངས་ཐག་མང་དུ་བཏགས་ནས་བླ་མས་གཙོ་བོ་ཡབ་ཡུམ་གྱི་བཟླས། སྒྲུབ་པའི་གྲོགས་གཞན་གྱིས་ལྷ་སོ་སོའམ། འཁོར་ལོ་སོ་སོར་ཇི་ལྟར་རིགས་པའི་བཟླས་པ་བྱས་པས་ཐམས་ཅད་ལོག་པས་སྔ་མ་བཞིན་གྲངས་ཀྱི་བསྙེན་པ་ཚར་བ་དང༌། དཀྱིལ་འཁོར་བྲི་བ་མཛད་དོ་ཞེས་གསུང་ངོ༌། །བླ་མ་ལྟ་བུ་རེ་རེས་བསྙེན་པ་རྫོགས་པར་བྱེད་ན་ཡང་ལྷ་རེ་རེའི་བསྙེན་པ་རྫོགས་ཀྱི་བར་དུ་བཟླས་པའམ། ཐུན་རེ་རེ་ལ་ཀུན་གྱིས་ཅི་རིགས་པར་བཟླས་པ་སྟེ་ལུགས་གཉིས་ནི་འདྲའོ། །གང་ལྟར་ཡང་བསྙེན་པ་ཐོན་པའི་ནུབ་མོར་སྔ་མ་བཞིན་ཚོགས་ཀྱི་མཆོད་པ་བྱས་ལ། ལྷག་མའི་གཏོར་མ་མ་བསྡུས་པའི་གོང་དུ་བུམ་པ་ལ་བཟླས་པ་དང༌། མཆོད་བསྟོད་རྫོགས་པར་བྱས་ཏེ། གསོལ་བ་བཏབ་ལ་བུམ་པའི་སྟེང་གི་དུང་ཆོས་ཀྱི་ཆུ་བུམ་པའི་ནང་དུ་བླུགས་པས་བུམ་པའི་ལྷ་ཐམས་ཅད་འོད་དུ་ཞུ་བར་བསམ་མོ། །དེ་ནས་ཚོགས་ཀྱི་འཁོར་ལོའི་མཇུག་གི་བྱ་བ་རྣམས་རྫོགས་པར་བྱའོ། །བསྙེན་པ་འདི་ལ་གཞུང་དུ་འཁྲུགས་སུ་བྱེད་པ་དེ་མ་འཁྲུགས་པར་བྱས་ཀྱང་ལག་ལེན་ལ་འགལ་བ་ནི་མེད་དེ། ཐོག་མར་སློབ་མའི་མཚན་ཉིད་བརྟག དེ་ནས་དབང་ལ་བསྙེན་པ་དགོས་པས་དེའི་དགོས་པ་བསམ། དེ་ནས་བསྙེན་པའི་ཡོ་བྱད་བླང༌། དེ་ནས་གནས་བརྟགས་ལ་བསྙེན་པ་བྱ། དེའི་བར་ལ་སློབ་མས་བླ་མ་རྟོག་ཏུ་གཞུག དབང་ངེས་པར་བྱེད་ན་དམ་ཚིག་བསྲུང་ནུས་སམ་དྲི་བ་བྱའོ། །བསྙེན་པའི་ཆོ་ག་བསྟན་ཟིན་ཏོ།།  །།དེ་ལྟར་བསྙེན་པ་སྔོན་དུ་སོང་ནས་ནུབ་གཉིས་པ་ལ་སོགས་པ་ཇི་ལྟར་སྐབས་ལ་བབ་པ་ནས་དཀྱིལ་འཁོར་གྱི་སྤྱོད་པ་ལ་འཇུག་པར་བྱ་བ་ཡིན་ནོ། །དེ་ལ་གཉིས་ལས། དང་པོ་སའི་ཆོ་ག་དཀྱིལ་འཁོར་གྱི་སྤྱོད་པ་ལ་ཆོས་དྲུག་གམ་བདུན་དུ་གསུངས་ཏེ། ས་བརྟག་པ་དང༌། གཟུང་བ་དང༌། བསླང་བ་དང༌། སྦྱང་བ་དང༌། བྱིན་གྱིས་བརླབ་པ་དང༌། བསྲུང་བ་དང་དྲུག་གོ །འདིར་སའི་ལྷ་མོ་མཁྱེན་པར་གསོལ་བ་གཅིག་བསྔོ་ན་བདུན་དུ་འགྱུར་ཏེ། འདི་ནི་སྟ་གོན་གྱི་དུས་སུ་འབྱུང་བས་ན་མི་བགྲང་ངོ༌། །ས་གཟུང་བ་ལ་གཉིས། རང་གིས་བློས་གཟུང་བ་དང༌། རྫོགས་པའི་སངས་རྒྱས་ཀྱིས་གཟུང་བའོ། །བསླང་བ་ལ་ཡང་གཉིས། སྣང་བ་ལས་བསླང་བ་དང༌། མི་སྣང་བ་ལས་བསླང་བའོ། །སྦྱང་བ་ལ་ཡང་གཉིས། ལས་དང་བྱ་བས་སྦྱང་བ་དང༌། ཏིང་ངེ་འཛིན་གྱིས་སྦྱང་བའོ། །དེ་ལྟར་དེ་དག་བརྗོད་པའི་གོ་རིམ་ལས། ལག་ཏུ་བླང་བའི་རིམ་པ་བཞིན་དུ་མི་འཇུག་སྟེ། འདིར་ལག་ཏུ་བླང་བའི་རིམ་པ་བཞིན་དུ་མིང་བཏགས་ན་དགུ་སྟེ། ཕྱོགས་ལ་སོགས་པ་བརྟག་པ་དང༌། བློས་ཡོངས་སུ་གཟུང་བ་དང༌། སྣང་བ་ལས་ཚིག་གིས་བསླང་བ་དང༌། རྫོགས་པའི་སངས་རྒྱས་ཀྱིས་གཟུང་བ་དང༌། མི་སྣང་བ་ལས་བསླང་བ་དང༌། ལས་དང་བྱ་བས་སྐྱོན་སྦྱང་བ་དང༌། ཏིང་ངེ་འཛིན་གྱིས་བགེགས་སྦྱང་བ་དང༌། བྱིན་གྱིས་བརླབ་པ་དང༌། ས་བསྲུང་བའོ། །དང་པོ་ནི། ཕྱོགས་གྲོང་ཁྱེར་ཆེན་པོའི་ཤར་རམ་བྱང་གིས་དབྱིབས་གྲུ་བཞིའམ་ཟླུམ་པོ་ཤར་དང་བྱང་གཞོལ་ཞིང༌། ལྷོ་དང་ནུབ་ཅུང་ཟད་མཐོ་བ་དེ་དག་པས་ཀྱང་དབུས་ཅུང་ཟད་མཐོ་བ། ཁ་དོག་དཀར་བའམ་སེར་བའམ་དམར་བ་ཡང་རུང་སྟེ། ཐམས་ཅད་དུ་ཡང་སྣུམ་པ་ཤིས། ཐམས་ཅད་དུ་ཚན་དང་ཚ་སྒོ་ཅན་དང༌། འབྲས་བུ་ཡོངས་སུ་མི་སྨིན་པ་དང༌། བཀྲ་མི་ཤིས་པའི་ས་སྤངས་ལ་དགེ་ཞིང་ཤིས་པ་ཡིད་དུ་འོང་བའི་ས་བརྟག་པར་བྱའོ། །གཉིས་པ་བློས་ཡོངས་སུ་གཟུང་བ་ནི། དེའི་ནང་ནས་ཀྱང་འདིར་དཀྱིལ་འཁོར་གྱི་ཁང་པའམ་དཀྱིལ་འཁོར་དངོས་བརྩམ་པར་བྱའོ། །ཞེས་བློས་ཡོངས་སུ་གཟུང་བའོ། །དེ་ནས་གསུམ་པ་མངོན་པ་ལས་ཚིག་གིས་བསླང་བ་འདི་ནི་གཞུང་ན་མེད་ཀྱང་དོན་གྱིས་འབྱུང་བས་ན་ས་དེ་ལ་བདག་པོ་ཡོད་ན་བསླང་བ་དང༌། གལ་ཏེ་མཁུགས་ན་རིན་གྱིས་བསླུ་བའི་བར་དུ་བྱའོ། །དེ་ནས་བཞི་པ་རྫོགས་པའི་སངས་རྒྱས་ཀྱིས་བཟུང་བ་ནི། དཀྱིལ་འཁོར་གྱི་ས་དེར་མཎྜལ་ལེགས་པ་ཅིག་བྱས་ལ་བ་ཡུས་བྱུགས། མེ་ཏོག་གི་ཚོམ་བུ་སུམ་ཅུ་སོ་བདུན་དགོད། བུད་མེད་ཀྱི་ཐོད་པ་མཚན་ལྡན་ཅིག་ཏུ་རང་བྱུང་གི་མེ་ཏོག་ལ་བདུད་རྩི་ལྔ་བསྲེས་ལ་ལྷ་སུམ་ཅུ་སོ་བདུན་གྱི་སྔགས་བཟླས། ཐོད་པ་བཞི་ལ་ཡིག་འབྲུ་གསུམ་བཟླས་ཤིང༌། དེ་ནས་ལྷ་སུམ་ཅུ་སོ་བདུན་ཐོད་པ་བཞི་དང་བཞི་བཅུ་རྩ་གཅིག་གི་ཐིག་ལེ་ཐོད་པ་ལ་བྱ་བའམ། ཐིག་ལེ་མ་བྱས་པར་སྔགས་བཟླས་ཤིང་ཐོད་པ་ཉིད་ཀྱི་ནང་དུ་མེ་ཏོག་ལ་བསྔགས་ཏེ་བླུགས་ནས་བཞག་པས་ཀྱང་འགྲུབ་སྟེ། དེ་མཎྜལ་གྱི་སྟེང་དུ་བཞག་པའོ། །དེ་ནས་ལྔ་པ་མི་མངོན་པ་ལས་བསླང་བ་ལ་གཉིས། ཞི་བས་བསླང་བ་དང༌། དྲག་པོས་བསླང་བའོ། །དང་པོ་ནི་སྔར་གྱི་མཎྜལ་དེའི་མེ་ཏོག་ལ་སོགས་པ་བསལ་ལ། དེར་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་གཅིག་བྱ། མཆོད་ཡོན་ཞབས་བསིལ་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། གཏོར་མ་གཅིག་བཤམ། བདག་གི་རྣལ་འབྱོར་ནག་པོའི་མངོན་རྟོགས་བཞིན་བསྒོམ། དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ལ་བདག་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་གྱིས་གནས་པར་བྱ་སྟེ། དེའང་བདེ་མཆོག་པ་ཐམས་ཅད་ཀྱི་བྱ་བ་གཡོན་པས་བྱེད་པ་ཡིན་པས་གཡོན་པའང་རུང་སྟེ། སྔོན་བྱུང་གི་དཔེ་འདིར་བྱེད་པ་ཡིན་པས་ན་གཡས་པ་གཙོ་ཆེ་སྟེ། གང་རུང་གི་སྲིན་ལག་གི་རྩ་བར་ཧྃ་བསམས་ལ། སའི་ལྷ་མོ་དགུག་པའི་བསམ་པས་ངག་ཏུ་ཧྃ་ཞེས་བརྗོད་ཅིང་ལག་པ་ས་ལ་ལན་གསུམ་བརྡབས་པས་ཚོམ་བུའི་སྟེང་དུ་སའི་ལྷ་མོ་ཞི་བའི་བཞིན་ཅན་གསེར་གྱི་མདོག་ཅན་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལག་པ་གཉིས་ཀྱིས་གསེར་གྱི་བུམ་པ་བདུད་རྩིས་བཀང་བ་སྙིང་གའི་ཐད་ཀར་འཛིན་པ། ལྟེ་བ་ཡན་ཆད་དམ་ལུས་རིལ་པོ་འཐོན་ཀྱང་རུང་སྟེ། སྙན་པའི་ཚིག་གིས་བདག་ལ་འདི་སྐད་དུ། རིག་པ་འཛིན་པ་བདག་གིས་ལས་ཅི་བགྱི་བཀའ་སྩལ་དུ་གསོལ་ཞེས་སྨྲ་བར་བསམས་ལ། དེ་ལ་མཆོད་པར་བྱས་ཏེ། བསངས་ཤིང་བྱིན་གྱིས་བརླབ་པ་ཚེས་བཅུའི་མཆོད་པ་བཞིན་བྱིན་གྱིས་བརླབས་ལ་དབུལ་བར་བྱ་སྟེ། མདུན་དུ་བཟེད་ཞལ་བཞག་ལ། དེའི་ནང་དུ་ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་གྲྀཧྞེ་དཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བརྗོད་ལ་མཆོད་ཡོན་དབུལ། དེ་བཞིན་དུ་སྔགས་གཞན་འདྲ་བ་ལས་ཨརྒྷཾ་གྱི་གནས་སུ་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པས་ཞབས་བསིལ། དེ་བཞིན་དུ་བཛྲ་པུཥྤེ་ཨཱཿཧཱུྃ་ཞེས་པས་མེ་ཏོག བཛྲ་དྷཱུ་པེ་ཨཱཿཧཱུྃ་གིས་བདུག་སྤོས། བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ། བཛྲ་གནྡྷེ་ཨཱཿཧཱུྃ་ཞེས་པས་དྲི། བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ་ཞེས་པས་ཞལ་ཟས། བཛྲ་གྷཎྜེ་ར་ཎི་ལ་སོགས་པས་རོལ་མོ་དབུལ་ལོ། །དེ་ནས་གཏོར་མ་སྦྱངས་ལ་ཡི་གེ་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ཏེ། ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིནྟ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ་རྡོ་རྗེ་དྲིལ་བུ་འཛིན་པས་དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ། འདི་སྐད་དུ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་བརྗོད་པས་སའི་ལྷ་མོས་རིག་པ་འཛིན་པ་ཁྱོད་ཀྱིས་དཀྱིལ་འཁོར་གྱི་ལས་ཅི་བདེ་བར་གྱིས་ཤིག་ཅེས་ཟེར་བར་བསམས་ལ། མཆོད་ཡོན་ཞབས་བསིལ་ཕུལ་ཏེ་ས་དེ་ཉིད་དུ་ཐིམ་པའམ། དཔང་པོའི་ཚུལ་གྱིས་ནམ་མཁར་བཏེག་པར་བྱའོ། །དེ་ནས་དྲག་པོས་བསླང་བ་ནི། སློབ་དཔོན་རྒྱན་དྲུག་དང་ལྡན་པས་དཀྱིལ་འཁོར་གྱི་དབུས་སུ་མངོན་པར་རྟོགས་པ་བསྒོམས་ལ་དཀྱིལ་འཁོར་བསྡུས་ལ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས་གཡས་པར་རྡོ་རྗེ། གཡོན་པར་དྲིལ་བུ། གྲུ་མོར་ཁ་ཊྭཱཾ་ག་འཛིན་པས་ལངས་ཏེ་མིག་གཡས་པ་མ་ལས་ཉི་མའི་དཀྱིལ་འཁོར། གཡོན་པ་ཊ་ལས་ཟླ་བའི་དཀྱིལ་འཁོར། རྐང་པ་གཉིས་ཧཱུྃ་ལས་རྡོ་རྗེ་རྒྱ་གྲམ་དུ་བསམས་ལ། མིག་གཡས་ནས་གཡོན་དུ་བལྟས་པས་ཉི་མའི་འོད་ཟེར་གྱིས་བགེགས་ཐམས་ཅད་བསྲེགས། གཡོན་ནས་གཡས་སུ་བལྟས་པས་ཟླ་བའི་འོད་ཟེར་གྱིས་བགེགས་ཐམས་ཅད་སོས་པར་བསམས་ལ། ངག་ཏུ་ཧཱུྃ་བཟླས་ཤིང་དབང་ལྡན་གྱི་མཚམས་སུ་ཕྱིན་ནས་ཕྱག་རྒྱ་དང་གཉིས་སུ་མེད་པས་ས་དེ་ན་གནས་པའི་བགེགས་རྣམས་ལ་ཚིག་འདི་སྐད་བརྗོད་ལ་བསྐྲད་པར་བྱའོ། །སའི་ཕྱོགས་འདིར་སེམས་ཅན་གྱི་དོན་བརྩམ་གྱི། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་འབྱུང་པོ་དང་ཤ་ཟ་མོ་དང་སྲིན་པོ་ལ་སོགས་པ་གང་དག་གནས་པའི་སའི་བདག་པོ་མྱུར་དུ་སོང་ཤིག འདི་ལྟར་དཔལ་ཧེ་རུ་ཀའི་བཀའ་ཐོས་ནས་མྱུར་བ་ཉིད་དུ་སོང་ཤིག གང་དག་མི་འགྲོ་བ་དེ་དག་ངའི་ཡེ་ཤེས་ཀྱི་རྡོ་རྗེ་དང་ཁ་ཊྭཱཾ་ག་འདིས་སྤྱི་བོ་རྣམ་པ་བརྒྱར་འགས་པར་བྱའོ། །ཞེས་ལན་གསུམ་བརྗོད་ལ་ས་ཕྱོགས་དེ་བདག་གིར་བྱ་སྟེ། དྲག་པོས་བསླང་བའོ། །དེ་ནས་གཞུང་སྤྱི་དང་འདི་གཉིས་ཀ་ནས་རྐང་སྟབས་ཀྱི་བཀོད་པ་བར་མེད་པར་འབྱུང་ཡང་ཇོ་བོ་ནཱ་རོ་པའི་མན་ངག་གིས་དྲུག་པ་ལས་དང་བྱ་བས་སྐྱོན་སྦྱང་བ་མཛད་དེ། དཀྱིལ་འཁོར་ཇི་ཙམ་བྲི་བར་འདོད་པའི་དཀྱིལ་འཁོར་གྱི་སའི་ཆ་དེ་པུས་མོ་ནུབ་ཙམ་མམ། ལྟེ་བ་ནུབ་ཙམ་མམ། རྐེད་པ་ནུབ་ཙམ་བརྐོ། དེར་གྱོ་མོ་དང༌། གསེག་མ་དང༌། ཕུབ་མ་དང༌། རུས་པ་དང༌། སོལ་བ་དང༌། རྡོ་བ་ལ་སོགས་པའི་སའི་རོ་རྣམས་བསལ་ལ། བདུད་རྩི་ལྔ་དང་དྲི་ཞིམ་པོའི་ཆུས་སྦྲུས་ཏེ། ཁུང་བུ་དགང༌། དེ་ཡང་སྔར་བས་མཐོ་བར་ཁེངས་ན་རབ། མ་ཁེངས་ནའང་རྟོག་པ་མེད་དེ། གཞན་ནས་ས་བཟང་པོ་འོད་དང་བཅས་པ་བླངས་ལ་བདུད་རྩི་ལྔ་དང་དྲིའི་ཆུས་བསྲེས་ལ་ཁུང་བུ་བཀང་སྟེ། ལོགས་རེ་རེ་ལ་ཁྲུ་བཞི་ལ་སོགས་པ་ཡོད་པའི་སྟེགས་བུ་ལེགས་པར་བྱས་ཏེ། དེ་ཡང་དབུས་དམའ་ན་ནི་སྒྲུབ་པ་པོ་འཇོམས་ཏེ་དངོས་གྲུབ་མི་འགྲུབ། བྱང་མཐོ་བས་འཆི་བའམ་ནོར་ཉམས་པར་བྱེད། ཤར་མཐོ་ན་ནི་རིགས་རྒྱུད་ཟད་པས་སྐྱོན་དེ་ལྟ་བུ་སྤང༌། དབུས་མཐོ་ན་ནི་རྒྱལ་སྲིད་དམ་རིག་པ་འཛིན་པ་ཐོབ། ཤར་དང་བྱང་དུ་གཞོལ་བས་ནི་དངོས་གྲུབ་མྱུར་དུ་འགྲུབ་པས་ན་དེ་ལྟ་བུར་བསྒྲུབ་སྟེ། དེ་བས་ན་དབུས་ཅུང་ཟད་མཐོ་བ། དེ་བས་ལྷོ་དང་ནུབ་བག་ཙམ་དམའ་བ། དེ་བས་ཀྱང་ཤར་དང་བྱང་ཅུང་ཟད་གཞོལ་བ་བརྩིགས་ལ་ཐམས་ཅད་དུའང་འཐས་པར་བརྡུངས་ཏེ། དྲི་ཞིམ་པོ་དང་ལྡན་པའི་བ་བྱུང་བདུད་རྩི་ལྔ་དང་བཅས་པས་ལེགས་པར་བྱུགས་ནས་མེ་ཏོག་སིལ་མའང་གཏོར་ཏེ་གཞག་གོ །དེ་ནས་བདུན་པ་ཏིང་ངེ་འཛིན་གྱིས་བགེགས་སྦྱང་བ་ནི། དཀྱིལ་འཁོར་གྱི་དབུས་དེར་བདག་སྟན་བདེ་བ་ལ་ཁ་ཤར་དུ་བལྟས་ཏེ་འདུག་ལ་མངོན་པར་རྟོགས་པ་རྫོགས་པར་བསྒོམ། བདག་ཉིད་མཆོད་དེ་བསྡུས་ལ་གཙོ་བོའི་ང་རྒྱལ་དུ་གནས་པས་སའི་ཕྱོགས་དེར་རྃ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྡོ་རྗེའི་རྭ་བ་དང་ས་གཞི་ལ་སོགས་པ་སྲུང་བའི་འཁོར་ལོ་རྒྱས་པར་བསྒོམ་མོ། །དེ་ནས་བརྒྱད་པ་བྱིན་གྱིས་བརླབ་པ་ནི། དེ་ལྟར་སྲུང་བའི་འཁོར་ལོ་བསྒོམས་པའི་རྗེས་ཐོགས་ལ་ལངས་ལ་སྔ་མ་བཞིན་མིག་དང་རྐང་པ་བྱིན་གྱིས་བརླབས་ཏེ་དབང་ལྡན་གྱི་མཚམས་སུ་ཕྱིན་ནས་ཇི་ལྟར་བདེ་བའི་འགྲོས་ཀྱིས་གཡས་སྐོར་དུ་ལན་ཅིག་བཅག ཞི་བའི་འགྲོས་ཀྱི་ལན་ཅིག་བཅག མཆོང་བ་དང༌། རྒྱུག་པ་དང༌། བསྡིགས་པ་དང་བཅས་པའི་ཁྲོ་བོའི་འགྲོས་ཀྱིས་ལན་ཅིག་སྟེ་ལན་གསུམ་དུ་བསྐོར་ལ་དེའི་དུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་བསྐལ་བའི་མེ་ལྟ་བུའི་འོད་ཟེར་བྱུང་བས་གདུག་པ་ཅན་ཐམས་ཅད་བསྲེགས་ནས་བགེགས་ཐམས་ཅད་ཕན་ཚུན་བྱེར་བར་བསམ་མོ། །དེ་ནས་ཕྱག་རྒྱ་དང་གཉིས་སུ་མེད་པས་སོས་འདེབས་པ་དང༌། སེན་མོས་འདེབས་པ་དང༌། ནུ་མ་ཉེད་པ་ལ་སོགས་པའི་ཚུལ་ཆགས་པའི་སྤྱོད་ལམ་དུ་མ་དང༌། ཁྲོ་བོའི་ལྟ་བ་དང༌། བཅོས་མའི་མཆེ་བ་ལ་སོགས་པའི་ཚུལ་གྱིས་བགེགས་སྐྲོད་པའི་སྤྱོད་ལམ་དུ་མ་དང་བཅས་པས་ཤར་དུ་བདག་གི་གཡས་བརྐྱང་གི་ཚེ་ཕྱག་རྒྱའི་གཡོན་བརྐྱང་དང༌། ལྷོར་བདག་གི་གཡོན་བརྐྱང་གི་དུས་སུ་ཕྱག་རྒྱའི་གཡས་བརྐྱང་དང༌། ནུབ་ཏུ་ས་ག་གཉིས་དང༌། བྱང་དུ་ཟླུམ་པོ་གཉིས་ཏེ་རྐང་སྟབས་བརྒྱད་བྱའོ། །གཞན་ཡང་སྒྱུ་འཕྲུལ་དྲྭ་བ་དང༌། རྡོ་རྗེ་གུར་ལ་སོགས་པ་ནས་འབྱུང་བའི་རྐང་སྟབས་དང༌། ལག་སྟབས་དང༌། འདུག་སྟངས་དང༌། བཞིན་གྱི་བསྒྱུར་ཚུལ་དང༌། གླུའི་བཀོད་པ་དང༌། མདའ་གཞུའི་འཛིན་སྟངས་དང༌། རལ་གྲིའི་འཛིན་སྟངས་ལ་སོགས་པ་དུ་མས་ཀྱང་བགེགས་ཚར་གཅད་པར་བྱ་སྟེ། དེའང་གཞུང་ལས། དེ་ལ་སོགས་པའི་གར་གྱིས་ནི། །བགེགས་ལ་སོགས་པ་བསྐྲད་པར་བྱ། །ཞེས་འབྱུང་བས་སོ། །དེ་ཙམ་མ་གྲུབ་ན་བདག་དང་ཕྱག་རྒྱ་གཉིས་ཀྱིས་རྩ་བའི་རྐང་སྟབས་བཞི་བཞི་བརྒྱད་དང་ཅི་རིགས་པ་ཙམ་གྱིས་ས་བྱིན་གྱིས་བརླབ་པ་ཡིན་ནོ། །དེ་ལྟར་དྲག་པོས་བསླང་བ་དང༌། བྱིན་གྱིས་བརླབ་པ་གཉིས་ལ་གཞུང་གཞན་ནས་རྫོགས་པའི་སངས་རྒྱས་ཀྱིས་ས་བཟུང་བ་ཞེས་ཟེར་རོ། །དགུ་པ་བསྲུང་བ་ནི། ངག་ཏུ་སུམྦྷ་ནིའི་སྔགས་ཟློས་ཤིང་ལུས་ཀྱིས་སེ་གོལ་ཕྱོགས་རྣམས་ནི་ཤར་ནས་གཡོན་སྐོར། མཚམས་རྣམས་མེ་ནས་གཡས་སྐོར་དུ་གཏོགས་པས་ཏིང་ངེ་འཛིན་གྱིས་སྒོ་མཚམས་མ་བརྒྱད་དང་ཁཎྜ་རོ་ཧཱ་གཉིས་ཏེ་བཅུ་སྙིང་གའི་ཧཱུྃ་ལས་སྤྲོས་ཏེ། དེའང་ཤར་གྱི་དང༌། སྟེང་གི་དང༌། ནུབ་ཀྱི་དང༌། འོག་གི་ཁཎྜ་རོ་ཧཱ་གཉིས་པོ་དུས་གཅིག་ཏུ་སྤྲོས་ལ། དེས་ཕྱོགས་བཅུའི་བགེགས་ཕྲ་མོ་ལ་ལ་ནི་སྐྱབས་སུ་འགྲོ་བ་ལ་བཀོད། ལ་ལ་ནི་བསད་ནས་གཙོ་བོ་ཕྱོགས་སྐྱོང་བཅུ་པོ་བཀུག་ནས་འོངས་པ་ལ་དངོས་སུ་ཕུར་པ་ཡོད་ན་ཡང་བཏུབ། མེད་ན་སྙིང་ག་ནས་ཏིང་ངེ་འཛིན་གྱིས་སྤྲུལ་པའི་ཕུར་བུ་གནོད་མཛེས་སུ་བསམས་ལ། དེ་རྣམས་སྔར་གྱི་སྒོ་མཚམས་མ་བརྒྱད་དང་ཁཎྜ་རོ་ཧཱ་གཉིས་ཀྱི་ལག་པ་གཡོན་པར་གཏད་དེ། ཨོཾ་གྷ་གྷ་ལ་སོགས་པ་བརྗོད་ཅིང་བགེགས་རྣམས་ཀྱི་སྤྱི་བོར་བཙུགས་པར་བསམ་མོ། །ཡང་སྙིང་ག་ནས་ཐོ་བ་སྤྲོས་ནས་དེ་རྣམས་ཀྱི་ལག་པ་གཡས་པར་གཏད་དེ། ཨོཾ་བཛྲ་མུངྒར་ཞེས་བྱ་བ་ལ་སོགས་པ་བརྗོད་ཅིང་དེ་རྣམས་ཀྱི་ལག་པ་གཡས་པར་གཏད་པའི་ཐོ་བས་ཕུར་བུའི་སྤྱི་བོ་ནས་བརྡུངས་པས་བགེགས་རྣམས་ཀྱི་གཙོ་བོ་རྣམས་བསད་དེ། ཤེས་པ་མི་བསྐྱོད་པ་ལ་སོགས་པའི་ཞིང་དུ་སྐྱེས་པར་བསམས་ལ། རོ་རྣམས་ནི་ཕྱོགས་ཀྱི་རོ་འོད་དུ་ཞུ་བ་ལས་རྡོ་རྗེའི་རྭ་བ་དང་དྲྭ་བ། སྟེང་གི་རོ་འོད་དུ་ཞུ་བས་གུར་དང་བླ་རེ་མདའི་དྲྭ་བ། ཐམས་ཅད་ལས་བསྐལ་པའི་མེ་རི། འོག་གི་རོ་འོད་དུ་ཞུ་བ་ལས་ཨཱཿ དེ་གྱུར་པ་ལས་རྡོ་རྗེའི་ས་གཞིར་བསམས་ལ། དེ་དག་བརྟན་པར་བྱ་བའི་ཕྱིར་གསང་སྔགས་ཨ་བྷི་དྷ་ན་ལས་འབྱུང་བ་བཞིན་བརྗོད་ན་ཡང་ལེགས། མ་བརྗོད་ན་ཡང་ཉེས་པ་མེད་དོ། །དེ་ནས་ལྷའི་ང་རྒྱལ་དང་ལྡན་པས་ཡི་གེ་བདུན་པའི་གསང་སྔགས་བརྗོད་ཅིང་ཁྲོ་བོའི་ལྟ་བས་ཕྱོགས་ཐམས་ཅད་དུ་བལྟས་ཏེ་བགེགས་བསྐྲད་དེ། བར་དུ་གཅོད་པ་ཐམས་ཅད་བསྲུང་བ་ཡིན་ནོ། །དེ་ལྟར་ན་ཆོ་ག་དེ་དག་ཀྱང་ས་སྦྱང་དུ་ཡང་བཏུབ་ལ། སྦྱང་ཡང་དགོས་པའི་དབང་དུ་བྱས་པ་ཡིན་གྱི། སྦྱང་དགོས་ཀྱང་སྦྱང་དུ་མི་བཏུབ་པའི་ས་ཕྱོགས་སུ་ནི་དཀྱིལ་འཁོར་མི་བྲི་ལ། སྦྱང་དུ་ཡང་མི་བཏུབ། སྦྱང་ཡང་མི་དགོས་པའི་ས་ཕྱོགས་རྡོ་ལེབ་ལ་སོགས་པ་ལྟ་བུར་ནི་དཀྱིལ་འཁོར་གྱི་དབྱིབས་བྱས་ལ་བྱུགས་པས་བཏུབ་ལ། སྦྱང་དུ་བཏུབ་ཀྱང་སྦྱང་མི་དགོས་པའི་ས་ཕྱོགས་དཀྱིལ་འཁོར་གྱི་ཁང་པ་རྙིང་པ་ལྟ་བུ་ནི་སྐྱང་ནུལ་བྱས་པ་ཙམ་གྱིས་བཏུབ་པ་ཡིན་ནོ། །སའི་ཆོ་ག་དཀྱིལ་འཁོར་གྱི་སྤྱོད་པ་དང་པོ་བསྟན་ཟིན་ཏོ།།  །།དེ་ནས་དཀྱིལ་འཁོར་གྱི་སྤྱོད་པ་གཉིས་པ་སྟ་གོན་ནི། ས་ཕྱོགས་བ་བྱུང་རྣམ་པ་ལྔ་དང་བདུད་རྩི་རྣམ་པ་ལྔས་ཁྲུ་དོ་ལ་སོགས་པ་གྲུ་བཞིར་སྐྱང་ནུལ་བྱས་ལ་བླ་རེ་དང་བྲིས་སྐུ་དགྲམ། མཆོད་ཡོན་ཞབས་བསིལ་སྔོན་དུ་འགྲོ་བའི་མཆོད་པ་བརྒྱད་ལ་སོགས་པ་ཅི་འབྱོར་པ་བཤམ། ཀུ་ཤ་དང་རས་ཟུང་སྟ་གོན་བྱ། དེ་ནས་སློབ་མ་ལ་མཁོ་བའི་སོ་ཤིང་དང་སྲུང་སྐུད་ལ་སོགས་པ་ཡང་སྟ་གོན་བྱ། རྡུལ་ཚོན་གྱི་ཕྱོགས་ཡིན་ན་རྡུལ་ཚོན་དང་ཐིག་སྐུད་ཀྱང་བསོག་གོ །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས། སའི་ལྷ་མོའི་གཏོར་མ་དང༌། སྔོན་དུ་འགྲོ་བའི་གཏོར་མ་སྟེ་གཏོར་མ་བཞི་བཤམ། དམ་ཚིག་དང་ལྡན་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་སྤྱན་དྲངས་ལ་གྲལ་བྱ། སྔོན་དུ་འགྲོ་བའི་གཏོར་མ་ཆོ་ག་རྒྱས་བསྡུས་གང་རུང་གིས་བཏང་ལ་འབུད་དཀྲོལ་ལ་སོགས་པའི་སྒྲས་མཆོད་པ་བྱིན་དབབ། མཎྜལ་ཕུལ་ལ་ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ་ལ། ཡི་གེ་བརྒྱ་པ་བརྗོད་དེ་རྒྱུད་སྦྱང༌། དེ་ནས་རང་རང་གི་མངོན་པར་རྟོགས་པ་བསྒོམ། སངས་རྒྱས་ལ་མཆོད་དེ། དེ་ཡང་སྔགས་མཆོད། ཕྱི་མཆོད། བདུད་རྩི། མཉེས་མཆོད། ཡིད་མཆོད། བསྟོད་པ་བྱས་ལ། དཀྱིལ་འཁོར་གྱི་འཁོར་ལོ་ཕྱེད་སྣ་བུག་གཡས་སུ་བསྡུ། ཕྱེད་གཡོན་ནས་བསྡུས་ལ། རང་ཉིད་ཡབ་ཡུམ་ཙམ་གྱི་ང་རྒྱལ་གྱིས་གནས་ལ་གོ་ཆ་གསུམ་གྱིས་བསྲུང་ངོ༌། །དེ་ནས་སའི་ལྷ་མོ་སྟ་གོན་དུ་གནས་པ་ནི། མཎྜལ་ལ་དྲིའི་ཐིག་ལེ་ལ་མེ་ཏོག་གི་ཚོམ་བུ་བྱ། སྲིན་ལག་གཡས་སམ་གཡོན་པའི་རྩ་བར་ཧཱུྃ་ཡིག་བསམས་ལ། སྲིན་ལག་ས་ལ་བརྡབ་ཅིང་ཧྃ་ཞེས་བརྗོད་པས་མེ་ཏོག་གི་ཚོམ་བུའི་སྟེང་དུ་སའི་ལྷ་མོ་མདོག་གསེར་དུ་སྣང་བ། ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་བསྣམས་པ་བློས་དམིགས་ལ། ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད་ཡོན། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ་པཱ་དྱཾ་གིས་ཞབས་བསིལ། དེ་བཞིན་དུ་པུཥྤེ་མེ་ཏོག དྷཱུ་པེས་བདུག་སྤོས། ཨཱ་ལོ་ཀེས་མར་མེ། གྷནྡྷེས་དྲི། ནཻ་ཝི་དྱེས་ཞལ་ཟས། དེ་ནས་གཏོར་མ་སྦྱངས་ལ་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ཏེ། ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྐ་ཏེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། གྲིཧྞེ་དཾ་བ་ལིནྟེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། དེ་ནས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཧེ་རུ་ཀ་དཔལ་དཔའ་བོ་ཡིས། །ཇི་ལྟར་བདུད་ཀྱི་སྟོབས་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་རྡོ་རྗེ་དང་དྲིལ་བུ་འཛིན་པས་དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ་ལན་གསུམ་དུ་གསོལ་བ་བཏབ་པས་རིག་པ་འཛིན་པ་དཀྱིལ་འཁོར་གྱི་ལས་ཅི་བདེར་བྲིས་ཤིག་གསུངས་ནས། དེ་ལ་ཨརྒྷཾ་ཕུལ་ཏེ་ས་དེ་ཉིད་ལ་ཐིམ་པར་བསམ་མོ། །སའི་ལྷ་མོ་སྟ་གོན་དུ་གནས་པའོ། །དེ་ནས་ལྷ་སྟ་གོན་དུ་གནས་པ་ནི། སའི་ལྷ་མོའི་མེ་ཏོག་དམན་མ་དེ་གཞན་དུ་བསལ་ལ། དེར་སྲུང་འཁོར་དང་གཞལ་ཡས་ཁང་བསྐྱེད་ནས་ཕུར་བུས་འདེབས་པ་ཅིག་དང༌། ཕུར་བུས་བཏབ་ནས་བྱུག་པ་དང་བསྟུན་ནས་སྲུང་འཁོར་དང་གཞལ་ཡས་ཁང་བསྐྱེད་པ་གཉིས་སྔོན་ལ་གང་བྱས་ཀྱང་འདྲ་བ་ཉིད་ཡིན་པ་ལས་སྔོན་ལ་ཕུར་བུས་གདབ་པ་འདི་བདེ་བས་ན་ཕྱག་ལེན་གཙོ་བོར་མཛད་དོ། །དེའང་ལྕགས་སམ་སེང་ལྡེང་ལས་བྱས་པའི་ཕུར་བུ་སོར་བརྒྱད་པའམ། བཞི་པའམ། དྲུག་པ་ལྔ་སྟོད་ཁྲོ་བོའི་ཆ་ལུགས་ཨ་བྷི་དྷ་ན་དང་མཐུན་པར་ཞལ་གསུམ་ཕྱག་དྲུག་པའམ། མན་ངག་གིས་ཕྱག་གཉིས་པར་མཛད་དེ། སྨད་ཕུར་བུ་ཟུར་གསུམ་པར་བསམས་ལ་གདབ་པ་ནི། དབུས་ཀྱི་ཕུར་པ་གནོད་མཛེས་ནག་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པར་བསམས་ལ། ངག་ཏུ་ཨོཾ་སུམྦྷ་རཱ་ཛ་བཛྲ་ཀྲོ་དྷ་མཎྜལ་ཙཀྲ་རཀྵ་རཀྵ་ཧཱུྃ་ཕཊ་ཅེས་བརྗོད་ལ་དབུས་སུ་གདབ། དེ་ནས་པཉ་རེག་གི་ཕྱི་ནས་གདབ་པ་ནི། ཤར་ལྷོའི་ཕུར་བུ་མི་གཡོ་བ་ནག་པོ་རལ་གྲི་དང་སྡིགས་མཛུབ་འཛིན་པར་བསམས་ལ་ངག་ཏུ་ཨོཾ་ཀ་ནེ་རུ་ནི་བཛྲ་ཀྲོ་དྷ་མཎྜ་ལ་ཙཀྲ་རཀྵ་རཀྵ་ཧཱུྃ་ཕཊ། ཅེས་པས་གདབ། ལྷོ་ནུབ་ཀྱི་ཕུར་བུ་དབྱུག་སྔོན་ཅན་དབྱུག་པ་སྔོན་པོ་དང་སྡིགས་མཛུབ་འཛིན་པར་བསམས་ལ། ཨོཾ་ནཱི་ལ་དཎྜ་བཛྲ་ཀྲོ་དྷ་མཎྜ་ལ་ཙཀྲ་རཀྵ་རཀྵ་ཧཱུྃ་ཕཊ། ཅེས་པས་གདབ། ནུབ་བྱང་གི་ཕུར་བུ་རྟ་མགྲིན་དམར་པོ་དབྱུག་པ་དང་སྡིགས་མཛུབ་འཛིན་པར་བསམས་ལ། ཨོཾ་ཧ་ཡ་གྲྀ་ཝ་བཛྲ་ཀྲོ་དྷ་མཎྜ་ལ་ཙཀྲ་རཀྵ་རཀྵ་ཧཱུྃ་ཕཊ། ཅེས་པས་གདབ། བྱང་ཤར་གྱི་ཕུར་བུ་བདུད་རྩི་འཁྱིལ་པ་ནག་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པར་བསྐྱེད་ལ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་བཛྲ་ཀྲོ་དྷ་མཎྜ་ལ་ཙཀྲ་རཀྵ་རཀྵ་ཧཱུྃ་ཕཊ། ཅེས་པས་གདབ་བོ། །དེ་ནས་དེ་དག་ཐམས་ཅད་ལ་རང་རང་གི་སྔགས་དེ་དག་ཉིད་ཀྱིས་ཕུར་བུའི་རྩ་བར་ཙནྡན་དམར་པོའི་ལྡེ་གུ་དབུལ། མེ་ཏོག་གི་ཚོམ་བུ་རེ་བྱ། དར་དམར་པོའི་ཅོད་པན་དང༌། ཡུངས་ཀར་གྱི་ཐུམ་བུ་རེ་མགུལ་དུ་བཏགས། གུ་གུལ་གྱི་དུད་པ་དབུལ་ཏེ་རེ་རེ་ལ་ཡང་རང་རང་གི་སྔགས་བཟླས་ཤིང་བྱའོ། །དེ་ནས་དེ་དག་གི་ཚོམ་བུ་བསལ་ལ། པཉ་རེག་གི་ནང་དུ་ཕུར་བུའི་མཚམས་ཚུན་ཆད་དུ་བ་བྱུང་ལྔ་ལ་བདུད་རྩི་ལྔས་བསྲེས་པས་འཇིག་རྟེན་པའི་དབང་ལྡན་གྱི་མཚམས་ནས་བརྩམས་ཏེ་ལེགས་པར་བྱུག་ཅིང༌། ཨོཾ་མེ་དི་ནཱི་བཛྲཱི་བྷ་ཝ་བནྡྷ་ཧཱུྃ་ཧཱུྃ་ཕཊ། ཅེས་བཟླས་ཤིང་ཏིང་ངེ་འཛིན་གྱིས་པྃ་ལས་པདྨ། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལྗང་གུ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེའི་འོད་ཀྱིས་སྲུང་བའི་འཁོར་ལོ་བརྟན་པར་བསྒོམ་ཞིང་བྱུག་གོ །སྲུང་འཁོར་གྱི་ནང་དུ་ནག་པོ་མངོན་རྟོགས་བཞིན་འབྱུང་བ་རིམ་བརྩེགས་ལུགས་བཟློག་རི་རབ་ཐིག་ལེ་སེར་པོ་དང་བཅས་པ་གྱུར་པ་ལས། འབྱུང་བ་རིམ་བརྩེགས་ལུགས་འབྱུང་གཞལ་ཡས་ཁང་དང་བཅས་པ་ལེགས་པར་བསྒོམས་ལ་ལག་པ་གཡོན་པའི་སྲིན་ལག་གིས་རེག་ཅིང༌། པུ་ཛཱ་ཨཽ་ཨ་གོ་རཱ་དེ་མ། ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི། པྲེ་གྲྀ་སཽ་སུ་ན་སི་མ་ཀུ། ཞེས་བརྗོད་ལ་རང་བཞིན་གྱིས་གྲུབ་པའི་ཡུལ་ཉི་ཤུ་རྩ་བཞི་དུར་ཁྲོད་དང་བཅས་པ་ཡང་གནས་པར་བསམས་ལ། དབུས་སུ་དྲིའི་ཐིག་ལེ་གྲུ་བཞི་བྱ། གཞན་རྣམས་ལ་ཟླུམ་པོ་བྱས་ལ་དེ་ཡང་དྲིའི་ཐིག་ལེ་སུམ་ཅུ་སོ་བདུན། ཐོད་པ་བཞི་སྟེ་བཞི་བཅུ་རྩ་གཅིག་པ་ཉ་རེག་གི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་ལ་ཐིག་ལེ་བརྒྱད་དེ་བཞི་བཅུ་རྩ་དགུ་བཀོད་ལ། ཐིག་ལེ་རྣམས་ཀྱི་སྟེང་དུ་རང་རང་གི་སྔགས་བཟླས་ཤིང་མེ་ཏོག་གི་ཚོམ་བུ་རེ་དགོད། ཐོད་པ་བཞི་དང་དུར་ཁྲོད་བརྒྱད་ལ་ཡི་གེ་གསུམ་བཟླས་ཤིང་དགོད་དོ། །དེ་ནས་ཚོམ་བུ་དབུས་མའི་སྟེང་དུ་ཨཱ་ལི་ལས་ཟླ་བ། ཀཱ་ལི་ལས་ཉི་མ། བར་དུ་ཡི་གེ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་ལྷ་སུམ་ཅུ་སོ་བདུན་དུས་གཅིག་བསྐྱེད། ཡབ་ཡུམ་ལ་གོ་ཆ་དགོད། ཡེ་ཤེས་པ་འབར་བའི་ཕྱག་རྒྱ་དང་ཕཻཾ་གྱི་སྒྲས་སྤྱན་དྲངས་ལ། ཕྱི་མཆོད་ཡིད་མཆོད་གཉིས་ཀྱིས་མཆོད་ལ་དགུག་གཞུག་བྱ། དབང་བསྐུར་ཞིང་རྒྱས་གདབ། སྔགས་མཆོད་ནས་བཟུང་སྟེ་ཕྱི་མཆོད་བྱ། དེ་ནས་རས་ཟུང་གི་མཆོད་པ་ནི། རས་ཟུང་དུ་སྦྱར་བ་གཅིག་ནས་དྲུག་ཅུ་རྩ་གཉིས་ཀྱི་བར་ཅི་འབྱོར་པ་ཚགས་བྱ། བདུད་རྩིས་གཏོར་ཞིང་སུམྦྷ་ནིས་བསངས། སྟོང་པའི་ངང་ལས་ལྷའི་གོས་སུ་བསྐྱེད་ལ། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་ལ་གསོལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཅེས་པ་དང༌། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦྦ་ཝཱི་ར་ཡོ་གི་ནཱི་ཨོཾ་བཛྲ་ཝསྟྲཱ་ཡ་ཧཱུྃ། ཞེས་བརྗོད་ལ་དབུལ། དེ་ནས་རིག་མ་བཅུ་དྲུག རིན་ཆེན་སྣ་བདུན། འདོད་ཡོན་ལྔ་དང༌། ནང་མཆོད་དང༌། མཉེས་པའི་མཆོད་པ་དང༌། ཡིད་མཆོད་དང༌། བསྟོད་པའི་མཆོད་པའི་བར་ཚེས་བཅུའི་མཆོད་པ་བཞིན་བྱའོ། །དེ་ནས་ཀུ་ཤའི་མཆོད་པ་ནི་སྦྱིན་སྲེག་ནས་འབྱུང་བ་འདིར་མཛད་དེ། ཨོཾ་ཨ་སྨཻ་ཀུ་ཤ་ཤུ་བྷཾ་དྷི་བྷྱཾ། ཤུདྷ་བྲཧྨེ་ཎ་བ་བིདྡྷྲ། རཏྣ་ཏྲཻ་པ་བིདྡྷྲ། པྲྀ་ཐི་ཝཱི་ཛ་ཏ་གརྦྷ། ཨ་བིགྷྣཱནྨམ་ཤཱནྟིཾ་ཀུར་བནྟུ་སྭཱ་ཧཱ། དེ་ཉིད་བོད་སྐད་དུ་བྱེད་ན་ཡང༌། ཨོཾ་ཀུ་ཤ་འདི་ནི་བཟང་ཞིང་དགེ །ཚངས་པ་ཡི་ནི་དག་བྱེད་ཡིན། །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ས་ལས་སྐྱེས་པའི་སྙིང་པོ་སྟེ། །དེས་བདག་ལ་བགེགས་མེད་ཅིང་ཞི་བར་མཛོད་ཅིག་སྭཱ་ཧཱ་ཞེས་བརྗོད་ལ། ཀུ་ཤ་རྩ་བ་དང་རྩེ་མོ་མ་ཉམས་པའི་ཆུན་པོ་བརྒྱད་ཕྱོགས་མཚམས་བརྒྱད་དུ་དབུལ་བར་བྱའོ། །དེ་ནས་གཞུང་འདི་ཉིད་ནས་འབྱུང་བའི་འཁྱུད་པའི་མཆོད་པ་ནི་དངོས་སུ་ཁ་སྦྱོར་བརྒྱད། དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དམ། དེ་མ་ཡིན་པའི་གནས་གཞན་དུ་ཡང་རུང་སྟེ་མཆོད་པ་བྱས་ན་རབ། དེ་མ་འབྱོར་ན་བླ་མས་ཏིང་ངེ་འཛིན་གྱིས་དབུལ་བར་བྱ་སྟེ། ཏིང་ངེ་འཛིན་གྱིས་ཕྱོགས་མཚམས་བརྒྱད་དུ་ཁ་སྦྱར་བརྒྱད་བསམས་ལ། ལུས་ཀྱིས་འཁྱུད་པའི་སྟངས་ཀ་ལན་བརྒྱད་བྱ། ངག་ཏུ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་ལན་བརྒྱད་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱའོ། །དེ་ལྟར་མཆོད་པ་རྫོགས་པ་དང་རྡོ་རྗེ་དྲིལ་བུ་འཛིན་པས་དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ་གསོལ་བ་བཏབ་པ་ནི། གཉིས་མེད་ཡེ་ཤེས་ལས་བྱུང་བ། །ཁྱབ་བདག་དངོས་ཀུན་བདག་ཉིད་ཅན། །སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ། །ཕག་མོ་ལྷན་ཅིག་ཡང་དག་ལྡན། །གང་ཞིག་ཕྱོགས་བཅུའི་དཔའ་བོ་དང༌། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་ལ་ནི་ཕན་པ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པ། །ནང་པར་དཀྱིལ་འཁོར་འདྲི་བར་བགྱི། །རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །ཀུན་གྱི་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བདུད་རྩི་ལྔ་དང་ཤ་ཆེན་པོའི་བདུག་སྤོས་ལག་ཏུ་ཐོགས་ལ་བྱའོ། །དེ་ནས་འདིར་གཏོར་མ་རྒྱས་པར་གཏང༌། ཚོགས་ཀྱི་ཡོ་བྱད་འོངས་པ་ལ་བྱིན་གྱིས་བརླབས། ཕུད་བླ་མ་དང་དཀྱིལ་འཁོར་ལ་ཕུལ་ལ་ལོངས་སྤྱོད། ལྷག་མ་བསྡུས་ལ་བཏང༌། བཀྲ་ཤིས་བརྗོད། ཡི་གེ་བརྒྱ་པ་བརྗོད་ལ་ཆོ་ག་ལྷག་ཆད་ཁ་བསྐང༌། སྨོན་ལམ་གདབ། འཇིག་རྟེན་པའི་གཏོར་མ་གཏང༌། བདག་ཉིད་ཀྱི་དཀྱིལ་འཁོར་བསྡུ། གོ་ཆ་གསུམ་གྱིས་བསྲུང༌། ཆོ་ག་ལྟ་བར་མི་འདོད་པ་རྣམས་གཞན་དུ་གཏང༌། བྲིས་སྐུ་ལ་སོགས་པ་གསང་བའི་དངོས་པོ་རྣམས་ཞལ་དགབ་པ་དང་སྦ་བར་བྱའོ། །དེ་ནས་སློབ་མ་ལྷག་པར་གནས་པར་བྱ་བ་ནི། སློབ་མ་དུ་ཡོད་པ་ཁྲུས་བྱེད་དུ་བཅུག་ལ། ནང་དུ་བོས་ལ་མཎྜལ་འབུལ་དུ་གཞུག དེ་ནས་སློབ་མ་ལྷག་པར་གནས་པའི་ཆོ་ག་དངོས་ནི་བཅུ་བཞི་སྟེ། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་བསྐྱེད་དུ་གཞུག་པ་དང༌། སློབ་མ་སྦྱང་བ་དང༌། གསོལ་བ་འདེབས་སུ་གཞུག་པ་དང༌། གསང་སྔགས་ལ་སྤྲོ་བ་བསྐྱེད་པ་དང༌། དམ་ཚིག་སྦྱིན་པ་དང༌། བསྲུང་བ་བྱ་བ་དང༌། ལྷར་བསྐྱེད་པ་ལ་མཆོད་པ་དང༌། སྲུང་སྐུད་གདགས་པ་དང༌། སྐྱོར་ཆུ་བླུད་པ་དང༌། སོ་ཤིང་སྦྱིན་པ་དང༌། ཀུ་ཤ་སྦྱིན་པ་དང༌། ཆོས་ཟབ་མོ་བཤད་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་དང༌། རྨི་ལམ་བརྟག་ཅིང་ངན་ན་བསྲུང་བ་དང་བཅུ་གསུམ་ནི་སློབ་མ་དང་ཐུན་མོང་ཡིན་ལ། སློབ་དཔོན་དུ་འོས་པས་རྡོ་རྗེ་སློབ་དཔོན་གྱི་ཕྱིར་གསོལ་བ་གདབ་པ་དང་བཅུ་བཞིའོ། །དེ་ལ་མྱ་ངན་ལས་འདས་པའི་བསམ་པ་བསྐྱེད་དུ་གཞུག་པ་ནི། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པས་དེ་ལས་གཞན། །བདག་གཞན་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོར་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་བརྗོད་ལ་དེ་དག་གི་དོན་བཤད་པར་བྱའོ། །དེ་ནས་གཉིས་པ་སློབ་མ་རྣམས་སྦྱང་བ་ནི། སློབ་མ་རྣམས་ཡིད་ཀྱིས་ཁ་ནས་བཅུག་ལ། རྡོ་རྗེའི་ལམ་ནས་ཡུམ་གྱི་གསང་བའི་དཀྱིལ་འཁོར་དུ་སློབ་མ་བཞག་ལ། ཡང་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ལ། བདག་གི་ཞལ་ནས་ཞུགས། སྙིང་གར་ཞུ་བར་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱིས་སློབ་མའི་སྤྱི་བོ་ནས་དབང་བསྐུར་ལ་སྡིག་པ་ཐམས་ཅད་སྦྱངས་པར་བསམས་ནས་ཡུམ་གྱི་དཀུ་གཡོན་པ་ནས་བཏོན་ལ་དཀྱིལ་འཁོར་གྱི་སྒོར་ཡིད་ཀྱིས་གཞག་གོ །གསུམ་པ་གསོལ་བ་འདེབས་སུ་གཞུག་པ་ནི། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །ཅེས་བླ་མའི་རྗེས་སུ་ལན་གསུམ་བརྗོད་པས་གསོལ་བ་གདབ་བོ། །དེ་ནས་བཞི་པ་སྤྲོ་བ་བསྐྱེད་པ་ནི། བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་པའི་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་ལ་དེའི་དོན་ཡང་བཤད་དོ། །དེ་ནས་ལྔ་པ་ནང་གི་སེམས་བསྐྱེད་པ་ནི། མེ་ཏོག་ཚོམ་བུ་ལྔ་པ་ལ་བརྟེན་ཀྱང་རུང༌། ཚོམ་བུ་མ་བྱས་ཀྱང་རུང་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་བདག་ནི་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཆེ་གེ་དུས་འདི་ནས་བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་བསྲུང༌། །ཞེས་རྗེས་སུ་བཟླས་པ་ལན་གསུམ་བྱའོ། །དེ་ནས་དྲུག་པ་བྱང་ཆུབ་ཀྱི་སེམས་བསྲུང་བའི་ཕྱིར་སློབ་དཔོན་གྱི་སྲིན་ལག་གཡོན་པའི་ཁྲག་དང་བདུད་རྩི་ལྔ་བསྲེས་ལ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་བསམ་ཞིང༌། ལག་པ་གཡས་པ་རྡོ་རྗེ་འཛིན་པ་དང་བཅས་པའི་སྲིན་ལག་གིས་སྔར་གྱི་རྫས་དེ་དག་དང་བཅས་པའི་གནས་དེ་དག་ཏུ་རེག་ཅིང༌། ངག་ཏུའང་བརྗོད་ལ་ཡས་མར་རིམ་པ་དང༌། མས་ཡར་དང༌། ཡང་ཡས་མར་བརྗོད་ལ་བརྟན་པར་བྱའོ། །དེ་ནས་བདུན་པ་སློབ་མ་ལྷག་པའི་ལྷར་དམིགས་པ་ལ་མཆོད་པ་ལྔས་མཆོད་དོ། །བརྒྱད་པ་སྲུང་སྐུད་ནི། སྐུད་པ་དམར་པོ་ལ་མདུད་པ་གསུམ་བྱས་ལ། ཧཱུྃ་ལས་དམ་ཚིག་གི་སྐུད་པར་བསྐྱེད་ཅིང་སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྐུད་པ་སྤྱན་དྲངས་ལ་བསྟིམ། ཡི་གེ་བདུན་པ་བཟླས་ལ་དཔུང་པ་གཡོན་པར་བཅིང༌། ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེ་ནས་དགུ་པ་ཁྱོར་ཆུ་ནི། ཡི་གེ་བདུན་པ་བཟླས་ཤིང་ཆང་དང་བདུད་རྩི་སྦྱར་བ་ཁར་བླུད། ལུས་ལ་ཡང་གཏོར་རོ། །དེ་ནས་བཅུ་པ་སོ་ཤིང་ནི། བ་བྱུང་ལྔས་མཎྜལ་ཁྲུ་གང་བ་ཟླུམ་པོ་བྱས་ལ་མེ་ཏོག་ཚོམ་བུ་གཅིག་དབུས་སུ་དགོད། སོ་ཤིང་གས་ཆག་མེད་པ་སོར་བཅུ་གཉིས་པ་རྩེ་མོ་ལ་མེ་ཏོག་ཅན་ལག་པས་གཟུང༌། གསེར་རམ་དངུལ་ལས་བྱས་པར་མོས་ཏེ་སོ་བྲུད་པས་སྡིག་པ་སྐྱུགས་པར་བསམས་ལ། ཁ་ཤར་རམ་བྱང་དུ་བལྟས་ལ་ལྟོས་པ་མེད་པར་དོར། །དངོས་གྲུབ་ཕྲིན་ལས་གང་འགྲུབ་བརྟག་སྟེ། རང་ལ་བལྟས་ན་མཆོག་འགྲུབ། སྟེང་དུ་བལྟས་ན་མཁའ་སྤྱོད་ལ་སོགས་པ་གྲུབ་པ་བརྒྱད་འགྲུབ། འོག་ཏུ་མེ་ཏོག་བལྟས་ན་ས་འོག ཕྱོགས་མཚམས་གཞན་དུ་ལས་ཕྲན་ཚེགས་འགྲུབ་པའོ། །དེ་ནས་བཅུ་གཅིག་པ་ཀུ་ཤ་སྦྱིན་པ་ནི། ཀུ་ཤ་ཆུན་པོ་ཆེ་ཆུང་གཉིས་བྱས་ལ། ཆུང་བ་ལ་དྷཱྀཿབཟླས་ལ་སྔས་སུ་སྦྱིན། ཆེ་བ་ལ་ཧ་བཟླས་ལ་སྟན་དུ་སྦྱིན་ནོ། །དེ་ནས་བཅུ་གཉིས་པ་ཆོས་ཟབ་མོ་བཤད་དེ་སྤྲོ་བ་བསྐྱེད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་འགྱུར། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མར་ནི། །སྔོན་དུ་སྡིག་པ་བྱས་པ་གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟག་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གི་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བས། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཐམས་ཅད་ཀྱི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །ལེགས་པ་ཉིད་དུ་འགྲོ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོངས་བས་ན། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་སྤྲོ་བ་བསྐྱེད་དོ། །དེ་ནས་བཅུ་གསུམ་པ་རྨི་ལམ་བསྒོ་ཞིང་ངན་ན་བསྲུང་བ་ནི། གློ་གཡས་པ་ཕབ་སྟེ། དཀྱིལ་འཁོར་གྱི་ཁང་པ་དེ་ཉིད་དུ་ཉལ་བའམ། གཞན་དུ་ཡང་རུང་སྟེ་རྨི་ལམ་བརྟག ངན་ན་བསྲུང༌། དེ་ལ་ངན་པ་ནི་ཆུས་ཁྱེར་བ་ལ་སོགས་པའོ། །བཟང་བ་ནི་རི་ཕུག་ཏུ་ཉི་མ་འདེ་བ་ལ་སོགས་པའོ། །ཁྱད་པར་དུ་རྡོ་རྗེ་སློབ་དཔོན་དུ་འོས་པས་ནི་སྔར་གྱི་སྤྲོ་བ་བསྐྱེད་པའི་རྗེས་ལ་མཎྜལ་དབུལ་བ་སྔོན་དུ་འགྲོ་བས་དངོས་གཞིའི་སྐབས་ནས་འབྱུང་བའི་གསོལ་བ་གདབ་པ་འདི་ནི་ཁྱད་པར་གྱི་ཆོས་ཏེ་བཅུ་བཞི་པའོ། །སློབ་མ་ལྷག་པར་གནས་པའོ། །དེ་ནས་བུམ་པ་ལྷག་གནས་ནི། རྒྱས་པར་བྱེད་ན་ལྷའི་བུམ་པ་སུམ་ཅུ་སོ་བདུན། དྲི་མ་ཁྲུས་ཀྱི་བུམ་པ་བརྒྱད། ལས་ཐམས་ཅད་པའི་བུམ་པ་དང་ཞེ་དྲུག་བྱེད་དོ། །ཞེས་ཀྱང་གསུང་ངོ༌། །རབ་གནས་གཙོ་བོར་བྱེད་ན་ལྷའི་བུམ་པ་བཅུ། ཁྲུས་ཀྱི་བུམ་པ་བརྒྱད་དེ་བཅོ་བརྒྱད་བྱེད་ཞེས་ཀྱང་གསུང་ངོ༌། །དྲི་མ་ཁྲུས་ཀྱི་བུམ་པ་གཅིག་ཏུ་བསྡུས་ནས་བཅུ་གཅིག་ཏུའང་མཛད་ན། ཕྱག་ལེན་ལ་ནི་བུམ་པ་བཅུ་རུ་མཛད་དེ། གཞུང་ནས་ཀྱང་དེ་ཉིད་འབྱུང་ངོ༌། །དེ་ཡང་དམ་ཚིག་གི་འཁོར་ལོ་མ་གཏོགས་པའི་ལྷ་ཐམས་ཅད་ཀྱི་བུམ་པ་རྣམ་རྒྱལ་དུ་བསྡུས་པ་དེ་ལ་རིགས་ལྔའི་མཚན་མ་གདགས། སྒོ་མཚམས་མ་བརྒྱད་ཀྱི་བུམ་པ་ལ་གྲི་གུག་བྲི། ལས་ཐམས་ཅད་པའི་བུམ་པ་ལ་སྣ་ཚོགས་རྡོ་རྗེ་བྲིས་ཏེ་དེ་ཉིད་ལ་དྲི་མ་ཁྲུས་ཀྱི་བུམ་པ་ཡང་བྱེད་དོ། །དྲི་མ་ཁྲུས་ཀྱི་བུམ་པ་དུ་བྱེད་ཀྱང་མཚན་མ་གདགས་པ་མེད་དོ། །མདོར་བསྡུ་ན་རྣམ་རྒྱལ་དང་ལས་ཐམས་ཅད་པའི་བུམ་པ་གཉིས་སུ་མཛད་དེ། རྣམ་རྒྱལ་བུམ་པ་ལ་ཤོག་བུ་ལ་རིགས་ལྔ་ཀའི་མཚན་མ་བྲིས་ལ་གདགས། ལས་ཐམས་ཅད་པ་ལ་སྣ་ཚོགས་རྡོ་རྗེ་བྲི། བུམ་པ་མང་ཉུང་ཇི་ལྟར་བཅས་ཀྱང་རུང་སྟེ་མགུལ་ཆིངས་བཅིང༌། གུ་གུལ་གྱི་དུད་པས་བདུག་ཅིང་སུམྦྷ་ནི་བཟླས། ཡུངས་ཀར་བརྡེག ནང་དུ་སྨན་ལྔ་དང༌། འབྲུ་ལྔ་དང༌། རིན་ཆེན་ལྔ་གཞུག བདུད་རྩི་ལྔ་བླུགས། དྲི་ཞིམ་པོའི་ཆུས་བཀང༌། ཁ་རྒྱན་གཟུགས། མེ་ཏོག་གི་ཕྲེང་བ་གདགས། དེ་ནས་རྣམ་རྒྱལ་ལ་སོགས་པ་བུམ་པ་དུ་ཡོད་པ། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསྒོམ། བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་རྣམས་སུ་བསྐྱེད། རྣམ་རྒྱལ་བུམ་པར་མངོན་བྱང་ལྔ་ལས་ལྷ་རྣམས་དུས་གཅིག་ལ་བསྐྱེད་པའམ། གཙོ་བོ་ཡབ་ཡུམ་བསྐྱེད་ནས་འཁོར་རྣམས་འབྱིན་པའི་དཀྱིལ་འཁོར་གྱི་ཚུལ་དུ་བསྐྱེད་པ་གང་བདེ་བྱ། དེ་ལ་བུམ་པ་མེད་ན་བུམ་པ་རེ་རེའི་ནང་དུ་ལྷ་རེ་བསྐྱེད། བུམ་པ་བཅུ་ལས་མེད་ན་རྣམ་རྒྱལ་དུ་སྒོ་མཚམས་མ་མ་ཡིན་པའི་ལྷ་རྣམས་རྫོགས་པར་བསྐྱེད། སྒོ་མཚམས་མ་བརྒྱད་ཀྱི་བུམ་པར་སྒོ་མཚམས་མ་བརྒྱད་བསྐྱེད། ལས་ཐམས་ཅད་པའི་བུམ་པར་བདེ་ཆེན་འཁོར་ལོའི་ཁཎྜ་རོ་ཧཱ་བསྒོམ། གོ་ཆ་དགོད། ཡེ་ཤེས་པ་གཞུག དབང་བསྐུར། ཕྱི་ནང་གི་མཆོད་པས་མཆོད། དེ་ནས་རྣམ་རྒྱལ་གྱི་སྟེང་གི་ཐོད་པའམ། དུང་ཆོས་ཀྱི་ནང་དུ་བདུད་རྩི་ལྔ་དང་སྦྱར་བའི་ཆུ་ལ་རྡོ་རྗེ་ལ་གཟུངས་ཐག་བཏགས་པ་བཅུག་པའི་གཟུངས་ཐག་བླངས་ལ། ལྷ་རྣམས་ཀྱི་སྔགས་རྫོགས་པར་བཟླ་གསུང་ན་འདིར་ནི་གཙོར་མི་མཛད། གཙོར་ནི་ཡུམ་གྱི་ཉེ་སྙིང༌། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླས། ལས་ཐམས་ཅད་པ་ལ་ཡང་དེ་ཉིད་བཟླས་པའམ། ཡང་ན་ཁཎྜ་རོ་ཧཱ་བཟླས་གསུང་ན། གཙོར་ནི་སུམྦྷ་ནི་བརྒྱ་རྩ་བརྒྱད་བཟླས། སྒོ་མཚམས་མ་བརྒྱད་ཀྱི་བུམ་པ་ལ། ཨོཾ་ཀཱ་ཀཱ་སྱེ་ཧཱུྃ་ཧཱུྃ་ཕཊ། ཅེས་པ་ལ་སོགས་པ་རང་རང་གི་སྔགས་བརྒྱ་རྩ་བརྒྱད་བཟླས། དྲི་མ་ཁྲུས་ཀྱི་བུམ་པ་རྒྱས་པར་བྱས་ན་ལྷ་བསྐྱེད་པ་དང༌། མཚན་མ་གདགས་པ་དང༌། ཕྱིས་ཐོད་པའི་ཆུ་བླུགས་པ་རྣམས་ནི་མི་དགོས། རང་རང་གི་སྔགས་བརྒྱ་རྩ་རེ་ཙམ་བཟླས་པས་བྱིན་གྱིས་རློབ་པ་ཡིན་ཏེ། སྔགས་རྣམས་ནི་རབ་གནས་རྒྱས་པ་ན་གསལ་ལོ། །དྲི་མ་ཁྲུས་ཀྱི་བུམ་པ་མ་བཅས་ན་ལས་ཐམས་ཅད་པའི་བུམ་པ་ཉིད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླས་པས་བྱིན་གྱིས་བརླབ་བོ། །ལྷ་དང་བཅས་པའི་བུམ་པ་རྣམས་ལ་སྔགས་ཟློས་པའི་ཚེ་སྔགས་རྣམས་ཁ་དོག་དམར་པོའི་ཚུལ་གྱིས་གཟུངས་ཐག་ལ་འཁྲིལ་ནས་སོང་བས་ལྷ་སོ་སོ་ལ་ཕོག་ནས་དམར་ལམ་ལམ་སོང་བ་དང༌། བ་སྤུའི་བུ་ག་ཐམས་ཅད་ནས་བདུད་རྩིའི་རྒྱུན་ཁྲ་ལ་ལ་བྱུང་བས་བུམ་པ་ཐམས་ཅད་མེར་མེར་ཁེངས་པར་བསམ་ཞིང་བཟླས་སོ། །བཟླས་པ་ཟིན་པ་དང༌། ཕྱི་མཆོད། བདུད་རྩི། མཉེས་མཆོད། བསྟོད་པ་བྱ། ཡི་གེ་བརྒྱ་པ་བརྗོད་དེ་བཟོད་པར་གསོལ་ལ་དངོས་གྲུབ་ཐམས་ཅད་བདག་ལ་སྩལ་དུ་གསོལ། ཞེས་གསོལ་བ་གདབ་བོ། །དེ་ནས་བུམ་པའི་སྟེང་གི་ཐོད་པའི་བདུད་རྩི་བུམ་པ་རྣམས་ལ་བགོས་ནས་བླུགས་པས་ལྷ་རྣམས་འོད་དུ་ཞུ་བར་བསམ་མོ། །བུམ་པ་སྟ་གོན་དུ་གནས་པའོ།།  །།དེ་ནས་སྔར་བདག་གི་དཀྱིལ་འཁོར་མ་བསྡུས་ན་འདིར་དཀྱིལ་འཁོར་བསྡུ། བཟླས་པ་བྱ་བའམ་ཉལ་བའི་རྣལ་འབྱོར་གྱིས་ཉལ། ཐོ་རངས་སྟ་གོན་གྱི་ལྷ་ལ་མཆོད་བསྟོད་ཅི་འགྲུབ་བྱས་ལ། ནམ་མཁའི་དབུས་སུ་འདེགས་པར་ཡང་གསུང་ན། ཕྱག་ལེན་ལ་བདག་གི་ཐུགས་ཀར་བསྡུ་བ་ཉིད་མཛད་དེ་གཞུང་ནས་ཀྱང་དེ་འབྱུང་ངོ༌། །དེ་ནས་ལས་ཀྱི་རྗེས་མི་མངོན་པར་བྱས་ལ། རྡུལ་ཚོན་གྱི་ཕྱོགས་དང་འབྲེལ་པར་བྱེད་ན་ཐིག་ལ་སོགས་པའི་ཆོ་ག་ལ་འཇུག་པར་བྱའོ། །སྟ་གོན་ཐམས་ཅད་བསྟན་ཟིན་ཏོ།།  །།དེ་ནས་དཀྱིལ་འཁོར་ཞག་གི་ནུབ་མོར་གནས་ཁང་ཕྱག་དར་བྱས་ལ། བ་བྱུང་དང་བདུད་རྩི་བསྲེས་པས་བྱུགས་ལ། གསུམ་པ་ཐིག་གིས་བྲི་བའི་དཀྱིལ་འཁོར་གྱི་སྤྱོད་པ་ནི་གཉིས་ཏེ། ལས་ཀྱི་ཐིག་གིས་སའི་ཆ་རྣམས་པར་དབྱེ་བ་དང༌། ཡེ་ཤེས་ཀྱི་ཐིག་གི་བྱིན་གྱིས་བརླབ་པའོ། །དེའང་གཞུང་ལས། དང་པོར་རྡོ་རྒྱུས་ཐིག་སོགས་ཀྱིས། །ཐིག་རྣམས་ཀུན་ཏུ་གདབ་པར་བྱ། །དེ་ཡི་སྟེང་དུ་ཡེ་ཤེས་ཐིག །ཀུན་ནས་ཡོངས་སུ་བརྐྱང་བར་བྱ། །ཞེས་འབྱུང་བས་ན་དང་པོ་ལས་ཀྱི་ཐིག་གིས་ཆ་དབྱེ་བར་བྱའོ། །དེ་ལ་ཐོག་མར་དཀྱིལ་འཁོར་གྱི་ས་གཞི་སྔར་ས་ཆོག་གམ་སྟ་གོན་གྱི་སྐབས་སུ་བྱ་བ་ཡིན་ཡང་སྐབས་སུ་བབ་པས་འདིར་བཤད་ན། པཉ་རེག་གི་རྩིག་ངོས་སམ་ཕྱིའི་སྟེགས་བུའི་ཚད་ཀྱང་རུང་སྟེ། ངོས་རེ་ལ་ཁྲུ་གང་དང་དོ་པ་ནི་དངོས་གྲུབ་བམ་ཕྲིན་ལས་བསྒྲུབ་པའི་དཀྱིལ་འཁོར་ཡིན་ལ། ངོས་རེ་ལ་ཁྲུ་གསུམ་པ་ནས་བཅུ་དྲུག་པའི་བར་ནི་དམ་ཚིག་གི་དཀྱིལ་འཁོར་བདག་འཇུག་དང་སློབ་མ་དབང་བསྐུར་བ་ལ་བྱེད་པ་ཡིན་ནོ། །ཕྱག་ལེན་ལ་ཕྱིའི་དཀྱིལ་འཁོར་གྱི་ངོས་རེ་ལ་ཁྲུ་གསུམ་མམ་བཞི་པ་ལ་ཕྱག་ལེན་མཛད་དོ། །དེ་ལྟ་བུའི་ས་གཞི་ལེགས་པར་བྱུགས་ལ་ཐིག་སྐུད་གསར་པ་མཛེས་པ་རྡོ་རྒྱུས་ལ་སོགས་པར་སྤངས་པས་གདབ་པ་ནི། ཆ་ཆེན་པོ་བཅུ་དྲུག་ཏུ་ཤེས་པར་བྱས་ལ་ཕྱིའི་དཀྱིལ་འཁོར་གྱི་དབྱིབས་ནི་དཀྱིལ་འཁོར་གཞན་དང་མཐུན་ནོ། །ནང་ན་ཆ་ཆེན་པོ་བཞི་གནས་པ་ལས་ཆ་ཆེན་པོ་གཅིག་བདེ་ཆེན་འཁོར་ལོ་ལ་བཏང་སྟེ། དེའི་ཡང་ཕྱེད་ལྟེ་བ་ལ། ཕྱེད་འདབ་མ་ལ། དེ་ནས་ཆ་ཆེན་གཉིས་ལ་ཐག་པ་བརྐྱང་བ་ཆ་གསུམ་མཉམ་དུ་བྱས་ལ། དབུས་སུ་ཕུར་བུས་བཏབ་ལ། དེ་ལ་སྲད་བུ་སྲ་བ་གཉིས་ལྟབ་ཏུ་བྱས་ལ་རྡོ་རྒྱུས་ལ་སོགས་པས་འཁོར་ལོ་རེ་བསྐོར། དེ་ནས་རང་རང་གི་གནས་ཀྱི་ནང་དུ་པཉ་རག་གི་ཕྱེད་ཙམ་རེ་བསྐོར་ལ། ལྟེ་བའི་གེ་སར་དང་གྲི་གུག་ལ་སོགས་པའི་རྭ་བ་བྱའོ། །རྡོ་རྒྱུས་ལ་སོགས་པའི་པདྨ་དང་འཁོར་ལོའི་རྩིབས་དང་ཀ་བའི་རི་མོ་བྲིའོ། །ཆ་ཆེན་གཅིག་དམ་ཚིག་གི་འཁོར་ལོ་སྟེ་ལྷ་སྣམ་ལ་གཞག་གོ །སྤྱོད་པ་བ་ཉིད་ཀྱི་དགོངས་པའོ། །བླ་མ་མལ་གྱི་ཞལ་ནས། རྡོ་རྗེ་འཁོར་ལོ་ཆ་མཉམ་པར། །ཞེས་ཟེར་བས་ན་སློབ་དཔོན་གྱི་གསུང་དང་ཡང་མི་འགལ་ཏེ། སྒོའི་རྩར་པཉ་རག་གི་ཚད་ཙམ་ཞིག་བཞག་ལ། དེ་ནས་ཚངས་ཐིག་གི་རྩར་ཐག་པ་བརྐྱང་སྟེ་དེ་ཆ་མཉམ་པ་ལྔ་རུ་བགོས་ལ་བསྐོར་ཏེ། དེའི་ཡང་རང་རང་གི་ནང་དུ་པཉ་རག་གི་ཕྱེད་ཚད་ཙམ་མམ་པཉ་རག་རེ་འོང་ཡང་ཉེས་པ་མེད་དེ་བསྐོར་གཅིག་ལ་དང་པོ་ལ་ལྟེ་བ་དང་གེ་སར། གཉིས་པ་ལ་འདབ་མ་དང་གྲི་གུག་གི་རྭ་བ། དེ་ནས་གསུམ་ལ་འཁོར་ལོ་གསུམ་དང་དེ་དག་གི་རྭ་བའོ། །ཆ་ཕྲན་གཅིག་བོར་བ་དེ་ལྷ་སྣམ་གྱི་དོད་ཡིན་ཏེ། ལྷ་མོ་རྣམས་ཀྱི་མཚན་མ་ནི་སྒོ་མཚམས་རང་དུ་བྲིའོ། །ལས་ཐིག་གིས་ཆ་རྣམ་པར་བགོ་བའོ། །དེ་ནས་ཡེ་ཤེས་ཀྱི་ཐིག་གི་བྱིན་གྱིས་བརླབ་པ་ལ་གཉིས། ཐིག་ཉིད་བྱིན་གྱིས་བརླབ་པ་དང༌། དེ་གདབ་པའི་ཐབས་སོ། །དང་པོ་ནི་དཀར་པོ་ལྔ་གཅིག་ཏུ་བསྒྲིལ་བ་དང༌། སྔོན་པོ་ལྔ་གཅིག་ཏུ་བསྒྲིལ་བ་ལ་སོགས་པ་ཁ་དོག་ལྔའི་སྲད་བུ་ཚགས་བྱ། དེ་ནས་ཐིག་ཚོན་གཉིས་བྱིན་གྱིས་བརླབ་པ་དུས་གཅིག་ཏུ་མཛད་པས་ན་ཚོན་རྩི་ཡང་དཀར་པོའི་དཀར་པོ་དང༌། དཀར་པོའི་སེར་པོ་ཞེས་བྱ་བ་ལ་སོགས་པ་རེ་རེའང་ཁ་དོག་གི་ཁྱད་པར་ལྔ་ལྔར་བྱས་པའི་ཉི་ཤུ་རྩ་ལྔ་བསོགས་ལ། ཚོན་གྱི་ནང་དུ་ཁ་དོག་དང་མཐུན་པའི་སྲད་བུ་གཞག སྔོན་པོ་དབུས་སུ་གཞག དཀར་པོ་ཤར་དུ། སེར་པོ་ལྷོར། དམར་པོ་ནུབ་ཏུ། ལྗང་གུ་བྱང་དུ་གཞག མཆོད་ཡོན་ཞབས་བསིལ་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང་གཏོར་མ་དང་བདུད་རྩི་བཤམ། བདག་གི་རྣལ་འབྱོར་དྲན་པར་བྱ། ཐིག་ཚོན་སྟོང་པ་བསྒོམ། ཡིག་འབྲུ་ལྔ་ལས་ཁ་དོག་དང་མཐུན་པར་རིགས་ལྔའི་ཧེ་རུ་ཀ་བསྒོམ། གོ་ཆ་དྲན་པ་བྱ། རིགས་ལྔའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ལ་བསྟིམ། ཕྱི་མཆོད་དང༌། བདུད་རྩི་དང༌། བསྟོད་པ་བྱ། དེ་དག་ཞུ་བ་ལས་བྱུང་བའི་ཐིག་ཚོན་དུ་བསྒོམ། ཨོཾ་བཛྲ་སཱུ་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧོཿ ཞེས་བརྗོད་ཅིང་བླ་མའི་མཐེབ་སྲིན་གྱིས་རྡུལ་ཚོན་མཉེ། སྔར་ཐིག་སྐུད་ཁ་དོག་མ་བསྒྱུར་ན་རྡུལ་ཚོན་དང་འདྲེས་པར་མཉེས་ལ་ཁ་དོག་བསྒྱུར། ཐིག་དང་ཚོན་གཟི་བརྗིད་འབར་བར་བསམ་ཞིང་གཟི་བརྗིད་བསྐྱེད་པའོ། །དེ་ནས་སློབ་མ་མཁའ་འགྲོ་མའམ་ཁཎྜ་རོ་ཧཱར་བསམས་ལ་ཐིག་སྐུད་རྣམས་སོ་སོར་བརྐྱང་ལ་བསྒྲིལ་བར་བྱ་སྟེ། ཡུམ་གྱི་ཉེ་བའི་སྙིང་པོ་ལན་མང་དུ་བཟླས། རྩ་བའི་སྔགས་གཉིས་སུ་མེད་པ་ཡང་བཟླས་པ་བྱ་སྟེ། འདི་ནི་ཐིག་ཚོན་གཟི་བརྗིད་བསྐྱེད་པའི་སྐབས་སུའང་བཟླས་སོ། །དེའང་ཐིག་སྐུད་བསྒྲིལ་ཟིན་པ་དང༌། རྡོ་རྗེ་ལ་དཀྲིས་ལ་ཆང་ལ་བདུད་རྩི་སྦྱར་བས་གཏོར་བར་བྱ་སྟེ་བྱིན་གྱིས་བརླབ་པའོ། །དེ་ནས་ཇི་ལྟར་གདབ་པའི་ཐབས་ནི་བླ་མས་རྣལ་འབྱོར་པའི་ཤར་ཏེ། འཇིག་རྟེན་པའི་ལྷོར་བསྡད་ལ་སློབ་མ་རྣལ་འབྱོར་པའི་ནུབ་སྟེ་འཇིག་རྟེན་པའི་བྱང་དུ་གནས་པ་ལ་ཛཿཛཿཞེས་བརྗོད་དེ་ཐིག་གཏད། དེས་ཀྱང་ཛཿཛཿབརྗོད་ཅིང་བླངས་ལ། བླ་མས་ཐིག་སྐུད་ཀྱི་དཀྱིལ་ནས་ལག་པ་གཡས་པས་བཟུང་སྟེ། སྟེང་ནས་གཅུས་ཏེ་བླངས་ལ་འོག་ན་ཡར་ལ་བཏབ་པས་ཐིག་སྐུད་ཀྱི་སྒྲ་ལས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་མཛོད་ཅིག་ཅེས་འབྱུང་བར་ཡང་བསམ། ངག་ཏུ་ཡང་བརྗོད་ལ་བར་སྣང་ལ་ཐིག་རྗེས་བསམ་མོ། །དེ་ནས་གཡོན་སྐོར་གྱིས་བླ་མ་འཇིག་རྟེན་པའི་ནུབ་ཏུ་འདུག སློབ་མ་གཡོན་སྐོར་གྱིས་ཕྱིན་ནས་ཤར་དུ་བསྡད་ལ་ཚངས་ཐིག་གཉིས་པ་གདབ་བོ། །ཐིག་སྐོར་བྱེད་པའི་ཚེ་ནི་ཕན་ཚུན་རྒྱབ་སྤྲད་ཅིང་འགྲོ་བར་བྱའོ། །དེ་ལ་གཞུང་གཞན་ལས་ལོགས་ཐིག་འབྱུང་ཡང་འདིར་སྔོན་ལ་མཚམས་ཐིག་འདེབས་པས་ན་བླ་མ་འཇིག་རྟེན་པའི་མེར་བསྡད་ལ། སློབ་མ་རླུང་དུ་གནས་པ་དང་མཚམས་ཐིག་དང་པོ་གདབ་བོ། །དེ་ནས་ཡང་གཡོན་སྐོར་གྱིས་སློབ་མས་བླ་མའི་རྒྱབ་ནས་ཕྱིན་ཏེ་དབང་ལྡན་དུ་བསྡད། བླ་མས་ཀྱང་སློབ་མའི་རྒྱབ་ནས་ཕྱིན་ཏེ་བདེན་བྲལ་དུ་ཕྱིན་ནས་མཚམས་ཐིག་གཉིས་པ་གདབ་བོ། །དེ་ནས་སློབ་མ་དེ་ཉིད་དུ་གནས་ནས་སློབ་དཔོན་གཡོན་སྐོར་གྱིས་མེར་སོང་སྟེ་ཤར་གྱི་ལོགས་ཐིག་གདབ། སློབ་དཔོན་དེ་ཉིད་དུ་གནས་སློབ་མ་གཡོན་སྐོར་གྱིས་བདེན་བྲལ་དུ་གནས་ཏེ་ལྷོའི་ལོགས་ཐིག་གདབ། དེ་ནས་སློབ་མ་དེ་ཉིད་དུ་གནས་པ་དང་བླ་མ་རླུང་དུ་སོང་ལ་ནུབ་ཀྱི་ལོགས་ཐིག་གདབ། བླ་མ་དེ་ཉིད་དུ་གནས་ལ་སློབ་མ་གཡོན་སྐོར་གྱིས་དབང་ལྡན་དུ་སོང་ལ་བྱང་གི་ལོགས་ཐིག་གདབ་བོ། །དེ་ལྟར་ན་གཡོན་སྐོར་དུ་འགྲོ་བ་མ་འཁྲུལ་བ་དང༌། ལོགས་ཀྱི་ཐིག་རྗེས་རྣམས་གཡས་སྐོར་དུ་འོང་བ་དང༌། འཇིག་རྟེན་པའི་དབང་ལྡན་དུ་བླ་མ་མི་འགྲོ་བ་དང༌། རྣལ་འབྱོར་པའི་ཕྱོགས་དང་འཇིག་རྟེན་པའི་ཕྱོགས་སོ་སོར་ཤེས་པར་བྱ་བ་གལ་ཆེའོ། །ཐིག་གིས་བྲི་བ་རྣམས་བསྟན་ཟིན་ཏོ།།  །།དཀྱིལ་འཁོར་གྱི་སྤྱོད་པ་བཞི་པའམ། ཡང་ན་བྲི་བ་གཉིས་པ་ཚོན་གྱིས་བྲི་བ་ནི། རྡུལ་ཚོན་རབ་རིན་པོ་ཆེ། འབྲིང་འབྲས་ལ་སོགས་པ་ལ་ཁ་དོག་བསྒྱུར་བ། ཐ་མ་ནི་དུར་ཁྲོད་ཀྱི་སོ་ཕག་ལ་སོགས་པ་སྟེ། ཐ་མ་འདི་དག་ནི་ཇི་ལྟར་ཁ་དོག་མཛེས་པའང་བསོགས་ལ། ཐམས་ཅད་ལ་ཡང་སྐྱེས་པའི་རུས་པའི་ཕྱེ་མས་གཏོར་ཏེ། ཆོས་ཐམས་ཅད་བདག་མེད་པ་རྡོ་རྗེ་འཛིན་པའི་དབུགས་དབྱུང་མཚོན་པའོ། །འདིར་ཚོན་བྱིན་གྱིས་བརླབ་སྟེ་དེ་ནི་ཐིག་གི་བྱིན་གྱིས་བརླབ་པ་དང་མཐུན་ཏེ། དེ་ནི་གོང་དུ་བརྗོད་ཟིན་ཏོ། །དེ་ནས་བྲི་བ་ནི་ཚོན་རྣམས་བླ་མའི་ཉེ་འཁོར་དུ་བཞག་ལ། བླ་མས་ལག་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས་དབང་ལྡན་གྱི་མཚམས་ནས་བརྩམས་ཏེ་གཡས་སྐོར་དུ་བྲི་བར་བྱ་སྟེ། དེ་ཡང་ནངས་ཀྱི་ནང་དུ་ནག་པོ། །དེ་ནས་ལྗང་གུ། དེ་ནས་དམར་པོ། དེ་ནས་སེར་པོ། ཕྱི་རོལ་ཏུ་དཀར་པོ་བྲི་བར་བྱ་སྟེ། དེ་ཡང་འཆི་བའི་སྐྱོན་སྤང་བར་བྱ་བའི་ཕྱིར་མ་ཆད་པ། ཕན་ཚུན་གདུངས་པའི་སྐྱོན་སྤང་བར་བྱ་བའི་ཕྱིར་ཡོན་པོ་མ་ཡིན་པ་སྟེ་དྲང་བ། བྲི་བ་དམའ་བ་དང་མི་མཉམ་ན་འབྲས་བུ་མི་འགྲུབ་པའི་ཕྱིར་མཉམ་ཞིང་མཐོ་བར་བྲི་བར་བྱ། འདྲི་བའི་དུས་སུ། ཡང་འདི་སྐད་དུ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་འགྲོལ་བྱེད་པ། །དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཉིད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་གྲོལ་བ། །ཚོན་གྱི་ལས་ནི་ཡང་དག་བརྩམ། །ཞེས་བརྗོད་ཅིང་བྲི་བར་བྱའོ། །དེ་ནས་ཡིད་ཀྱིས་མཆོད་པ་ལྔ་ཕུལ་ལ། ཐོད་པས་ཁ་བཅད་དེ་རྡོ་རྗེ་ལ་ཡེ་ཤེས་ཀྱི་ཐིག་སྐུད་དཀྲིས་པས་སྟེང་ནས་མནན་ལ། ཕྱིས་དེའི་མཚམས་སུ་སླེབ་སླེབ་ཏུ་ཁ་མི་དབྱེ་བར་གཞག མཚམས་སུ་སླེབ་པ་དང་ཁ་ཕྱེ་ལ་ཚོན་པྲ་བརྟག་སྟེ། ཆད་པ་ལ་སོགས་པ་མཚན་མ་ངན་ན་སྦྱིན་སྲེག་དང༌། གཏོར་མ་ལ་སོགས་པས་བགེགས་གཞོམ་པ་དང༌། དཀོན་མཆོག་མཆོད་དེ་གསོལ་བ་གདབ་པ་ལ་སོགས་པ་བྱའོ། །དེ་ལྟར་དབང་ལྡན་གྱི་རྩིག་པ་བྲི་བ་ཟིན་ནས། ཐོད་པ་དང་རྡོ་རྗེ་མནན་པའི་རྗེས་ཐོགས་ལ་སྔར་གྱི་ཕུར་བུ་ཕྱུང་སྟེ། ཕུར་བུའི་རྗེས་ཚོན་གྱིས་དགང་བ་ནི། ནངས་ཀྱི་འོག་ཏུ་དཀར་པོ། དེ་ནས་སེར་པོ། དེ་ནས་དམར་པོ། དེ་ནས་ལྗང་གུ། དེ་ནས་སྔོན་པོས་དགང་ངོ༌། །དེ་ཡན་ཆད་རྡོ་རྗེ་སློབ་དཔོན་འབའ་ཞིག་གི་ལས་ཡིན་ནོ། །དེ་ནས་ནི་སློབ་མ་རྣམས་ཀྱིས་བྲི་བར་བྱའོ། །དེའང༌། སློབ་དཔོན་གྱིས་ནི་དང་པོར་དགྱེ། །ཕྱི་ནས་ཀུན་ཏུ་སློབ་མས་སོ། །ཞེས་འབྱུང་བས་སོ། །དེ་ལ་ཚོན་གྱི་ཁ་དོག་ནི་འདི་ཡིན་ཏེ། ལྟེ་བ་ནག་པོ། གེ་སར་སེར་པོ། པདྨའི་འདབ་མ་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང༌། མཚམས་ཀྱི་འདབ་མ་དང་གོང་རས་ཅི་མཛེས་བྲི། གྲི་གུག་གི་རྭ་བའི་གཞི་ཚོན་སྔོན་པོ་ལ་གྲི་གུག་ནག་པོ། འཁོར་ལོ་གསུམ་གྱི་གཞི་ནི་སྔོན་པོ་སྟེ། ཨིནྡྲ་ནཱི་ལའི་ས་གཞི་ལ། །འཁོར་ལོ་གསུམ་གྱི་བདག་ཉིད་བསམ། །ཞེས་འབྱུང་བས་སོ། །འཁོར་ལོ་རྣམས་ཀྱི་རྩིབས་ནི་ཐུགས་ཀྱི་སྔོ་སྐྱ། གསུང་གི་དམར་པོ། སྐུའི་དཀར་པོ། རྭ་བ་རྣམས་དང༌། ཀ་བ་རྣམས་ཀྱི་གཞི་ཚོན་ནི་སེར་པོ་སྟེ། ངོ་བོ་ལ་སྔོན་པོར་འོང་ཡང་ཁ་དོག་འདྲེས་པའི་སྐྱོན་སྤང་བའི་ཕྱིར་སེར་པོར་བྱས་ན་མཛེས་སོ། །འཁོར་ལོ་གསུམ་གྱི་རྭ་བ་དང་ཀ་བ་ལ་སོགས་པ་རང་རང་གི་ཁ་དོག་དང་མཐུན་ནོ། །སྒོའི་ཕྱོགས་ནི་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང༌། རྩིག་པ་ལྔ་ནི་བརྗོད་ཟིན་ཏོ། །འདོད་ཡོན་དམར་པོ་ལ་ལྷ་མོའི་མཚན་མ་ཅི་མཛེས་སུ་གདབ་བོ། །ཕ་གུ་སེར་པོ། དྲྭ་ཕྱེད་ཀྱི་གཞི་སྔོན་པོ་ལ། དྲྭ་བ་དཀར་པོས་བྱའོ། །མདའ་ཡབ་ནི་ལྗང་གུའམ་སྣ་ཚོགས་སུ་བྱའོ། །ཕྱི་རོལ་གྱི་ས་གཞི་ནི་ཉི་མའི་ཁ་དོག་སྟེ་ལྗང་སེར་དུ་བྱའོ། །རྡོ་རྗེའི་རྭ་ནི་སྒོའི་ཁ་དོག་དང་མཐུན་ནོ། །དེ་ནས་དུར་ཁྲོད་བརྒྱད་ཀྱི་ས་གཞི་སྒོའི་ཕྱེད་ཚད་ཙམ་ཞིག་བཞག་ནས་ཕྱོགས་སྐྱོང་དང༌། ཤིང་དང༌། ཞིང་སྐྱོང་དང༌། སྤྲིན་དང༌། ཀླུའི་དབང་པོ་རྣམས་ནི་ཅིས་ཀྱང་དགོས་ལ་མཆོད་རྟེན་དང་མེ་ལ་སོགས་པ་ནི་ཅི་གྲུབ་པ་བྲིས་ཏེ། གཞིའི་ཚོན་དང་དེ་དག་ནི་ཇི་ལྟར་མཛེས་པར་བྱའོ། །དེ་ནས་རྡོ་རྗེ་རྭ་བའི་གཞི་སྔོན་པོ་ལ་རྡོ་རྗེ་དཀར་པོར་བྱའོ། །མེ་རིའི་གཞི་སེར་པོ་ལ་དམར་པོས་བྲིའོ། །དེ་ནས་ལྷའི་མཚན་མ་དགོད་པ་ནི། ལྟེ་བར་རྡོ་རྗེ་དང་གྲི་གུག་སྔོན་པོ། ཤར་དུ་རྡོ་རྗེ་ཁ་ཊྭཱཾ་ག་སྔོ་སྐྱ། བྱང་དུ་རལ་གྲི་ཁ་ཊྭཱཾ་ག་ལྗང་སྐྱ། ནུབ་ཏུ་པདྨ་ཁ་ཊྭཱཾ་ག་དམར་སྐྱ། ལྷོར་རིན་ཆེན་ཁ་ཊྭཱཾ་གསེར་སྐྱ། མཚམས་སུ་བུམ་པ་སེར་པོ་གཞིའི་སྟེང་དུ་ཐོད་པ་དཀར་པོ། ཐུགས་ཀྱི་འཁོར་ལོ་ལ་རྡོ་རྗེ་གྲི་གུག་སྔོ་སྐྱ། གསུང་གི་འཁོར་ལོ་ལ་པདྨ་གྲི་གུག་དམར་སྐྱ། སྐུའི་འཁོར་ལོ་ལ་གྲི་གུག་དཀར་པོ། སྒོ་མའི་ལ་སྒོའི་ཁ་དོག་དང་མཐུན་པ། མཚམས་མ་བཞི་ནི་ཕྱེད་ཕྱེད་སྒོའི་ཁ་དོག་དང་མཐུན་པས་ཕྱེད་པ་སྟེ། སྔོ་སེར་ལ་སོགས་པ་བརྒྱད་ཀ་ཡང་གྲི་གུག་རྩེ་མོ་ཕྱིར་བསྟན་པ་ཡིན་ནོ། །གཙོ་བོ་དང་འཁོར་ལོ་གསུམ་ལ་ཡབ་ཀྱི་མཚན་མ་ནི་གཡས་སུ་བྲི་ལ། ཡུམ་གྱི་མཚན་མ་ཡང་གཡོན་དུ་བྲིའོ། །ལྷ་ཐམས་ཅད་ལ་ཡང་ཐུན་མོང་དུ་གདན་པདྨ་དང་ཉི་མ། རྒྱབ་ཡོལ་མེ་འོད་རེ་བྱའོ། །དཀྱིལ་འཁོར་བྲི་བར་མི་འགྲུབ་པའི་གང་ཟག་གིས་བྲིས་སྐུ་ཙམ་ལ་བརྟེན་ནས་བྱེད་ན། རས་ལ་སོགས་པ་གཙང་མའི་གདན་གྱི་སྟེང་དུ་བྲིས་སྐུ་ལེགས་པར་བཀྲམ་ལ་མཆོད་གཏོར་བཤམས་པའི་རྗེས་ལ་ཞལ་དབྱེའོ། །ཚོན་གྱིས་བྲི་བ་བསྟན་ཟིན་ཏོ།།  །།གང་ལྟར་ཡང་དེའི་རྗེས་ལ་རྒྱན་དགྲམ་པ་ནི་ཐོག་མར་བུམ་པ་དབུལ་ཏེ། རྣམ་རྒྱལ་གྱི་བུམ་པ་ནི་འཇུག་པའི་སྒོའི་ཤར་དང༌། ཤར་ལྷོའི་བར་དེར་གཞག ལས་ཐམས་ཅད་པའི་བུམ་པ་ནི་འཇུག་པའི་སྒོའི་ཤར་དང་བྱང་ཤར་གྱི་བར་དེར་གཞག གཞན་སྒོ་མཚམས་མ་བརྒྱད་ཀྱི་བུམ་པ་ནི་ཕྱོགས་མཚམས་བརྒྱད་དུ་གཞག་གོ །དེ་ནས་དཀྱིལ་འཁོར་གྱི་ཁོ་ར་ཁོར་ཡུག་ཏུ་མེ་ཏོག་ལ་སོགས་པའི་མཆོད་པ་ཇི་ཙམ་འབྱོར་ཚད་བཤམ། ནང་གི་མཆོད་པ་དང༌། ཀུ་ཤ་དང༌། རས་ཟུང་གི་མཆོད་པ་ཡང་བཤམ། གཏོར་མ་ནི་སྔོན་དུ་འགྲོ་བའི་གཏོར་མ་དང༌། ཚོགས་དང་འབྲེལ་བའི་གཏོར་མ་གཉིས་ཏེ་གསུམ་བཤམ། གཞན་ཡང་དཀྱིལ་འཁོར་ལ་དགོས་པའི་ཡོ་བྱད་ཏིང་ལོ་དང༌། ཆང་བུ་དང༌། གཏོར་མ་དང༌། ཡུངས་ཀར་དང༌། གུ་གུལ་དང༌། མེ་ལོང་ཡང་སྟ་གོན་བྱ། སློབ་མ་ལ་དགོས་པའི་ཡོ་བྱད་གདོང་གཡོགས་དང༌། མེ་ཏོག་ཕྲེང་བ་དང༌། ཡང་སྔར་དཀྱིལ་འཁོར་ལ་དགོས་པའི་ཡོ་བྱད་བཞིན་ཏིང་ལོ་དང༌། ཆང་བུ་དང༌། གཏོར་མ་དང༌། ཡུངས་ཀར་དང༌། གུ་གུལ་དང༌། ཏིལ་དང༌། མེ་ཏོག་ཕྲེང་བ་དང༌། དབུ་རྒྱན་དང༌། རྡོ་རྗེ་དང༌། དྲིལ་བུ་དང༌། མེ་ལོང་དང༌། འཁོར་ལོ་དང༌། འབུད་དུང་དང༌། པུ་སྟི་རྣམས་ཀྱང་སྟ་གོན་བྱའོ། །དེ་ནས་ཕྱི་དྲོའི་དུས་སུ་དམ་ཚིག་དང་ལྡན་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་སྤྱན་དྲངས་ལ་གྲལ་བྱ། སྔོན་དུ་འགྲོ་བའི་གཏོར་མ་བཏང༌། མཆོད་པ་བྱིན་དབབ། མཎྜལ་དང་མེ་ཏོག་ཕྲེང་བ་ཕུལ་ལ་ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ། ཡི་གེ་བརྒྱ་པས་རྒྱུད་སྦྱང༌། དེ་ནས་བདག་ཉིད་ལྷའི་རྣལ་འབྱོར་རྫོགས་པར་བསྐྱེད། བདག་ཉིད་ལ་ཚེས་བཅུའི་དུས་བཞིན་མཆོད་པ་ཅི་གྲུབ་བྱ། དེ་ནས་བདག་གི་དཀྱིལ་འཁོར་སྣ་བུག་གཉིས་ནས་སྙིང་གར་བསྡུ། དེ་ནས་མདུན་གྱི་དཀྱིལ་འཁོར་གྱི་བྱ་བ་བྱས་ཏེ། དེ་ལ་རྡུལ་ཚོན་གྱིས་བྲིས་པའམ། རས་བྲིས་ཀྱི་དཀྱིལ་འཁོར་དེ་ལ་བགེགས་སྦྱང་བ་དང༌། བདག་དང་སློབ་མ་གཉིས་ཀའི་སྡིག་པ་སྦྱང་བ་དང༌། དཀྱིལ་འཁོར་གྱི་དྲི་མ་སྦྱང་བའོ། །དང་པོ་ནི་གསུམ་སྟེ། ཞི་བ་དང༌། ཞི་དྲག་ཕྱེད་མ་དང༌། དྲག་པོས་སྦྱང་བའོ། །དང་པོ་ནི། གཏོར་མ་གཅིག་ལ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིནྟེ་སྭཱ་ཧཱ། ཞེས་བྱ་བས་གཡས་སུ་བསྐོར་ཞིང་བཏང་སྟེ་ཞི་བས་སྦྱང་བའོ། །གཉིས་པ་རྫས་ཞི་བ་ལ་སྔགས་དྲག་པས་ཞི་དྲག་ཕྱེད་མས་སྦྱང་བ་ནི། ཏིང་ལོ་དང་ཆང་བུ་གཅིག་ལའང་སུམྦྷ་ནི་ལ་སོགས་པ་བརྗོད་ལ་བསྐོར་ཞིང་བཏང་ངོ༌། །གསུམ་པ་རྫས་དང་སྔགས་གཉིས་ཀ་དྲག་པོས་སྦྱང་བ་ནི། གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བརྡེག་ཅིང༌། སུམྦྷ་ནི་ལ་སོགས་པ་བཟླས་པ་ནི་དྲག་པོའི་སྦྱང་བའོ། །དེ་ནས་བདག་དང་སློབ་མ་གཉིས་ཀྱི་སྡིག་པ་སྦྱང་བ་ནི། གཡས་སུ་མེ་དང༌། གཡོན་དུ་ཆུ། མདུན་དུ་ཏིལ་བཞག་ལ། བདག་གི་སྙིང་ག་ནས་ཚེ་ཐོག་མ་མེད་པ་ནས་ཀྱི་སྡིག་པ་རྣམས་ཡི་གེ་ཀྃ་གི་རྣམ་པས་བྱུང་ནས་སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ནས་མདུན་གྱི་ཏིལ་ལ་ཐིམ་པར་བསམས་ལ། ལག་པ་གཉིས་ཀའི་མཐེབ་སྲིན་གྱིས་ཏིལ་བླངས་ལ། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨིངྐུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་གཡས་ཀྱི་མེར་བསྲེག གཡོན་གྱི་ཆུར་བླུགས་ལ། དེ་ནས་མེ་དེ་ཡང་གཡོན་གྱི་ཆུར་བླུགས་ལ་ལམ་གྱི་བཞི་མདོར་དོར་བར་བྱའོ། །སློབ་དཔོན་དང་སློབ་མ་གཉིས་ཀྱི་སྡིག་པ་སྦྱང་བའོ། །དེ་ནས་དཀྱིལ་འཁོར་ལ་མེ་ལོང་བསྟན་ཏེ། མེ་ལོང་གི་ནང་དུ་དཀྱིལ་འཁོར་གྱི་གཟུགས་བརྙན་འཆར་བར་བྱས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང༌། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཞེས་པ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྗོད་ཅིང་དྲི་མ་ཁྲུས་ཀྱི་བུམ་པ་རྒྱས་པར་བྱེད་ན་བརྒྱད་དམ། བསྡུ་ན་གཅིག་ལས་མེད་ཀྱང་རུང་སྟེ། ལོགས་སུ་བཅས་པ་ཡོད་ན་དེའི་ཆུས་བཀྲུ། དེ་མེད་ན་ལས་ཐམས་ཅད་པའི་བུམ་པའི་ཆུས་རྡུལ་ཚོན་ནམ། བྲིས་སྐུ་འདྲི་མཁན་གྱི་ལྷ་བཟོས་ལ་སོགས་པའི་མི་གཙང་བའི་དྲི་མ་ཐམས་ཅད་བཀྲུའོ། །དེ་ནས་རས་སམ་དར་ལ་སོགས་པ་གཙང་མས་སྐུ་ཕྱིས་ལ་མཁའ་འགྲོ་ལྔའི་ས་བོན། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿཞེས་ངག་ཏུ་བརྗོད་ཅིང་དངོས་སུ་དཀྱིལ་འཁོར་ལ་བྱེད་པར་བསམས་ལ། མེ་ལོང་གི་ངོས་ལ་དྲིའི་ཐིག་ལེ་ལྔ་བྱའོ། །དེ་ནས་སློབ་དཔོན་བདག་ཉིད་ཀྱང་གདོང་ལ་སོགས་པ་བཀྲུའོ། །བྲི་བ་དང༌། རྒྱན་དགྲམ་པ་བསྟན་ཟིན་ཏོ།།  །།དེ་ནས་དཀྱིལ་འཁོར་གྱི་སྤྱོད་པ་ལྔ་པ་བསྐྱེད་ཅིང་བྱིན་གྱིས་བརླབ་པ་ལ། དང་པོ་བསྐྱེད་པ་ནི། རྡུལ་ཚོན་ནམ། རས་བྲིས་ཀྱི་དཀྱིལ་འཁོར་དེ་སྔར་སྟ་གོན་གྱི་སྐབས་སུ་བཤད་པ་བཞིན་མི་དམིགས་པའི་སྟོང་པ་ལས་པྃ་ལས་པདྨ། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལྗང་གུ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བ་ལ་ཧཱུྃ་གིས་མཚན་པ་བསམ། དེའི་ལྟེ་བའི་ཧཱུྃ་ལས་འོད་འཕྲོས་པས་སྲུང་བའི་འཁོར་ལོ་ཇི་ལྟ་བ་བཞིན་དུ་བསམ། དེའི་ནང་དུ་འབྱུང་བ་རིམ་བརྩེགས་ལུགས་བཟློག་རི་རབ་ཐིག་ལེ་སེར་པོ་དང་བཅས་པར་གྱུར་པ་ལས་ལུགས་འབྱུང་གཞལ་ཡས་ཁང་དང་བཅས་པ་བསྐྱེད། པུ་ཛཱ་ལ་སོགས་པ་ངག་ཏུ་བརྗོད་ཅིང༌། དེར་རང་བཞིན་གྱིས་གྲུབ་པའི་ཡུལ་ཉི་ཤུ་རྩ་བཞི་དུར་ཁྲོད་དང་བཅས་པ་ཡང་བསམས་ལ། དེ་དག་གི་དབུས་སུ་ཨཱ་ལི་ལས་ཟླ་བ། ཀཱ་ལི་ལས་ཉི་མ། བར་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་ལྷ་སུམ་ཅུ་སོ་བདུན་དུས་གཅིག་ཏུ་རྫོགས་པར་བསྐྱེད་ལ། དེ་ལ་གོ་ཆ་བཅིང༌། ཡེ་ཤེས་པ་བཅུག དབང་བསྐུར་ཞིང་རྒྱས་གདབ་པའི་བར་དུ་བྱའོ། །དེ་ནས་ལྷ་རྣམས་བྱིན་གྱིས་བརླབ་པར་བྱ་སྟེ། དབྱུག་པ་གཅིག་གི་རྩེ་མོ་ལ་ལས་ཀྱི་རྡོ་རྗེ་སྐུད་པས་བཅིངས་ལ་དེ་ལ་གཟུངས་ཐག་བཏགས་ཏེ། བླ་མས་གཟུངས་ཐག་ནས་བཟུང་བ་ལས་ཀྱི་རྡོ་རྗེ་སློབ་མས་དབྱུག་པ་བཟུང་སྟེ། ལྷ་གང་བྱིན་གྱིས་བརླབ་པའི་གནས་དེར་རྡོ་རྗེའི་རྩེ་མོས་རེག་ཅིང་བྱིན་གྱིས་བརླབ་པའི་སྔགས་རྣམས་བརྗོད་པར་བྱ་སྟེ། དེ་ལ་དྲུག་ཡོད་པ་ལས། དང་པོ་རང་རང་གི་སྔགས་ཀྱི་བྱིན་གྱིས་བརླབ་པ་ནི། གཙོ་བོ་ཡབ་ཡུམ་ལ་སྙིང་པོ་གཉིས་ཀྱིས། ལྷ་གཞན་རྣམས་ལ་རང་རང་གི་སྔགས་བརྗོད་པས། ཐོད་པ་བཞི་ལ་འབྲུ་གསུམ་བརྗོད་ཅིང་བྱིན་གྱིས་བརླབ་བོ། །གཉིས་པ་མན་ཆད་ནི་ཐོད་པ་མན་ཆད་ལའང་བྱིན་གྱིས་བརླབ་པའི་སྔགས་ལ་ཁྱད་མེད་དེ། གཙོ་བོ་ནས་སྒོ་མའི་བར་དུ་རེག་ཅིང་བྱའོ། །དེ་ལ་གཉིས་པ་ནི། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཅེས་བྱ་བ་ཡུམ་གྱི་ཉེ་སྙིང་གི་བྱིན་གྱིས་བརླབ་བོ། །གསུམ་པ་ནི། ཨོཾ་ཀཱ་ཀཱ་སྱེ། ཨུ་ལཱུ་ཀཱ་སྱེ། ཤྭ་ནཱ་སྱེ། ཤུ་ཀ་རཱ་སྱེ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་སྒོ་མ་བཞིའི་སྔགས་ཀྱི་བྱིན་གྱིས་བརླབ་བོ། །དེ་ནས་བཞི་པ་ནི་ངག་ཏུ་ཨཱ་ལི་ཟློས་ཤིང་དེ་བཞིན་དུ་ལྷ་ཐམས་ཅད་ཀྱི་གནས་སུ་རེག་པ་ནི་ལྷ་ཐམས་ཅད་ལ་འདྲ་སྟེ། ཨཱ་ལིའི་བྱིན་གྱིས་བརླབ་པའོ། །ལྔ་པ་ཀཱ་ལི་ཟློས་ཤིང་ཀཱ་ལིའི་བྱིན་གྱིས་བརླབ་སྟེ། ཨཱ་ལི་ཀཱ་ལི་གཉིས་ལ་མགོར་ཨོཾ་དང་མཐར་ཧཱུྃ་ཧཱུྃ་ཕཊ། ཅེས་པ་ཡང་སྦྲེལ་ལོ། །དེ་ནས་དྲུག་པ་ཡི་གེ་བརྒྱ་པའི་བྱིན་གྱིས་བརླབ་པས་བརྟན་པར་བྱའོ། །བསྐྱེད་ཅིང་བྱིན་གྱིས་བརླབ་པ་བསྟན་ཟིན་ཏོ།།  །།དེ་ནས་དཀྱིལ་འཁོར་གྱི་སྤྱོད་པ་དྲུག་པ་མཆོད་པ་བྱ་བ་ནི། སྔགས་དང༌། ཕྱི་མཆོད། རིག་མ་བཅུ་དྲུག རིན་ཆེན་སྣ་བདུན། འདོད་ཡོན་ལྔ། བདུད་རྩི། མཉེས་མཆོད། ཡིད་ལས་བྱུང་བའི་མཆོད་པ། བསྟོད་པ་གང་རུང་གིས་བསྟོད་པ་ནི་ཚེས་བཅུའི་མཆོད་པ་བཞིན་བྱས་ལ། རས་ཟུང་དང་ཀུ་ཤ་དང་འཁྱུད་པའི་མཆོད་པ་གསུམ་ནི་སྔར་སྟ་གོན་གྱི་སྐབས་སུ་བསྟན་པ་བཞིན་བྱའོ། །སངས་རྒྱས་ལ་མཆོད་པའོ། །དེ་ནས་དུར་ཁྲོད་ཀྱི་བདག་པོ་ལ་གཏོར་མ་རྒྱ་ཆེན་པོ་བཏང༌། དེ་ནས་ཚོགས་ཀྱི་ཡོ་བྱད་བླངས་ལ་བྱིན་གྱིས་བརླབས་ནས་ཕུད་བླ་མ་དང་དཀྱིལ་འཁོར་དང་གཏོར་མ་ལ་ཕུལ་ལ། དམ་ཚིག་ཅན་གྱི་སྐྱེ་བོའི་ཚོགས་པ་རྣམས་ལ་བཟའ་བཏུང་གི་ལོངས་སྤྱོད་ཀྱིས་ཚིམ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སྤྱོད་པ་བདུན་པ་འཇུག་པ་ལ་སློབ་དཔོན་བདག་ཉིད་ཀྱིས། དཀྱིལ་འཁོར་གྱི་གཙོ་བོ་ལ་དཀྱིལ་འཁོར་དུ་འཇུག་པ་ནས་བཟུང་སྟེ། སློབ་མ་ལ་ཇི་ཙམ་བསྐུར་ཚད་ཀྱི་དབང་བླང་ངོ༌། །དེའང་བདག་འཇུག་འདི་ནི་ལྷག་མ་ལ་སོགས་པ་མ་བསྡུས་པའི་སྔོན་དུ་བྱས་ཀྱང་བཏུབ། ཡང་ན་ལྷག་མ་ལ་སོགས་པ་ཚོགས་ཀྱི་འཁོར་ལོའི་མཇུག་རྫོགས་ནས། བདག་འཇུག་བྱས་པའི་རྗེས་ལ་བར་མ་ཆད་པར་སློབ་མ་འཇུག་པ་བྱས་ཀྱང་བཏུབ་སྟེ། ཕྱག་ལེན་ལ་ནི་གཙོར་གཞན་ཚོགས་ལ་ལོངས་སྤྱོད་པའི་སྐབས་འདིར་བདག་འཇུག་བྱས་ནས་དེ་ཟིན་པ་དང༌། ལྷག་མ་བསྡུས་ཏེ་གཏང༌། བཀྲ་ཤིས་བརྗོད། ཡི་གེ་བརྒྱ་པས་ཆོ་ག་ལྷག་ཆད་ཁ་བསྐང༌། སྨོན་ལམ་གདབ། འཇིག་རྟེན་པའི་གཏོར་མ་བཏང༌། ཆོ་ག་བལྟ་བར་མི་འདོད་པ་རྣམས་བསྲུང་བ་བྱས་ལ་རང་རང་གི་གནས་སུ་གཏང་ངོ༌། །དེ་ཙམ་གྱིས་ནི་དཀྱིལ་འཁོར་ཆེན་པོ་མཆོད་ཅིང་བདག་འཇུག་པའི་ཆོ་ག་བསྟན་ཟིན་ཏོ།།  །།དེ་ནས་སློབ་མ་དཀྱིལ་འཁོར་དུ་འཇུག་པ་ལ་གཉིས། ཕྱིའི་འཇུག་པ་དང༌། ནང་འཇུག་གོ །དང་པོ་ལ་བདུན། ཡོན་དབུལ་བ་དང༌། བདེན་པའི་སྟོབས་བརྗོད་པ་དང༌། གདོང་བཅིང་བ་དང༌། མེ་ཏོག་ཕྲེང་བ་གཏད་པ་དང༌། འདོད་པ་དྲི་ཞིང་ལན་གདབ་པ་དང༌། ནང་གི་སེམས་བསྐྱེད་པ་དང༌། གསང་བར་གདམས་ཏེ་ནང་དུ་འཇུག་པའོ། །དང་པོ་ནི། སློབ་མ་རྣམས་ཁྲུས་བྱེད་དུ་བཅུག་སྟེ་ནང་དུ་བོས་ནས། ཡོལ་བའི་ཕྱི་རོལ་དུ་གྲལ་ལ་རིམ་གྱིས་འཁོད་དུ་གཞུག མཎྜལ་དང་འཇུག་པའི་ཡོན་ཕུལ་ལ། སློབ་དཔོན་གྱིས་ལས་ཐམས་ཅད་ཀྱི་བུམ་པ་དང༌། གདོང་གཡོགས་དང༌། མེ་ཏོག་གི་ཕྲེང་བ་དང༌། རྡོ་རྗེ་ཁྱེར་ལ་ལྷའི་ང་རྒྱལ་བརྟན་པར་བྱ། གཉིས་པ་སློབ་མ་རྣམ་སྣང་དུ་བསྐྱེད་ལ། དེ་ནས་བདེན་པའི་སྟོབས་བརྗོད་པ་ནི། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་འབྱུང༌། །དེ་བཞིན་དེ་ཉིད་ངེས་པར་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་དྲི་མེད་མཐོང་བར་ཤོག །ཅེས་ལན་གསུམ་བརྗོད་དོ། །གསུམ་པ་གདོང་བཅིངས་བ་ནི། ཨཱ་ཁཾ་བཱི་ར་ཧཱུྃ་ཞེས་བརྗོད་ལ་གདོང་གཡོགས་དར་དམར་པོས་བཅིང༌། བཞི་པ་མེ་ཏོག་གི་ཕྲེང་བ་ལག་ཏུ་གཏད་ལ། ལས་ཐམས་ཅད་པའི་བུམ་པའི་ཆུས་སྤྱི་བོ་ནས་བྲན་ཞིང་སུམྦྷ་ནི་བཟླས་སོ། །དེ་ནས་ལྔ་པ་འདོད་པ་དྲི་བ་ནི། ཁྱོད་སུ་ཡིན་ཅི་ལ་དགའ་ཞེས་ལན་གསུམ་དྲིའོ། །སློབ་མས་སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །ཞེས་པས་ལན་གདབ་བོ། །དེ་ནས་དྲུག་པ་ཕྱིའི་འཇུག་པ་ཕྱི་ནང་གི་སེམས་བསྐྱེད་པ་ནི་སྙིང་གར་རྡོ་རྗེ་བཟུང་ལ། སྙིང་གའི་ནང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཤིན་ཏུ་འོད་འཕྲོ་བར་བསྒོམ་དུ་བཅུག་ལ། བདག་གིས་ཀྱང་བསམ་ཞིང༌། ངག་ཏུ་ཨོཾ་བཛྲ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། སུ་ར་ཏེ་ས་མ་ཡ་སྟྭཾ། ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད་ཅིང༌། དེ་ནས་བདུན་པ་གསང་བར་གདམས་ཤིང་ནང་དུ་གཞུག་པ་ནི། སློབ་དཔོན་གྱིས་ཡོལ་བའི་ཕྱི་རོལ་དུ་དམ་ལ་གཞག་པ་ནི། འདི་སྐད་བརྗོད་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རློབ་པར་འགྱུར་གྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་ཞིང༌། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་བརྗོད་དེ་དེ་ནས་ཧཱུྃ་ཛཿཧཱུྃ་ཞེས་བརྗོད་ཅིང་སློབ་མའི་ལག་པ་གཡས་པ་ནས་རྡོ་རྗེས་དྲངས་ལ་ཡོལ་བའི་ནང་དུ་གཞུག་ཅིང༌། དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་སྒོ་ནས་ཞུགས་ནས་གཙོ་བོ་ཞལ་བཞི་ཕྱག་བཅུ་གཉིས་པའི་དྲུང་དུ་འདུག་པར་མོས་ཤིག ཅེས་བརྗོད་དོ། །དེ་ཙམ་གྱིས་ནི་ཕྱིའི་འཇུག་པའོ། །དེ་ནས་གཉིས་པ་ནང་འཇུག་ལ་བཅུ་དྲུག་སྟེ། དམ་ཚིག་བསྒྲགས་པ་དང༌། བསྲུང་བ་བྱ་བ་དང༌། ལྷར་བསྐྱེད་ཅིང་གོ་ཆ་བཅིང་བ་དང༌། དཔའ་བོ་བསྐུལ་བ་དང༌། ཕྱག་དང་སྐྱབས་འགྲོ་གསོལ་བ་གདབ་པ་དང་བཅས་པ་དང༌། སྦྱང་བ་བྱ་བ་དང༌། ལྷར་བསྐྱེད་པ་དང༌། ཕྱག་བྱ་བ་དང༌། སྡོམ་པ་གཟུང་བ་དང༌། དམ་ལ་གཞག་པ་དང༌། གསོལ་བ་གདབ་པ་དང༌། ཡེ་ཤེས་དབབ་བཅིང་བརྟན་པར་བྱ་བ་དང༌། ནམ་མཁའི་ཁ་དོག་དྲི་བ་དང༌། མེ་ཏོག་ཕྲེང་བ་གཏོར་བ་དང༌། མགོ་ལ་བཅིང་བ་དང༌། གདོང་གཡོགས་ཕྱེ་ལ་དཀྱིལ་འཁོར་བསྟན་པའོ། །དང་པོ་ནི། སློབ་དཔོན་གྱིས། གོང་ནས་གོང་མའི་སྡོམ་པ་ནི། །བུ་ཁྱོད་ཀྱིས་ནི་གཟུང་བྱ་སྟེ། །གྲོལ་བའི་རྒྱུ་ནི་དེ་ལས་གཞན། །ཐབས་ནི་ཅུང་ཟད་ཡོད་མ་ཡིན། །ཞེས་བརྗོད་ལ་སྡོམ་པ་བསྒྲགས་སོ། །དེ་ནས་གཉིས་པ་ཡི་གེ་བདུན་པ་བརྗོད་ཅིང་བདུད་རྩི་ཁར་བླུགས་ལུས་ལ་ཡང་གཏོར་རོ། །དེ་ནས་གྲུབ་ན་སྟ་གོན་བཞིན་སྤྲོ་བ་བསྐྱེད་དེ་ཕྱག་ལེན་ལ་ནི་མི་མཛད་དེ། དེ་ནས་གསུམ་པ་སློབ་མ་ལྷག་པའི་ལྷར་མོས་ལ་གོ་ཆ་དགོད། དེ་ནས་བཞི་པ་དཔའ་བོ་བསྐུལ་བ་ནི། སློབ་མ་རྣམས་ཀྱང་འོག་མ་འོག་མའི་མཐེ་བོང་གཡས་པ་རྣམས་གོང་མ་གོང་མའི་ལག་པ་གཡོན་པས་བཟུང༌། སློབ་མའི་གཙོ་བོའི་མཐེ་བོང་གཡས་པ་སློབ་དཔོན་གྱི་གཡོན་པས་བཟུང་ལ། ཨོཾ་ཤྲཱི་ཧེ་རུ་ཀཱ་ཡ་བིདྨ་ཧེ། བི་དྱཱ་རཱ་ཛ་ཡ་དྷི་མ་ཧེ་སྭཱ་ཧཱ། ཞེས་རང་གི་སེམས་ཉིད་ལ་དཔའ་བོ་བསྐུལ་ལོ། །དེ་ནས་ལྔ་པ་ཕྱག་དང་སྐྱབས་འགྲོ་གསོལ་གདབ་དང་བཅས་པ་ནི། སློབ་མ་རྗེས་ཟློས་བྱེད་དུ་བཅུག་ལ་སློབ་དཔོན་གྱིས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་པས་བླ་མ་ལ་ཕྱག་འཚལ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །ཞེས་པས་སྐྱབས་འགྲོ་བྱ། དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །རྣལ་འབྱོར་གནས་ལ་བདག་ཕྱག་འཚལ། །ཞེས་པས་ལྷག་པའི་ལྷ་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་བྱའོ། །དེ་ནས་སློབ་མས་སློབ་དཔོན་ལ་གསོལ་བ་གདབ་པ་ནི། དོན་དམ་སྨྲ་བའི་སེང་གེ་རྣལ་འབྱོར་ཞེས་བྱ་བ། །ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་བརྒྱ་བསྐྱེད་རྩ་ཉོན་མོངས་ཆོམ་མཛོད་ལ། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་བདག་ལ་གྲུབ་པར་མཛོད། །ཅེས་ལན་གསུམ་དུ་གསོལ་བ་གདབ། དེ་ནས་སློབ་དཔོན་གྱིས་ལྷ་ལ་གསོལ་བ་གདབ་པ་ནི། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་བོ། །དེ་ནས་དྲུག་པ་སྦྱང་བ་ནི། གྲུབ་ན་སྔར་དཀྱིལ་འཁོར་ལ་བྱས་པ་བཞིན་བགེགས་སྦྱང་བ་དང༌། སྡིག་པ་སྦྱང་བ་དང༌། བུམ་པའི་ཆུས་དྲི་མ་སྦྱང་བ་དང་གསུམ་ཀ་བྱའོ། །མ་གྲུབ་ན་བགེགས་སྦྱང་བ་ཙམ་ལ་བརྟེན་ཀྱང་རུང་ངོ༌། །དེ་ནས་བདུན་པ་ནང་དུ་འཇུག་པ་དངོས་ནི། སློབ་མ་སྐད་ཅིག་གིས་སྟོང་པར་བསྒོམས་ལ། སྟོང་པའི་ངང་ལས་མངོན་བྱང་ལྔའམ་སྐད་ཅིག་ཙམ་གྱིས་ཧེ་རུ་ཀ་ཕྱག་བཅུ་གཉིས་པར་བསྐྱེད། དེའི་སྙིང་གར་ཡེ་ཤེས་ཀྱི་དཀྱིལ་འཁོར་རྫོགས་པར་བསྐྱེད། ཡེ་ཤེས་པ་རྣམས་ལྷའི་རྣམ་པའམ། ཨཱ་ལི་ཀཱ་ལིའི་རྣམ་པར་བཀུག་སྟེ་སློབ་མའི་སྙིང་གར་བསྟིམ་ལ། ལུས་ཐམས་ཅད་ལྷའམ་ཡིག་འབྲུའི་རྣམ་པས་ཁྱབ་པར་བསམ། དེ་ཙམ་གྱིས་ལྷ་དང་སྐལ་བ་མཉམ་པར་བྱས་ཤིང་དཀྱིལ་འཁོར་དུ་འཇུག་པའི་ངོ་བོ་ཡིན་ནོ། །དེ་ནས་བརྒྱད་པ་ཕྱག་བྱ་བ་ནི། ཨོཾ་ན་མཿཏེ་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་མ་ཧཱུྃ་སྭཱ་ཧཱ། ཞེས་བྱ་བས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་འཇུག་པའི་སྒོ་ལྷོ་ཕྱོགས་ནས་ཕྱག་གསུམ་བྱའོ། །སྤྲོས་པ་ལ་དགའ་བས་ནི་གཡོན་སྐོར་གྱིས་ཕྱོགས་ཐམས་ཅད་ནས་བྱ་སྟེ། འཇུག་པའི་སྒོ་ལྷོ་ཕྱོགས་ནས་ཐལ་མོ་སྤྱི་བོར་སྦྱར་ལ་ངག་ཏུ། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པཱུ་ཛོ་པསྠ་ནཱ་ཡ་ཨཱདྨ་ནཾ་ནིརྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་ཝཱི་ར་ཡོ་གི་ནཱི་ཨཱདྨ་ཌཱ་ཀི་ནཱི་ཨ་དྷི་ཏིཥྛ་སྭ་མཱཾ། ཞེས་བརྗོད་ཅིང་ལུས་ཐམས་ཅད་ཀྱིས་ཕྱག་བྱེད་དུ་གཞུག་གོ །དེ་ནས་གཡོན་སྐོར་ཀྱིས་འཇིག་རྟེན་པའི་ཤར་དུ་ཕྱིན་ལ། ཨོཾ་སརྦ་ཝཱི་ར་ཡོ་གི་ནཱི་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡ་ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་ཝཱི་ར་ཡོ་གི་ནཱི་ཨཱཏྨ་ལཱ་མཱ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་ལ་ཕྱག་བྱའོ། །དེ་ནས་འཇིག་རྟེན་པའི་བྱང་ནས་ཐལ་མོ་དཔྲལ་བར་བཞག་ལ། ཨོཾ་སརྦ་ཝཱི་ར་ཡོ་གི་ནཱི་པཱུ་ཛ་པྲ་ཝརྟྟ་ནཱ་ཡ་ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་ཝཱི་ར་ཡོ་གི་ནཱི་ཨཱཏྨ་ཁཎྜ་རོ་ཧཱ་པྲ་ཝཱརྟྟ་ན་ཡ་མཱཾ། ཞེས་བརྗོད་ལ་ཕྱག་བྱའོ། །དེ་ནས་འཇིག་རྟེན་པའི་ནུབ་སྒོར་ཐལ་མོ་སྤྱི་གཙུག་ཏུ་གཞག་ལ། ཨོཾ་སརྦ་ཝཱི་ར་ཡོ་གི་ནཱི་པཱུ་ཛ་ཀརྨཱ་ནི་ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་ཝཱི་ར་ཡོ་གི་ནཱི་ཨཱཏྨ་རཱུ་པ་ནི་ཀརྨ་ཀུ་རུ་མཱཾ། ཞེས་བརྗོད་ལ་ཕྱག་བྱའོ། །དེ་རྣམས་དངོས་སུ་ཕྱོགས་ཐམས་ཅད་དུ་འགྲོ་ས་མེད་ན་ཡིད་ཀྱིས་བྱེད་དུ་གཞུག་གོ །དེ་ནས་དགུ་པ་སྡོམ་པ་གཟུང་བ་ནི། འདིའི་ལུགས་ཀྱིས་སྡོམ་པ་བསྒྲགས་པ་ཙམ་གྱིས་ཀྱང་དབོག་པར་བཞེད་པས་ཐོག་མར་བསྒྲགས་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་ཡིད་འོང༌། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །བློ་ཆེན་ཁྱོད་ཀྱིས་གཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བསྒྲགས་སོ། །སློབ་དཔོན་ཁྱོད་ཀྱིས་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །རིན་ཆེན་རིགས་ལ་རྟག་ཏུ་ནི། །ཉིན་རེ་ཞིང་ཡང་ལན་དྲུག་ཏུ། །ཆོས་དང་ཟང་ཟིང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང༌། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་ཀྱིས། །ཞེས་བརྗོད་པ་ནི་སྡོམ་པ་བསྒྲགས་པའོ། །དེ་ནས་སྡོམ་པ་བསྒྲགས་པའི་སྟེང་དུ་ཡང་གཟུང་བར་འདོད་ན། སློབ་མས་སློབ་དཔོན་གྱི་རྗེས་སུ་བཟླས་པ་བྱ་བ་ནི། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གི་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱུང་བ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་པ་ལན་གསུམ་གྱིས་སྡོམ་པ་གཟུང་ངོ༌། །དེ་ནས་བཅུ་པ་དམ་ལ་གཞག་པ་ནི། དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང༌། དཔའ་བོ་དང༌། རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་ཅི་ཞིག་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་བརྗོད་དེ་ཕན་ཡོན་གྱི་སྒོ་ནས་དམ་ལ་གཞག་པའོ། །ཡང་སྙིང་གར་རྡོ་རྗེ་གཞག་སྟེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་གྱུར་ན། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བརྗོད་པ་ནི་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་གཞག་པའོ། །དེ་ནས། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་ཐོབ། །ཨོཾ་པཉྩ་ཨ་མྲི་ཏ་ཨུ་ད་ཀ་ཋཿཋཿཋཿ ཞེས་བརྗོད་ལ་བདུད་རྩི་ཁྱོར་བར་བླུགས་ལ་འཐུང་དུ་གཞུག་པ་ནི། གཉིས་ཀའི་སྒོ་ནས་དམ་ལ་གཞག་པའོ། །དེ་ནས་སྤྱི་བོར་རྡོ་རྗེ་གཞག་སྟེ། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱིས། གང་ངས་འདི་བྱོས་ཤིག་ཅེས་བསྒོ་བ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག ཁྱོད་མི་བདེ་བ་མ་སྤངས་པར་དུས་བྱས་ནས་དམྱལ་བར་འགྱུར་ཏ་རེ། ཞེས་བརྗོད་པ་ནི། རྡོ་རྗེ་སློབ་དཔོན་གྱི་བཀའ་ཉན་པའི་སྒོ་ནས་དམ་ལ་གཞག་པའོ། །དེ་ནས་བཅུ་གཅིག་པ་ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་གདབ་པ་ནི། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ཤིག དཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛོད་ཅིག ཅེས་ལན་གསུམ་བརྗོད་དུ་གཞུག་གོ །དེ་ནས་བཅུ་གཉིས་པ་ཡེ་ཤེས་དབབ་པ་ནི། རྫས་དང་སྔགས་དང་ཏིང་ངེ་འཛིན་གྱིས་བསྐུལ་ལ་དབབ་སྟེ། དེའང་གཞུང་ནས་འབྱུང་བའི་རྫས་བདུད་རྩི་ལྔ་དང༌། ཟླ་མཚན་དང་ལྡན་པའི་འདོམ་དཀྲིས་ཀྱི་རས་དང༌། བྱི་ལའི་བྲུན་རྣམས་གུ་གུལ་དང་སྦྱར་ལ་རིལ་བུར་བྱས་ཏེ། ཐོད་པའི་ནང་དུ་དུར་ཁྲོད་ཀྱི་མགལ་དུམ་ལ་མེ་སྦར་ལ་སྔར་གྱི་རྫས་དེ་དག་བསྲེགས་པའི་དུད་པས་བདུག་ཅིང༌། རྣལ་འབྱོར་པ་ཐམས་ཅད་ཀྱིས་རྡོ་རྗེ་དྲིལ་བུ་དང༌། ཅང་ཏེའུ་ལ་སོགས་པའི་སྒྲ་བྱ། ངག་ཏུ་ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ་ཌཱ་ཀི་ནཱི་ཛྭ་ལ་སཾ་བ་རཾ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའི་རྗེས་ལ། ཨོཾ་ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱ་ཝེ་ཤ་ཡ་ཧཱུྃ། ཨོཾ་ཤྲཱི་ཧེ་རུ་ཀཱ་ཡ་བིདྨ་ཧེ། བིདྱཱ་རཱ་ཛ་ཡ་དྷི་མ་ཧེ་སྭཱ་ཧཱ། ཞེས་བརྗོད་ཅིང་སློབ་མ་ལྷར་བསམས་པའི་ལུས་ལ་འབྱུང་བའི་དཀྱིལ་འཁོར་ཡང་དགོད་དེ། རྐང་པ་གཉིས་ཀྱི་འོག་ཏུ་ཡྃ་ལས་རླུང་གཡོ་བའི་བ་དན་དང་བཅས་པ་བསམ། རྐང་མཐིལ་གཉིས་སུ་ཡི་གེ་ཛྷཻཾ་ལྗང་གུ་བསམ། སུམ་མདོར་རྃ་ལས་མེའི་དཀྱིལ་འཁོར། སྙིང་གར་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ལ་རྡོ་རྗེ་ཧཱུྃ་གིས་མཚན་པ། མགྲིན་པར་བྃ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་ལ་བུམ་པ་ཨས་མཚན་པ། སྤྱི་བོར་ཨྃ་ལས་རླུང་གི་དཀྱིལ་འཁོར་ལ་ཧས་མཚན་པ་བསམས་ལ། རྐང་མཐིལ་གྱི་རླུང་གིས་ཛྷཻཾ་ཕུལ། དེས་སུམ་མདོའི་མེ་སྦར། དེས་སྙིང་གའི་ས་བསྲེགས། དེས་མགྲིན་པའི་ཆུ་བསྐོལ། རྐང་མཐིལ་གྱི་རླུང་དང་མེས་ནམ་མཁའ་ལ་བཏེག སྤྱི་བོའི་རླུང་གིས་མར་ཕུལ་བར་བསམས་པས་ནམ་མཁའ་ནས་ལུས་ཀྱི་སྟོད་ཀྱི་ཆ་ལ་ཐུགས་ཀྱི་འཁོར་ལོ་ནག་པོའི་རྣམ་པས། བར་གྱི་ཆ་ལ་གསུང་གི་འཁོར་ལོ་དམར་པོའི་རྣམ་པས། སྨད་ཀྱི་ཆ་ལ་སྐུའི་འཁོར་ལོ་དཀར་པོའི་རྣམ་པས་འཇུག་ཅིང༌། དེ་མ་ཡིན་པའི་དཔའ་བོ་དང་རྣལ་འབྱོར་མ་དཔག་ཏུ་མེད་པ་ཡང་བ་སྤུའི་བུ་ག་ནས་འཇུག་པར་བསམ་ཞིང་དབབ་བོ། །དེས་མ་ཕེབས་ན་སྤོགས་པ་ནི་ལྟེ་བར་རྡོ་རྗེ་ཕག་མོ་དང་སྙིང་གར་ཧེ་རུ་ཀ་བསམས་ལ། དེ་གཉིས་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཚང་བར་སྤྱན་དྲངས་ལ་དབབ་བོ། །དེས་ཀྱང་མ་ཕེབས་ན་ཆོ་ག་གསུམ་པ་བླ་མ་དམ་པ་སྤྱི་བོར་བསྒོམས་ལ་མོས་གུས་དྲག་པོ་བྱ་བ་སྟེ། དེ་ལྟར་སློབ་དཔོན་དང་སློབ་མ་གཉིས་ཀས་བསྒོམས་ན་མྱུར་དུ་འབབ་པར་འགྱུར་རོ། །དེ་ལ་སྐུ་བབས་པ་ན་འཕར་བ་དང་གཡོ་བ་ལ་སོགས་པ་འབྱུང་ངོ༌། །གསུང་བབས་པ་ན་སྨྲ་བ་དང་དགོད་པ་ལ་སོགས་པ་འབྱུང༌། ཐུགས་བབས་པ་ན་མི་རྟོག་པ་སྐྱེའོ། །དེ་ནས་སྐུ་གསུང་ཐུགས་གང་ལ་བབས་ཀྱང་སྤྱི་བོར་རྡོ་རྗེ་བཞག་ལ། ཏིཥྛ་བཛྲ་ཞེས་བརྗོད་པས་བརྟན་པར་བྱའོ། །དེ་ནས་བཅུ་གསུམ་པ་སློབ་མ་དཀྱིལ་འཁོར་གྱི་དྲུང་དུ་ཁྲིད་ལ་ནམ་མཁའི་ཁ་དོག་བརྟག་སྟེ། དཀར་པོ་མཐོང་ན་ཞི་བའི་ལས་འགྲུབ། སེར་པོས་རྒྱས་པ། དམར་པོས་དབང༌། ནག་པོས་དྲག་པོ། ཁ་དོག་གཉིས་གཉིས་མཐོང་ན་ལས་གཉིས་གཉིས། ལྗང་གུའམ། སྣ་ཚོགས་སུ་མཐོང་ན་ལས་སྣ་ཚོགས་འགྲུབ་བོ་ཞེས་ལུང་བསྟན་ནོ། །བཅུ་བཞི་པ་མེ་ཏོག་དོར་བ་ནི། འདི་སྐད་དུ་དཀྱིལ་འཁོར་གྱི་ལྷ་སུམ་ཅུ་སོ་བདུན་ལ་གཙོ་བོ་དང་འཁོར་ལ་སོགས་པའི་བཟང་ངན་གྱི་རྣམ་རྟོག་མ་བྱེད་ཅིག ཐམས་ཅད་ཀྱང་དག་པའི་ཡེ་ཤེས་གཅིག་གི་སྣང་བ་ཡིན་ལ། རང་གི་རིགས་དང་རྗེས་སུ་མཐུན་པ་ལ་མེ་ཏོག་ཕོག་པ་ཡིན་ནོ་ཞེས་བསྒོ་ལ། མེ་ཏོག་ཐལ་མོའི་བར་དུ་བཅུག་སྟེ། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་བརྗོད་ལ་ལྟོས་པ་མེད་པར་དོར་རོ། །དེ་ནས་བཅོ་ལྔ་པ་མེ་ཏོག་ཕྲེང་བ་དེ་སླར་བླངས་ལ། པྲ་ཏི་གྲྀཧྞ་སྭ་མི་མཾ་སཏྭ་མ་ཧཱ་བ་ལ། ཞེས་བརྗོད་ལ་མགོ་ལ་བཅིང་ངོ༌། །དེ་ནས་བཅུ་དྲུག་པ་གདོང་གཡོགས་ཕྱེ་ལ་དཀྱིལ་འཁོར་བསྟན་པ་ནི། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་གྱུར་པ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་བརྗོད་ལ་གདོང་གཡོགས་བཀྲོལ། དེ་ནས་དཀྱིལ་འཁོར་བསྟན་པ་དངོས་ནི། ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱའི་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང༌། །དངོས་གྲུབ་ཀུན་ཁྱོད་དབང་བསྐུར་འགྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང༌། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །ཞེས་བརྗོད་ལ་ལྷ་གང་ལ་མེ་ཏོག་ཕོག་པ་གཙོར་བསྟན་ཡང༌། སྣ་ཚོགས་པདྨའི་ལྟེ་བར་བཞུགས། །གཉིས་མེད་གཉིས་མེད་པང་ན་གནས། །བརྟན་གཡོ་ཀུན་གྱི་བདག་ཉིད་ཅན། །སྤྱོད་དང་གྲོལ་བ་རབ་སྩོལ་བ། །ཀུན་མཁྱེན་ཀུན་མཛད་གཙོ་བོ་སྟེ། །དཔའ་བོ་ཆེ་ལ་བུ་ཁྱོད་ལྟོས། །ཞེས་བྱ་བ་བརྗོད་ལ། གཞན་གཙོ་བོ་ནས་སྒོ་སྲུང་ལ་ཐུག་པའི་བར་དུ་ཡང་ལེགས་པར་བསྟན་ནོ། །དེ་ཙམ་གྱིས་ནི་སློབ་མ་དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ། །དཀྱིལ་འཁོར་གྱི་སྤྱོད་པ་བདུན་པ་བསྟན་ཟིན་ཏོ། །དེ་ནས་སློབ་མ་དབང་བསྐུར་བར་བྱ་བའི་ཕྱིར་ཅི་འབྱོར་བའི་ཡོན་དང་མཎྜལ་བླ་མ་ལ་ཕུལ་ལ། དེ་ནས་གསོལ་བ་གདབ་པ་ནི། ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་ཕྱིར་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་གཙོ། །དེ་བཞིན་བདག་ལའང་དེང་སྩོལ་ཞིག །ཅེས་ལན་གསུམ་དུའོ། །ཡང་མཎྜལ་ཕུལ་ལ། རྡོ་རྗེ་སློབ་དཔོན་དུ་འོས་པས་དེའི་སྟེང་དུ་ཡང༌། དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །ཞེས་ལན་གསུམ་དུའོ། །དེ་ནས་སྣ་ཚོགས་པདྨའམ་སེང་གེའི་ཁྲིའི་སྟེང་དུ་བཞག་ལ། ལྷའི་རྣལ་འབྱོར་འཛིན་དུ་གཞུག དེ་ནས་སྦྱང་བ་རྣམ་པ་གསུམ་འཇུག་པའི་སྐབས་བཞིན་བྱ། མ་གྲུབ་ན་ཡུངས་ཀར་བརྡེག་ཅིང་སུམྦྷ་ནི་བཟླས་པ་ཙམ་ལ་བརྟེན་ཏེ་ཕྱག་ལེན་ལ་དེ་ཉིད་གཙོར་མཛད་དོ། །དེ་ནས་དབང་བསྐུར་བ་བཅུ་བཞི་བྱ་སྟེ། མེ་ཏོག་ཕྲེང་བ་དང༌། སྔགས་ཀྱི་དབང་བསྐུར་བ་གཉིས་གཅིག་ཏུ་བྱ། དེ་ནས་ཆུ་དང༌། ཅོད་པན། རྡོ་རྗེ། དྲིལ་བུ། མིང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་གཉིས་གཅིག་ཏུ་བྱས་ཏེ་བདུན་ནོ། །དེ་ནས་རྡོ་རྗེ་སློབ་དཔོན། རྗེས་གནང༌། དམ་ཚིག གཟེངས་བསྟོད་པ་དང་ལུང་བསྟན་པ་གཉིས་གཅིག་ཏུ་བྱ། དབུགས་དབྱུང་བ་དང༌། གསང་བ། ཤེས་རབ་ཡེ་ཤེས་ཏེ་བཅུ་བཞིའོ། །དབང་བཞི་པ་ནི་བླ་མའི་ཞལ་ལས་ཤེས་པར་བྱ་བས་བཅུ་བཞི་པོའི་ཁོངས་སུ་མི་བསྔོའོ། །དེ་ལ་ཐོག་མར་མེ་ཏོག་ཕྲེང་བའམ། སྔགས་ཀྱི་དབང་བསྐུར་བ་ཞེས་བྱ་བ་ནི་ཡང་སྔར་གྱི་མེ་ཏོག་ཕྲེང་བ་དེ་དྲིན་ལ་ལན་གྱིས་བླན་པའི་ཚུལ་གྱིས་སྔར་གང་ལ་ཕོག་པའི་ལྷར་ཕུལ་ལ། དེ་སླར་བླངས་ཏེ་སློབ་མའི་ཐལ་མོའི་བར་དུ་བཞག་ལ། དེ་ནས་ལྷ་དེ་ཉིད་ཀྱི་སྙིང་པོ་དང༌། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་གཉིས་ཀའི་རྗེས་སུ་བཟླས་པ་ལན་གསུམ་གྱིས་ལྷ་ཐམས་ཅད་ཀྱི་སྔགས་ཀྱི་བཟླས་པའི་ལུང་ཐོབ་པར་འགྱུར་རོ། །དེའང་མེ་ཏོག་ཕོག་པའི་ལྷ་དེའི་སྔགས་ཀྱི་ལུང་སྦྱིན་པ་ནི་མེ་ཏོག་ཕྲེང་བའི་དབང་བསྐུར་བ་ཡིན་ལ། ཡི་གེ་ཉི་ཤུ་རྩ་གཉིས་པའི་ལུང་སྦྱིན་པ་ནི་སྔགས་ཀྱི་དབང་བསྐུར་བ་ཡིན་ནོ། །ཕྱག་ལེན་ལ་ནི་གཙོ་བོ་ཡབ་ཡུམ་གྱི་སྔགས་དེ་འབའ་ཞིག་གི་ལུང་ལས་མི་མཛད་དོ། །གང་ལྟར་ཡང་སྔགས་ཀྱི་ལུང་ཐོབ་པའི་རྗེས་ལ། སློབ་མས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་བརྗོད་ལ་མེ་ཏོག་ཕྲེང་བ་བླ་མའི་ཕྱག་ཏུ་དབུལ། བླ་མས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་བརྗོད་ལ་སློབ་མའི་སྤྱི་བོར་མེ་ཏོག་བཞག་སྟེ་མགོ་ལ་བཅིང་དུ་གཞུག་གོ །དེ་ནས་རིག་པའི་དབང་ལྔ་ལས། ཐོག་མར་ཆུའི་དབང་ནི། བུམ་པའི་ནང་དུ་སྐད་ཅིག་མའམ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་པར་བསྐྱེད་ལ། དེ་འོད་དུ་ཞུ་བའི་ཆུར་བསམ། སློབ་མའང་སྐད་ཅིག་མའམ། ཆོ་ག་གསུམ་གྱིས་མི་བསྐྱོད་པར་བསྒོམ་དུ་གཞུག དེ་ནས་བུམ་པ་ཐོགས་ལ་ནམ་མཁའ་ལ་སྐད་ཅིག་གིས་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་བསྒོམས་ལ། ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་གཙོ་བོའི་ཐུགས་ཀ་ནས་སྒོ་མཚམས་མ་བརྒྱད་བྱོན་པར་བསམས་ཏེ། བུམ་པའི་ཆུས་དབང་བསྐུར་བར་བསམ་ཞིང༌། དངོས་སུ་སློབ་དཔོན་གྱིས་བུམ་པའི་ཆུ་བླུགས་ཤིང་སྒོ་མཚམས་མ་བརྒྱད་ཀྱི་སྔགས། ཨོཾ་ཀཱ་ཀཱ་སྱེ། ཨུ་ལཱུ་ཀཱ་སྱེ། ཤྭ་ནཱ་སྱེ། ཤུ་ཀ་རཱ་སྱེ། ཡ་མ་ད་དྷཱི། ཡ་མ་དུ་ཏཱི། ཡ་མ་དཾཥྚཱི་ནཱི། ཡ་མ་མ་ཐཱ་ནཱི་ཡེ། ཞེས་པའི་མཐར། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཞེས་བརྗོད་པ་ཕྱིའི་དབང་ངོ༌། །སྔགས་འདི་ནི་འོག་ནས་འབྱུང་བའི་དབང་རྣམས་ཀྱི་བུམ་པའི་ཆུས་བླུགས་པ་ཐམས་ཅད་ལ་ཡང་དགོས་སོ། །དེ་ནས་སློབ་དཔོན་གྱི་སྙིང་གའི་ས་བོན་གྱི་འོད་ཀྱིས་མི་བསྐྱོད་པ་དཔག་ཏུ་མེད་པ་བཀུག་སྟེ། སློབ་མའི་སྤྱི་བོར་ཟླ་བ་ལ་ཨོཾ་བསམས་པའི་བུ་ག་ནས་ཞུགས་པས་ལུས་ཐམས་ཅད་མི་བསྐྱོད་པའི་རྡུལ་ཕྲ་རབ་ཀྱིས་གང་བར་བསམས་པ་ནི་ནང་གི་དབང་ངོ༌། །དེ་ནས་མཆོད་པ་ལྔས་མཆོད། བཤད་པ་ནི། དབང་ལས་ཆུའི་དབང་ཐོབ། ཕུང་པོ་ལས་རྣམ་ཤེས་དག ཉོན་མོངས་པ་ལས་ཞེ་སྡང་དག མེ་ལོང་ལྟ་བུའི་ཡེ་ཤེས་དང་མི་བསྐྱོད་པའི་དངོས་གྲུབ་གཉིས་ཐོབ་པ་ཡིན་ནོ། །ཞེས་བསྟན་ཏོ། །གཉིས་པ་དབུ་རྒྱན་གྱི་དབང་ནི། དབུ་རྒྱན་སྐད་ཅིག་མའམ། ཨཱྃ་ལས་རིན་པོ་ཆེ་ཨཱྃ་གིས་མཚན་པ་ལས་རིན་འབྱུང་དུ་བསྐྱེད། དེ་ཞུ་བ་ལས་བྱུང་བའི་དབུ་རྒྱན་དུ་བསམ། སློབ་མའང་སྔར་གྱི་ཆོ་གས་རིན་འབྱུང་དུ་བསྒོམ་དུ་གཞུག དེ་ནས། སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཞེས་པ་དང༌། ཡུམ་གྱི་ཉེ་བའི་སྙིང་པོའི་རྗེས་ལ། ཨོཾ་པྲ་ཏཱིཙྪ་མ་ཧཱ་མུ་ཀུ་ཊ་ཧོཿ ཞེས་བརྗོད་ལ་དབུ་རྒྱན་མགོ་ལ་བཞག ཡང་བུམ་པའི་ཆུས་ཀྱང་སྔ་མ་བཞིན་དུ་བླུགས་ཤིང༌། སྔགས་ཀྱང་སྔ་མ་བཞིན་བརྗོད་པ་ནི་ཕྱིའི་དབང་ངོ༌། །ཡང་སློབ་དཔོན་གྱི་སྙིང་གའི་ས་བོན་གྱི་འོད་ཀྱིས་རིན་ཆེན་འབྱུང་ལྡན་དཔག་ཏུ་མེད་པ་བཀུག་ལ། སློབ་མའི་སྤྱི་བོར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ནས་མར་བསྟིམ་ལ། ལུས་ཐམས་ཅད་རིན་ཆེན་འབྱུང་ལྡན་གྱི་རྡུལ་ཕྲ་རབ་ཀྱིས་གང་བར་བསམས་པ་ནི་ནང་གི་དབང་ངོ༌། །དེ་ལ་མཆོད་པ་ལྔས་མཆོད། བཤད་པ་ནི། དབང་ལས་དབུ་རྒྱན་གྱི་དབང་ཐོབ། ཚོར་བ་དང་སེར་སྣ་གཉིས་དག མཉམ་པ་ཉིད་དང་རིན་འབྱུང་དང་སྐལ་བ་མཉམ་པར་བསྟན་ཏོ། །གསུམ་པ་རྡོ་རྗེའི་དབང་ནི། ཛྲཱིཾ་ལས་པདྨ་ཛྲཱིཾ་གིས་མཚན་པའི་ཆོ་ག་གསུམ་མམ། སྐད་ཅིག་མས་རྡོ་རྗེ་འོད་དཔག་མེད་དུ་བསྐྱེད། དེ་ཞུ་བ་ལས་བྱུང་བའི་རྡོ་རྗེར་བསམ། སློབ་མའང་སྔར་གྱི་ཆོ་གས་འོད་དཔག་ཏུ་མེད་པར་བསྒོམ་དུ་གཞུག དེ་ནས། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཧེ་རུ་ཀ་དཔལ་དབང་བསྐུར་བས། །དེ་རིང་ཁྱོད་ལ་དབང་བསྐུར་ཏེ། །རབ་ཏུ་འགྲུབ་ཕྱིར་རྡོ་རྗེ་ལོང༌། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཱི་ར་ས་མ་ཡ་སྟྭཾ། ཞེས་བརྗོད་ལ། ལག་པ་གཡས་སུ་རྡོ་རྗེ་སྦྱིན། ཡང་བུམ་པའི་ཆུས་ཀྱང་དབང་བསྐུར་བ་དང༌། སྔགས་བརྗོད་པ་ཡང་སྔ་མ་བཞིན་བྱ། ཡང་བླ་མའི་སྙིང་གའི་ས་བོན་གྱི་འོད་ཀྱིས་འོད་དཔག་མེད་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། མགྲིན་པར་པདྨ་འདབ་མ་བརྒྱད་པའམ། བཅུ་དྲུག་པའི་ལྟེ་བ་ནས་ཞུགས་ནས། སློབ་མའི་ལུས་ཐམས་ཅད་འོད་དཔག་ཏུ་མེད་པའི་རྡུལ་ཕྲ་རབ་ཀྱིས་གང་བར་བསམས་པ་ནི་ནང་གི་དབང་ངོ༌། །ཡང་མཆོད་པ་ལྔས་མཆོད། བཤད་པ་ནི། དབང་ལས་རྡོ་རྗེའི་དབང་ཐོབ། འདུ་ཤེས་དང་འདོད་ཆགས་གཉིས་དག སོ་སོར་རྟོག་པ་དང་འོད་དཔག་ཏུ་མེད་པ་དང་སྐལ་བ་མཉམ་པར་བྱས་སོ། །བཞི་པ་དྲིལ་བུའི་དབང་ནི། སྐད་ཅིག་མའམ། ཁྃ་ལས་རལ་གྲི་ཁྃ་གིས་མཚན་པའི་ཆོ་ག་གསུམ་གྱིས་དོན་ཡོད་གྲུབ་པར་བསྐྱེད། དེ་ཞུ་བ་ལས་བྱུང་བའི་དྲིལ་བུར་བསམ། སློབ་མ་ཡང་སྔར་གྱི་ཆོ་གས་དོན་ཡོད་གྲུབ་པར་བསྒོམ་དུ་བཅུག་ལ། དེ་ནས། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཅེས་བརྗོད་ལ་དྲིལ་བུ་ལག་པ་གཡོན་པར་སྦྱིན། ཡང་བུམ་པའི་ཆུས་གཏོར་ཞིང་སྔགས་བརྗོད་པ་ནི་ཕྱིའི་དབང་ངོ༌། །ཡང་བླ་མའི་སྙིང་གའི་ས་བོན་གྱི་འོད་ཀྱིས་དོན་ཡོད་གྲུབ་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། སྤྱི་བོར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ནས་བསྟིམ་ལ་ལུས་ཐམས་ཅད་དོན་ཡོད་གྲུབ་པའི་རྡུལ་ཕྲ་རབ་ཀྱིས་གང་བར་བསམས་པ་ནི་ནང་གི་དབང་ངོ༌། །དེ་ནས་མཆོད་པ་ལྔས་མཆོད། བཤད་པ་ནི་དྲིལ་བུའི་དབང་ཐོབ། སྤང་བྱ་འདུ་བྱེད་དང་ཕྲག་དོག་གཉིས་དག བྱ་བ་གྲུབ་པའི་ཡེ་ཤེས་དང་དོན་ཡོད་གྲུབ་པ་གཉིས་དང་སྐལ་བ་མཉམ་པར་བྱས་སོ།།  །།ལྔ་པ་མིང་གི་དབང་ནི། དབང་རྫས་དངོས་སུ་མེད་པས་རྣམ་སྣང་དུ་བསྐྱེད་པ་མེད་ལ། སློབ་མ་སྐད་ཅིག་མའམ། བྷྲཱུྃ་ལས་འཁོར་ལོ་བྷྲཱུྃ་གྱིས་མཚན་པ་ལས་རྣམ་སྣང་དུ་བསྒོམ་དུ་བཅུག་སྟེ། དེ་ནས་སློབ་དཔོན་གྱིས་རྡོ་རྗེ་དྲིལ་བུ་བཟུང་ལ། སློབ་མའི་སྤྱི་བོར་བཞག་སྟེ། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩཱ་མི། ཤྲཱི་ཧེ་རུ་ཀ་ན་མ་ཨ་བྷི་ཥེ་ཀ་ཏ། ཞེས་བརྗོད་ལ་མེ་ཏོག་ཕོག་པའི་ལྷ་ལས་མིང་དྲས་ལ་གདགས་ཏེ། དེའང་རིགས་དྲུག་ཏུ་བྱས་ལ། གཙོ་བོ་རྡོ་རྗེ་འཆང༌། བདེ་ཆེན་རིན་ཆེན་འབྱུང་ལྡན། ཐུགས་ནི་མི་བསྐྱོད་པ། གསུང་འོད་དཔག་མེད། སྐུ་རྣམ་པར་སྣང་མཛད། སྒོ་མཚམས་མ་བརྒྱད་ལ་དོན་ཡོན་གྲུབ་པ་སྟེ། དེ་དག་དང་རྗེས་སུ་མཐུན་པའི་མིང་རྡོ་རྗེ་གུར་ནས་འབྱུང་བ་བཞིན་གདགས་ཏེ། དེའང་སྔར་གྱི་སྔགས་ཀྱི་རྗེས་ལ། ཀྱེ་དཔལ་རོལ་པའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེའི་ཚེ་ཏིང་ངེ་འཛིན་གྱིས་ནམ་མཁའ་ལས་སྒོ་མཚམས་མ་བརྒྱད་ཀྱིས་མིང་འདོགས་པར་བསམ་མོ། །ཡང་བུམ་པའི་ཆུས་དབང་བསྐུར་ཞིང་སྔགས་བརྗོད་པ་ཡང་སྔ་མ་ལྟར་བྱ་སྟེ་ཕྱིའི་དབང་ངོ༌། །ཡང་བླ་མའི་སྙིང་གའི་ས་བོན་གྱི་འོད་ཀྱིས་རྣམ་སྣང་དཔག་ཏུ་མེད་པ་སྤྱན་དྲངས་ལ། སློབ་མའི་སྤྱི་བོར་ཨོཾ་མགོ་ཐུར་བལྟས་བསྒོམས་པའི་བུ་ག་ནས་བསྟིམ་སྟེ་ལུས་ཐམས་ཅད་རྣམ་སྣང་གི་རྡུལ་ཕྲ་རབ་ཀྱིས་གང་བར་བསམས་པ་ནི་ནང་གི་དབང་ངོ༌། །དེ་ནས་མཆོད་པ་ལྔས་མཆོད། བཤད་པ་ནི་མིང་གི་དབང་ཐོབ། སྤང་བྱ་གཟུགས་དང་གཏི་མུག་གཉིས་དག ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་རྣམ་པར་སྣང་མཛད་འགྲུབ་པའི་སྐལ་བ་དང་ལྡན་པར་བསྟན་པའོ། །དེ་ལྟར་མེ་ཏོག་ཕྲེང་བ་དང་རིག་པའི་དབང་ལྔ་སྟེ་དྲུག་གོ །དེ་ནས་རང་གི་ལྷག་པའི་ལྷའི་སྐུ་གསུང་ཐུགས་རྡོ་རྗེ་དང་མི་འབྲལ་བར་བྱ་བའི་ཕྱིར་ཐུན་མོང་གི་བརྟུལ་ཞུགས་ནི། ཡང་སློབ་མ་མི་བསྐྱོད་པར་བསྒོམ་དུ་བཅུག སློབ་དཔོན་གྱིས་དེའི་སྙིང་གར་ཡང་མི་བསྐྱོད་པ་ཅིག་བསྒོམ་པ་ནི་ནང་གི་དབང་གི་དོད་དོ། །དེ་ནས། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཧེ་རུ་ཀ་དཔལ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷཱ་ར་ཡཱ་མི་ཧཱུྃ་ཧ་ཧ་ཧ་ཧ་ཧོཿ ཞེས་བརྗོད་ལ་ལག་ཏུ་རྡོ་རྗེ་གཏད་པ་ནི་རྡོ་རྗེའི་བརྟུལ་ཞུགས་སོ། །དེ་ནས་སྤྱོད་པ་ལ་ནུས་པ་མཐུ་དང་ལྡན་པར་བྱ་བའི་ཕྱིར་ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་སྦྱིན་པ་ནི། ཡང་སློབ་མ་ཕྱག་བཅུ་གཉིས་པའི་ང་རྒྱལ་འཛིན་དུ་གཞུག སྙིང་གར་ཡང་དེ་བསམས་ལ། དེ་ནས་ལག་པ་གཡས་པར་ཌཱ་མ་རུ། གཡོན་པར་ཐོད་པ། སེ་རལ་ཁར་ཚངས་སྐུད། གཡོན་པའི་གྲུ་མོར་ཁ་ཊྭཱཾ་ག་བྱིན་ལ་འདི་སྐད་ཅེས་བརྗོད་དོ། །ཁ་ཊྭཱཾ་ག་དང་ཌཱ་མ་རུ། །ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག །རྣལ་འབྱོར་མ་ནི་ཌཱ་མ་རུ། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེར་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤིང༌། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །ཁ་ཊྭཱཾ་ག་དང་རྣལ་འབྱོར་སྣོད། །དཔའ་བོ་ཆེན་པོས་བླང་བར་གྱིས། །ཞེས་བརྗོད་ལ་དེའི་དོན་ཡང་བཤད་དེ། ཌཱ་མ་རུ་ནི་ཤེས་རབ་སྟོང་པ་ཉིད་ཀྱི་སྒྲ་སྒྲོགས་ལ། ཁ་ཊྭཱཾ་ག་ནི་ཐབས་རིག་པའི་བྱང་ཆུབ་ཀྱི་སེམས། ཐོད་པ་བདེ་བ་སྐྱོང་བ། ཚངས་པའི་སྐུད་པ་ཐབས་ཤེས་རབ་ཟུང་དུ་འབྲེལ་པ་ཡིན་པས་ན། དེ་ལྟར་ཤེས་པར་གྱིས་ལ་སེམས་ཅན་གྱི་དོན་གྱིས་ཤིག ཅེས་བྱའོ། །དེ་ལྟར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་གཉིས་གཅིག་ཏུ་བྱས་པ་ནི་དབང་བདུན་ནོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་ནི། འདི་པའི་ལུགས་ཀྱི་ཐམས་ཅད་ལ་བསྐུར་བར་ནི་མི་བཞེད་དེ། གྲལ་མགོ་ན་འདུག་པ་ལྟ་བུ་སློབ་མའི་གཙོ་བོ་གཅིག་ལ་བསྐུར་རོ། །དེ་ཡང་གཞན་རྣམས་ཕྱིར་བཏང་ལ། རྡོ་རྗེ་སློབ་དཔོན་དུ་འོས་པ་དེས་སྔར་འཇུག་པའི་སྐབས་སུ་གསོལ་བ་མ་བཏབ་ན་འདིར་མཎྜལ་ཕུལ་ལ་གསོལ་བ་གདབ། སྔར་བཏབ་ན་དེས་བཏུབ་པས་དབང་སྟེགས་ཀྱི་སྟེང་དུ་བཞག་ལ། ལག་པ་གཡས་པར་རྡོ་རྗེ་སྦྱིན་པ་ནི། འདི་ནི་སངས་རྒྱས་ཐམས་ཅད་དེ། །ཧེ་རུ་ཀ་དཔལ་དབང་བསྐུར་བས། །དེ་རིང་ཁྱོད་ནི་དབང་བསྐུར་ཏེ། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ལོང༌། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩཱ་མི་ཏིཥྛ་ཝཱི་ར་ས་མ་ཡ་སྟྭཾ། ཞེས་པས་རྡོ་རྗེ་གཏད། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་དེ་ཁོ་ན་ཉིད་བརྗོད་ལ། དེ་དག་གི་དོན་བཤད་པར་བྱའོ། །དེ་ནས། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཅེས་པས་དྲིལ་བུ་ལག་པ་གཡོན་པར་གཏད་ལ། དེ་ཁོ་ན་ཉིད་བསྟན་པ་ནི། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པ་དམ་པ་བྱེད་པར་འགྱུར། །ཞེས་བརྗོད་ལ། དེའི་དོན་ཡང་བཤད་དོ། །དེ་ནས་སྐད་ཅིག་གིས་སློབ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པའི་ཚུལ་དུ་བཞུགས་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་སློབ་དཔོན་དང་སློབ་མ་གཉིས་ཀས་བསྐྱེད་ལ། དེའི་ལག་པ་གཉིས་འཁྱུད་པའི་ཚུལ་དུ་བཞག་སྟེ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཤིག་རྡོ་རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་རྗེས་སུ་གནང་བ་བྱིན་ལ། སྔ་མ་བཞིན་དུ་དངོས་སུ་བུམ་པའི་ཆུ་སྔགས་དང་བཅས་པས་སྤྱི་བོ་ནས་བླུགས་ཤིང་ཏིང་ངེ་འཛིན་གྱིས་སྒོ་མཚམས་མ་བརྒྱད་ཀྱིས་དབང་བསྐུར་ཏེ། ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་འཆང་གིས་དབུར་བརྒྱན་པར་བསམ་མོ། །དེ་ནས་ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་པ་བརྗོད་ཅིང༌། བླ་མ་འཁོར་དང་བཅས་པ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་ལ། ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་རབ་ཏུ་གནས་པ་ཡང་བྱའོ། །དེ་ནས་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་བསྟན་པ་དང༌། དབང་བསྐུར་བ་དང༌། རབ་གནས་ལ་སོགས་པ་རྡོ་རྗེ་སློབ་དཔོན་གྱི་ལས་ཐམས་ཅད་གྱིས་ཤིག་པར་བསྒོ་བར་བྱ་སྟེ། དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སྔགས་དང་རྒྱུ་རྣམས་འཛིན་འགྱུར་བར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་བཞེད་པ་ཡིན། །སེམས་ཅན་རྣམས་ནི་རྗེས་གཟུང་ཕྱིར། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་ནི། །དཀྱིལ་འཁོར་ཆོ་ག་བཞིན་བྲིས་ནས། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །ཞེས་བརྗོད་ལ་དེ་དག་གི་དོན་ཅི་རིགས་པ་ཡང་བཤད་པར་བྱའོ། །དེ་ནས་སློབ་མས་བླ་མ་ལ་ཕྱག་བྱས་ལ། རང་རང་གི་གནས་སུ་འདུག་སྟེ་འདི་ནི་རྡོ་རྗེ་སློབ་དཔོན་གྱི་དབང་སྟེ་བརྒྱད་པའོ། །དེ་ནས་རྗེས་སུ་གནང་བ་ལ་བཞི་སྟེ། ལྷ་མཆོད་པ་དང༌། སེམས་ཅན་གྱི་དོན་བྱ་བ་དང༌། ཆོས་བཤད་པ་དང༌། ཕྲིན་ལས་བསྒྲུབ་པའི་རྗེས་སུ་གནང་བའོ། །དང་པོ་ནི་ཕྱི་ནང་གི་ལྷ་མོ་བརྒྱད་ཀྱིས་དཀྱིལ་འཁོར་མཆོད་པའི་ཚུལ་དུ་བྱ་བ་སྟེ། སློབ་མ་རྣམས་ཀྱི་ལག་པ་རྐེད་པར་འཇོག་ཏུ་བཅུག་ལ། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །རྣལ་འབྱོར་མ་དང་དཔའ་ཚོགས་དང༌། །ཤེས་རབ་ཐབས་བཅས་སྙེམས་ཅན་གྱིས། །གར་མཆོད་བདེ་བའི་མཆོད་པ་གྱིས། །ཨཿ སྒེག་མོའིའོ། །ཕྲེང་བ་དཀྱིལ་འཁོར་ལ་འབུལ་བའི་ཚུལ་བྱེད་དུ་གཞུག་སྟེ། སྒེག་དང་བཅས་པའི་ཕྲེང་བ་འཕང༌། །སངས་རྒྱས་ཀུན་སོགས་རྣལ་འབྱོར་པ། །དེ་ནི་འབྲལ་བར་མི་འགྱུར་ཏེ། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ཨོཾ། ཕྲེང་བ་མའིའོ། །སློབ་མ་རྣམས་གླུ་ལེན་དུ་བཅུག་ལ། ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་གྱིས། །དེས་ནི་རྣལ་འབྱོར་མ་དེ་དང༌། །མྱུར་དུ་བདེ་བ་མྱོང་བར་འགྱུར། །གཱི། གླུ་མའིའོ། །ལག་པ་གཉིས་ཀར་བྱེད་དུ་བཅུག་ལ། དེ་ཉིད་ཐལ་མོའི་གར་གྱིས་ནི། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །སངས་རྒྱས་འདུ་བའི་ཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་བསྒྱུར་བར་གྱིས། །ཧོཿ གར་མའིའོ། །དཀྱིལ་འཁོར་ལ་མེ་ཏོག་འཐོར་དུ་བཅུག་ལ། སངས་རྒྱས་ཀུན་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པའི། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་འགྱུར། །བྷྲཱུྃ། མེ་ཏོག་མའིའོ། །དཀྱིལ་འཁོར་ལ་བདུག་སྤོས་འབུལ་དུ་བཅུག་ལ། རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། །ཨཿ བདུག་སྤོས་མའིའོ། །མར་མེ་འབུལ་དུ་བཅུག་ལ། ཆོས་ཀྱི་མེ་ནི་ལེགས་སྦར་བས། །པདྨ་གར་དབང་རང་ཉིད་དེ། །སེམས་ཅན་མ་རིགས་མདོངས་རྣམས་ལ། །ཡེ་ཤེས་སྒྲོན་མེ་སྦར་བར་གྱིས། །པྲཿ མར་མེ་མའིའོ། །དྲི་ཆབ་འཐོར་དུ་བཅུག་ལ། ཁྱོད་ཀྱིས་རྒྱལ་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང༌། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོས། །གཿ དྲི་ཆབ་མའིའོ། །དེ་དག་གིས་དུས་སུ་ད་ལྟ་ཁྱེད་ཀྱིས་དཀྱིལ་འཁོར་གྱི་དྲུང་དུ་སྒེག་པ་ལ་སོགས་པའི་སྤྱོད་པ་བྱས་ཤིང༌། དཀྱིལ་འཁོར་མཆོད་པས་ད་ཕྱིན་ཆད་དེ་ལྟ་བུའི་སྤྱོད་པ་ཅི་བྱས་པ་ཐམས་ཅད་ལྷ་མཆོད་པར་འགྱུར་བ་ཡིན་ནོ། །ཞེས་བརྗོད་པར་བྱའོ། །དེ་ནས་སེམས་ཅན་གྱི་དོན་བྱ་བའི་རྗེས་སུ་གནང་བ་ནི། གསེར་གྱི་ཐུར་མས་རྡོ་རྗེ་སློབ་མའི་མིག་གི་ཐད་སོར་བྱུག་པའི་ཚུལ་དུ་བྱ་ཞིང༌། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནི་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ ཐུར་མའིའོ། །དེ་ནས་མེ་ལོང་གཏད་ལ་བལྟར་བཅུག་སྟེ། ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་ནང་གི་གཟུགས་བརྙན་ལྟར་ཤེས་པར་གྱིས་ལ་སེམས་ཅན་གྱི་དོན་བྱོས་ཤིག་ཅེས་བརྗོད་ལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་རྣལ་འབྱོར་མ་སྲས་སྐྱེས། །ཞེས་བརྗོད་དེ། མེ་ལོང་ངོ༌། །གསུམ་པ་ཆོས་བཤད་པའི་རྗེས་གནང་ནི། །རྐང་པའི་བར་དུ་འཁོར་ལོ་སྦྱིན། ལག་པ་གཡས་པར་དུང༌། གཡོན་པར་དྲིལ་བུ། ལག་པ་གཉིས་ཀྱི་བར་དུ་པུ་སྟི་བྱིན་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་དུ་ནི་ཐམས་ཅད་དུ། །བྱ་བ་སྦྱང་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །འཁོར་ལོའིའོ། །ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །དུང་ངོ༌། །དེ་དག་ནི་ཆོས་ཀྱི་དེ་ཁོ་ན་ཉིད་དེ། ཆོས་བཤད་པའི་རྗེས་སུ་གནང་བའོ། །དེ་ནས་ཕྲིན་ལས་བསྒྲུབ་པའི་རྗེས་སུ་གནང་བ་ནི། ཞི་དང་རྒྱས་དང་དབང་དང་དགུག སྡང་བར་བྱེད་དང་གནོད་སོགས་དང༌། །གསད་དང་བསྐྲད་པ་ཐམས་ཅད་དེ། །ལས་དེ་རྣམས་ནི་བསྒྲུབ་པར་གྱིས། །རལ་གྲི་མིག་སྨིན་ས་འོག་དང༌། །མཆིལ་ལྷམ་དེ་བཞིན་རིལ་བུ་སྟེ། །རྣལ་འབྱོར་མ་ཡི་དངོས་གྲུབ་ནི། །དེ་ནི་ཅི་དགར་བསྒྲུབ་པར་གྱིས། །ཞེས་བརྗོད་དེ་རྗེས་སུ་གནང་བའོ། །དེ་ནས་དམ་ཚིག་ལ་གཉིས། དམ་ཚིག་དང་སྡོམ་པ་སྦྱིན་པ་དང༌། བསྲུང་བའི་དམ་ཚིག་བཀས་གནང་བའོ། །དང་པོ་ནི། ནངས་པར་སྔར་ལངས་སེམས་དག་ཉིད། །མ་ལུས་ལས་ནི་བྱས་ནས་ཀྱང༌། །བསྲུང་དང་བཟའ་ལ་སོགས་པ་ཡི། །སྡོམ་པའི་བདག་ཉིད་ཅན་བསྲུང་ངོ༌། །ལུས་དང་སྲོག་ལ་ལྟོས་མེད་པར། །དམ་ཚིག་དང་ནི་སྡོམ་པ་བསྲུང༌། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །གང་ཚེ་ཉམས་ན་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ། །ཟླ་བ་རེ་རེ་བསྲུང་བ་ནི། །གཉིས་མེད་གཉིས་མེད་ལ་གནས་པ། །ཚེས་བཅུ་ལ་ནི་དེ་རབ་མཆོད། །ཆང་དང་ཤ་སོགས་གང་ཅིའང་རུང༌། །དཔའ་བོ་རྣལ་འབྱོར་མ་ཡི་ཚོགས། །ཐམས་ཅད་གཉིས་མེད་པང་ན་གནས། །ཧེ་རུ་ཀ་དཔལ་རབ་ཏུ་མཆོད། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་ལ་ཡང་རྒྱབ་མི་ཕྱོགས། །འཁོར་བ་དག་ཀྱང་ཡོངས་མི་སྤང༌། །མྱ་ངན་འདས་ལ་དགར་མི་རུང༌། །དཔའ་བོ་རྣལ་འབྱོར་མ་ཀུན་ལ། །ཁྱོད་ཀྱིས་བརྙས་པར་མི་བྱ་སྟེ། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་འགོམ་པར་མི་བྱའོ། །དམ་ཚིག་རབ་བསྲུངས་བསོད་ནམས་ཀྱིས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །བུད་མེད་ཐམས་ཅད་མཐོང་བ་ན། །གཡོན་ནས་ལན་གསུམ་བསྐོར་བྱ་ཞིང༌། །སྤྱི་བོས་ཕྱག་ནི་བྱས་ནས་ཀྱང༌། །ལན་གསུམ་བར་དུ་གསོལ་བ་གདབ། །བདག་ནི་མ་ཁྱོད་བུ་ཡིན་ཏེ། །ཇི་སྲིད་བྱང་ཆུབ་འབྱུང་བར་དུ། །བྱང་ཆུབ་ཡན་ལག་ནུ་མ་ལས། །བྱུང་བའི་རང་གི་འོ་མས་སྐྱོང༌། །གཉིས་མེད་ཡེ་ཤེས་སྤྱོད་ལྡན་པའི། །བསླབ་པ་བླངས་པ་སྔོན་འགྲོ་བས། །སྒྲ་སོགས་སྟོང་པ་སྔོན་འགྲོ་བས། །ཚངས་པར་སྤྱོད་པ་ཤིན་ཏུ་བསྲུང༌། །དམ་ཚིག་དེ་ལ་རྟག་གནས་ཏེ། །དེ་སྔོན་འགྲོ་བ་སྦས་པའི་ཡིད། །སྤྱོད་དང་གྲོལ་བའི་གནས་འདོད་པའི། །ཡིད་ལ་འདོད་པ་ཀུན་འགྲུབ་འགྱུར། །ཞེས་བརྗོད་ལ་དེ་དག་གི་དོན་ཡང་ཅི་རིགས་པར་བཤད་དོ། །དེ་ནས། བླ་མའི་རྗེས་སུ་བཟླས་ཤིང༌། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་བདག་གིས་བགྱིད་པར་འཚལ། །ཞེས་ལན་གསུམ་བརྗོད་དོ། །དམ་ཚིག་དང་སྡོམ་པ་བསྲུང་བའོ། །དེ་ནས་གཉིས་པ་ནི། སྤྱོད་པ་དང་ཐུན་མོང་གི་རྗེས་སུ་གནང་བ་དང༌། བསྲུང་བའི་དམ་ཚིག་དངོས་སོ། །དང་པོ་ནི། གཉིས་མེད་ཡེ་ཤེས་སེམས་ལྡན་པས། །མི་བྱ་བ་ནི་ཅི་ཡང་མེད། །ཚངས་པར་སྤྱོད་ལ་རྟག་གནོས་ལ། །འདོད་པ་ལྔ་ལ་སྤྱད་པར་གྱིས། །གཉིས་མེད་ལ་གནས་ཟས་ལ་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་བརྡས། །གཉིས་མེད་པ་དང་ཐོགས་མེད་པ། །དམ་ཚིག་སྤྱོད་པ་སྤྱོད་པ་ཡིན། །སྣ་ཚོགས་དབང་ཕྱུག་ལེགས་སྤྱོད་ཅིང༌། །ཚངས་སྤྱོད་བསམ་གཏན་དེ་བཞིན་ནོ། །ཁྲོ་བ་མེད་པའི་རྒྱུན་བཅད་པའི། །སྒྲུབ་པ་པོས་ནི་ཡོངས་སུ་བསྲུང༌། །རྟག་ཏུ་བསྒྲུབ་ལ་གནས་ནས་ནི། །གཉིས་མེད་སྒྲུབ་པའི་རྣལ་འབྱོར་མའོ། །མི་བརྟན་སྲོག་ནི་ཇི་སྲིད་པར། །བུ་ཁྱོད་ཀྱིས་ནི་བསྒྲུབ་པར་བྱ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་དགའ་བར་ནི་ལོངས་སྤྱོད་ཅིག །ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེ། །བསམས་ནས་ཐམས་ཅད་རབ་ཏུ་བརྟག །བདག་ཉིད་སངས་རྒྱས་ཐམས་ཅད་དང༌། །རྣལ་འབྱོར་མ་ནི་ཀུན་གྱིས་དངོས། །དེ་བས་འབད་པ་ཐམས་ཅད་ཀྱིས། །ཧེ་རུ་ཀ་དཔལ་བདག་མཆོད་དོ། །ཞེས་བརྗོད་ལ། དེ་དག་གི་དོན་ཡང་ཅི་རིགས་པར་བཤད་དོ། །གཉིས་པ་བསྲུང་བའི་དམ་ཚིག་དངོས་ནི། འདོད་ཆགས་བྲལ་བ་ལྟ་བུ་ཡིས། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །ཞེས་བརྗོད་ལ་དེའི་དོན་བཤད་དེ། འདོད་ཅིང་ཆགས་པར་བྱ་བའི་ཡུལ་ནི་བཞི་སྟེ། དད་པ་ཆེན་པོས་ལྷ་དང་བླ་མ་ལ་ཆགས་པ་དང༌། ཤེས་རབ་ཆེན་པོས་ཆོས་དེ་ཁོ་ན་ཉིད་ལ་ཆགས་པ་དང༌། སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་ཆགས་པ་དང༌། བདེ་བ་ཆེན་པོས་ཐིག་ལེ་ལ་ཆགས་པ་སྟེ། དེ་དག་དང་བྲལ་བ་ལས་ཁམས་གསུམ་ན་སྡིག་ཆེ་བ་མེད་དེ། ཁྱོད་ཀྱིས་དེ་དག་དང་བྲལ་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །བསྲུང་བའི་དམ་ཚིག་གོ །ལུང་བསྟན་དང༌། གཟེངས་བསྟོད་པ་ནི། གཡོན་པ་ཡིས་ནི་ཆོས་གོས་གྲྭ། །གཡས་ཀྱིས་མི་འཇིགས་དབུགས་འབྱིན་པ། །ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེ། །འཁོར་ལོ་ཐམས་ཅད་རྣམ་པར་གནས། །ཞེས་བྱ་བ་སྟེ། སློབ་དཔོན་གྱིས་ཆོས་གོས་གྱོན་ལ། གཡོན་པས་ཆོས་གོས་ཀྱི་མཐའ་སྙིང་གར་གཟུང༌། གཡས་པས་དྲིལ་བུ་དང་བཅས་པའི་སྐྱབས་སྦྱིན་གྱིས་སློབ་མའི་སྤྱི་བོའི་ཕྱོགས་སུ་གཏུགས་ལ། ལྷའི་ང་རྒྱལ་དང་ལྡན་པས་ངག་ཏུ་བརྗོད་པ་ནི། ཧེ་རུ་ཀ་དཔལ་ལུང་བསྟན་བཞིན། །མགྲིན་གཅིག་ཏུ་ནི་ཐམས་ཅད་ཀྱིས། །འདི་ལྟར་ང་ཡིས་ལུང་བསྟན་ཏེ། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཧེ་བཛྲ་ཨཾ་ཀུ་རི་ཤྲཱི་ཧེ་རུ་ཀ་ན་མསྶརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ་བྷུརྦྷུ་ཝ་སྭཿ། གང་ལ་ཚིགས་སུ་བཅད་པ་འདིས་དོན་གྲུབ་པའི་ཕྱག་རྒྱར་གནས་པ་ལ་མཆོག་ཏུ་གྲུབ་པའི་ཚོགས་མགྲིན་གཅིག་ཏུ་རྒྱལ་བ་ཐམས་ཅད་ཀྱིས་ལུང་སྟོན་པ་མཛད་དོ། །ཞེས་མ་འོངས་པ་ལུང་སྟོན་པ་དང༌། ད་ལྟར་བ་དགའ་བ་བསྐྱེད་པ་ནི་གཟེངས་བསྟོད་པའོ། །དབུགས་དབྱུང་བ་ནི། ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །རྒྱལ་བའི་བདག་པོར་གནས་པ་དང༌། །དེར་ནི་བདུད་ལས་རྣམ་རྒྱལ་ཞིང༌། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །དེར་ནི་སངས་རྒྱས་ཉིད་ཐོབ་པར། །ཁྱེད་རྣམས་ཐེ་ཚོམ་མེད་པ་ཡིན། །དབང་འདི་བསྐུར་བ་ཙམ་གྱིས་ནི། །སློབ་མ་ཡོན་ཏན་བདག་པོར་འགྱུར། །སློབ་དཔོན་ཉིད་ཀྱི་བདེ་བ་ཡིས། །བརྟན་གཡོ་ཀུན་གྱི་དམ་ཚིག་ཡིན། །ཞེས་བརྗོད་ལ་དེ་དག་གི་དོན་ཡང་བཤད་དེ་དབུགས་དབྱུང་བའོ། །དེ་ནས་དྲིན་ལ་ལན་གྱིས་བླན་པའི་ཕྱིར་བླ་མ་ལ་ཅི་འབྱོར་པའི་ཡོན་ཕུལ་ལ་ཕྱག་བྱ་སྟེ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་གཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་བརྗོད་ཅིང་ལུས་དང་ལོངས་སྤྱོད་ཐམས་ཅད་དབུལ་བར་བྱའོ། །དེ་ལྟར་བུམ་དབང་དང་འབྲེལ་པ་བཅུ་གཉིས་བསྟན་ཏོ། །དེ་རྣམས་ཀྱིས་ནི་དཀྱིལ་འཁོར་ལས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས། བུམ་པའི་དབང་ཐོབ་པས་ལུས་ཀྱི་དྲི་མ་དག་པར་བྱས། དམ་ཚིག་རྩ་བ་དང་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་གཉིས་ལ་དབང༌། དཔེ་ཞིང་ས་ཤིན་ཏུ་སྦྱངས་པ་དང་འདྲ། ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་ངོ༌། །ཞེས་བརྗོད་དོ། །བུམ་པའི་དབང་ངོ༌། །དེ་ལྟར་ནུབ་གཅིག་ལ་བུམ་པའི་དབང་ཙམ་ལས་མི་བསྐུར་ན་འདིར་དཀྱིལ་འཁོར་གྱི་མཇུག་གི་བྱ་བ་རྣམས་རྫོགས་པར་བྱའོ། །ནུབ་གཅིག་ལ་དབང་བཞི་ཀ་བསྐུར་ན་ནི་དབང་ཐམས་ཅད་རྫོགས་པའི་རྗེས་ལ་དཀྱིལ་འཁོར་གྱི་མཇུག་གི་བྱ་བ་རྣམས་རྫོགས་པར་བྱའོ། །དེ་ལ་གསང་བའི་དབང་བསྐུར་བ་ནི། ས་ཕྱོགས་ཤིན་ཏུ་དབེན་པར་བྱས་ལ། བླ་མ་ལ་ཅི་འབྱོར་པའི་ཡོན་ཕུལ་ཏེ་མཉེས་པར་བྱ། ཚོགས་ཀྱི་འཁོར་ལོས་ཀྱང་མཆོད་དེ། གསང་དབང་གི་ཡུམ་དབུལ། དེ་ནས་མཎྜལ་ཕུལ་ལ་གསོལ་བ་གདབ་པ་ནི། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་སྦྱོར་ལས་ཡང་དག་འབྱུང༌། །བདག་ཉིད་ཆེན་པོ་ཁྱོད་ཇི་བཞིན། །མངའ་བདག་བདག་ལའང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞེས་ལན་གསུམ་དུ་གསོལ་བ་གདབ། དེ་ནས་ཡོལ་བས་བར་བཅད་ལ་བླ་མ་དང་གསང་བའི་ཡུམ་ཧེ་རུ་ཀ་ཡབ་ཡུམ་དུ་བསྐྱེད། ཡུམ་གྱི་མཁའ་སྟོང་པ་ལས་ཨ་ལས་པདྨ་འདབ་མ་གསུམ་པར་བསྐྱེད་ལ་བུ་གའི་ནང་དུ་ཡི་གེ་དྷྱྃ་དམར་པོ་དགོད། ཡབ་ཀྱི་གསང་བའི་གནས་སྟོང་པ་ལས་ཧཱུྃ་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པར་བསྐྱེད་ལ་བུ་གའི་ནང་དུ་ཡི་གེ་བྷྱཾ་དགོད། ཡབ་ཡུམ་གཉིས་ཀྱི་དཔྲལ་བར་རྩ་སྔགས་གཉིས་ཀ་སྣེ་བསྣོལ་དུ་དགོད། དེ་བཞིན་དུ་མགྲིན་པར་སྙིང་པོ་གཉིས་དང་སྙིང་གར་ཉེ་སྙིང་གཉིས་སྣེ་བསྣོལ་དུ་དགོད། གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་དཀར་པོ་དང་དམར་པོ་དང་ནག་པོ་གསུམ་དགོད། ལྟེ་བར་སྭཱ་སེར་པོ། བརླ་གཉིས་ལ་ཧཱ་ལྗང་གུ་བསམ། དེ་ནས་བླ་མ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སློབ་མ་ལ་སྟེར་བ་ན་སློབ་མའི་གདོང་གཡོགས་ལ་ཡབ་ཀྱི་གསང་གནས་ནས་ལེན་ན་ཡབ་ལས་ཐོབ་པའི་དབང་ངོ༌། །ཡུམ་གྱི་མཁའ་ལས་སྟེར་ན་རྗེ་བཙུན་ཡུམ་ལས་ཐོབ་པའི་དབང་ངོ༌། །ཐོད་པའི་སྣོད་ལ་སོགས་པར་བཞག་པ་ལས་སྟེར་ན་རང་རིག་པའི་སྟོབས་ལས་ཐོབ་པའོ། །ཤིན་ཏུ་ཡང་རྟོག་པ་ཤས་ཆེ་ན་ཞོའམ་ཆང་ལ་སྦྱར་ལ་བྱིན་ཏེ། དེའི་དུས་སུ་སློབ་མ་འོད་དཔག་ཏུ་མེད་བར་བསམས་ལ། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་ལ་དབང་བསྐུར་ལྟར། །བདག་གི་གསང་བའི་དབང་གིས་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །འདི་ནི་བྱང་ཆུབ་གྲུབ་རྣལ་འབྱོར། །ཁམས་ལྔ་བཅུད་ཀྱི་བདག་ཉིད་ཅན། །ཧེ་རུ་ཀ་དཔལ་རྣལ་འབྱོར་པས། །ཡང་དག་བདེ་བ་མྱང་བར་གྱིས། །ཞེས་བརྗོད་ལ་བྱིན་ནོ། །དེ་ནས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་གདོང་གཡོགས་བཀྲོལ་ལ། ཁྱོད་ཀྱིས་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་མཐོང་བ་ཡིན་ནོ། །གསང་བའི་དབང་ཐོབ་པས་ངག་གི་དྲི་མ་དག དཔེ་ཞིང་ས་ཤིན་ཏུ་སྦྱངས་པ་ལ་ས་བོན་སྐྱོན་མེད་བཏབ་པ་དང་འདྲ། བཟླས་པ་དང་རླུང་བསྒོམ་པ་ལ་དབང་ངོ༌། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། ཡང་བླ་མ་ཡོན་གྱིས་མཉེས་པར་བྱ། ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་དབུལ། དེ་ནས་མཎྜལ་ཕུལ་ལ་གསང་བའི་དབང་དང་མཐུན་པར་ལན་གསུམ་གསོལ་བ་གདབ། དེ་ནས་བླ་མས་སློབ་མའི་ལག་པ་གཡས་པར་ཕྱག་རྒྱའི་ལག་པ་གཡོན་པ་གཏད་ལ་བླ་མ་ཉིད་ཀྱི་ཕྱག་གིས་སློབ་མའི་མགོར་བོར་བཞག་སྟེ་ཚིགས་སུ་བཅད་པ་འདི་བརྗོད་དོ། །དགའ་སྟེར་གནས་སྟེར་ལྷ་མོ་འདི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཟུང་ཤིག་ཟུང་ཤིག་སེམས་དཔའ་ཆེ། །ཟུང་ལ་མཆོད་པ་དག་ཏུ་གྱིས། །འདི་ནི་བྱང་ཆུབ་གྲུབ་རྣལ་འབྱོར། །ཁམས་ལྔ་བཅུད་ཀྱི་བདག་ཉིད་ཅན། །ཧེ་རུ་ཀ་དཔལ་བདག་སྦྱོར་བས། །ཡང་དག་བདེ་བ་མྱང་བར་གྱིས། །དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱིས། །བརྟུལ་ཞུགས་བཟང་པོས་འགྲོ་དོན་གྱིས། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང༌། །དམངས་རིགས་ཐ་མ་དག་སྤྱོད་ཅིང༌། །པདྨའི་བྷ་གར་ཙུམྦ་དང༌། །བདུད་རྩི་རྣམས་ནི་བསྒྲུབ་པར་གྱིས། །ཞེས་པས་གནང་བ་སྦྱིན། དེ་ནས་ཕྱག་རྒྱ་གོས་དང་བྲལ་བར་བྱས་ལ་དེས་རང་གི་དྲི་ཞིམ་པོའི་པདྨ་ཁ་ཕྱེ་ནས། སྒྲུབ་པ་པོ་ལ་བསྟན་ཏེ་འདི་སྐད་སྨྲའོ། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང༌། །དམངས་རིགས་མཐར་སྐྱེས་བུད་མེད་ཀུན། །གུས་དང་བཅས་པས་མཆོད་པ་དང༌། །གཉིས་མེ་ཚུལ་གྱིས་ཙུམྦ་ན། །དཔའ་བོ་ཁྱོད་ནི་སྤྲོ་གྱུར་ཏམ། །སྨྲོས་ཤིག་དཔའ་བོ་བདེ་བ་ཆེ། །བཤང་གཅི་དག་ནི་ཟ་བ་དང༌། །ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་བུ་སྤྲོའམ། །ཞེས་དྲིའོ། །དེ་ནས་སྒྲུབ་པ་པོས་ལན་བྱ་བ་ནི། ཅི་གསུང་དམ་ཚིག་བསྟན་པར་ནི། །ལྷ་མོ་བདག་གིས་བྱེད་པར་ནུས། །ཞེས་པས་ལན་བྱའོ། །དེ་ནས་གདོང་གཡོགས་སོ་སོར་བཅིང༌། དེ་ནས་གསང་དབང་གི་སྐབས་ལྟར་སྒྲུབ་པ་པོ་དང་ཕྱག་རྒྱ་གཉིས་ཀ་ལྷར་བསྐྱེད། གནས་ལྔ་དང་མཁའ་གསང་བྱིན་གྱིས་བརླབ་པའང་གསང་དབང་གི་སྐབས་ལྟར་བྱ། སྐད་ཅིག་མ་དང་དགའ་བ་བཞིའི་ཉམས་སུ་མྱང་བའི་བྱེ་བྲག་བསྟན། ཐིག་ལེ་གཟུང་བའི་འཁྲུལ་འཁོར་བྱ། དཔེའི་ཡེ་ཤེས་ཉམས་སུ་མྱོང་བ་དང༌། གདོང་གཡོགས་ཕྱེ་སྟེ། བྷ་གའི་དཀྱིལ་འཁོར་མཐོང་བ་ཡིན་ནོ་ཞེས་བསྟན། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པས་སེམས་ཀྱི་དྲི་མ་དག་དཔེ་མྱུ་གུ་སྨིན་པ་དང་འདྲ། དངོས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟེན་པ་ལ་དབང་ངོ༌། །ཤེས་རབ་ཡེ་ཤེས་ཀྱི་དབང་སྟེ་བརྟུལ་ཞུགས་ཀྱི་རིམ་པ་བཅུ་བཞི་པོ་ཀུན་ཀྱང་བསྟན་ཟིན་ཏོ། །དེ་ནས་དབང་བཞི་པ་བླ་མའི་ཞལ་ལས་ཤེས་པར་བྱ་བ་ཚིག་ཙམ་གྱིས་བསྐུར་ན། མཎྜལ་དང་ཡོན་ཕུལ་ལ། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བདག་ལ་བཀའ་དྲིན་བསྐྱབ་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། ཡང་གདོང་གཡོགས་བཅིངས། དེ་ནས། ཡེ་ཤེས་འདི་ནི་ཆོས་ཕྲ་ཞིང༌། །རྡོ་རྗེ་སྙིང་པོ་མཁའ་དང་མཚུངས། །རྡུལ་བྲལ་མཐར་སྦྱིན་ཞི་བ་ཉིད། །ཁྱོད་ཀྱི་ཕ་ནི་ཁྱོད་ཡིན་ནོ། །ཞེས་བརྗོད་ལ་དོན་དམ་སེམས་ཀྱི་ཆོས་ཉིད་དང་དབང་གསུམ་པའི་ཉམས་སུ་མྱོང་བ་གཉིས་རོ་གཅིག་པར་ཉམས་སུ་ལོང་ཤིག་ཅེས་བསྟན་པའོ། །དེ་ནས་གདོང་གཡོགས་ཕྱེ་ལ་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་བ་ཡིན་ནོ་ཞེས་བསྟན། དབང་བཞི་པ་ཐོབ་པས་ལུས་ངག་ཡིད་གསུམ་མི་ཕྱེད་པ་རྡོ་རྗེ་ལྟ་བུར་བྱས་པ་ཡིན་ནོ། །ཞེས་དང༌། དཔེ་འབྲས་བུ་ཡོངས་སུ་སྨིན་པ་དང་འདྲའོ། །ཞེས་བརྗོད་དེ་དབང་བཞི་པའོ། །དེ་ནས་དཀྱིལ་འཁོར་གྱི་མཇུག་གི་བྱ་བ་ནི། དཀྱིལ་འཁོར་འཁོར་ལོ་ལ་མཆོད་པ་རྒྱས་བསྡུས་ཅི་རིགས་པས་མཆོད། ཡི་གེ་བརྒྱ་པ་བརྗོད་པས་བཟོད་པར་གསོལ། དངོས་གྲུབ་གང་འདོད་པ་གསོལ་བ་གདབ། རྡུལ་ཚོན་ཡིན་ན་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུ། བདག་གི་བསྐྱེད་རིམ་གསལ་གདབ། རས་བྲིས་ཡིན་ན་རབ་གནས་དང་ཚུལ་མཚུངས་པས་ཡེ་ཤེས་པ་བརྟན་པར་བཞུགས་སུ་བཅུག་པས་ཆོག གང་ལྟར་ཡང་རུང་སྟེ། བདེ་བ་ཆེན་པོ་སྔོན་དུ་འགྲོ་བའི་ཆོས་བདག་མེད་པར་བསྒོམས་ལ་ཅུང་ཟད་ངལ་བསོ། རྡུལ་ཚོན་ཡིན་ན་ཕྱགས་ཏེ་རིན་པོ་ཆེའི་སྣོད་དུ་བླུགས་ལ། མཆོད་པ་དང་བུད་དཀྲོལ་གྱི་སྒྲ་དང་བཅས་པས་ཆུ་བོ་ཆེན་པོར་དོར། བྲིས་སྐུ་ཡིན་ན་ལེགས་པར་སྐུ་ཕྱིས་ལ་དྲིལ་ཏེ་མཆོད་པ་དང་བཅས་པའི་གནས་སུ་བཞུགས་སུ་གསོལ། བུམ་པ་ཐམས་ཅད་བསྡུ། གྲུབ་ན་ཚོགས་ཀྱི་འཁོར་ལོ་བྱ། མ་གྲུབ་ཀྱང་ཉེས་པ་མེད། བདུད་རྩི་དང་བཅས་པའི་བ་ཆུས་ཕྱོགས་ཐམས་ཅད་བྱུགས་ཅིང་ཐིག་ཚོན་ལ་སོགས་པའི་ལས་ཀྱི་རྗེས་ཐམས་ཅད་མི་མངོན་པར་བྱའོ། །རྡོ་རྗེ་དྲིལ་བུའི་སྒྲ་དང་བཅས་པས་རྡོ་རྗེའི་གླུ་དང༌། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད། སྨོན་ལམ་རྣམ་པར་དག་པ་གདབ། གོ་ཆ་གསུམ་གྱིས་བསྲུངས་ལ་སྤྱོད་ལམ་ཅི་བདེར་བྱ། དེ་ནས་བླ་མ་དང་དཔའ་བོ་དང་རྣལ་འབྱོར་མ་དང་དགེ་འདུན་འཚོགས་པ་ཐམས་ཅད་ལ་དགའ་སྟོན་རྒྱ་ཆེན་པོ་བྱའོ། །དཀྱིལ་འཁོར་གྱི་མཇུག་གི་བྱ་བའོ། །དཔལ་ལྡན་བླ་མས་མཛད་པའི་ཆོ་ག་ཡི། །སྐབས་སུ་མི་གསལ་གསལ་བར་བྱ་བའི་ཕྱིར། །གྲགས་པ་རྒྱལ་མཚན་བདག་གིས་འབད་དེ་བགྱིས། །དགེ་དེས་འགྲོ་ཀུན་སངས་རྒྱས་སར་འགྲོ་ཤོག །སློབ་དཔོན་སྤྱོད་པའི་རྡོ་རྗེས་མཛད་པའི་དཀྱིལ་འཁོར་གྱི་ཆོ་གའི་ལག་ཏུ་བླང་བའི་རིམ་པ་རྗེ་བླ་མས་རས་བྲིས་ཀྱི་ཕྱོགས་ལ་བརྟེན་ཏེ་མཛད་པའི་གཞུང་གིས་མི་གསལ་བ་དང༌། མ་རྫོགས་པ་རྣམས་རྫོགས་ཤིང་གསལ་བར་བྱས་པ་འདི་ནི་ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་བློ་དམན་པ་རྣམས་ལ་ཕན་པའི་བསམ་པས་དག་པར་སྦྱར་བ་ཡིན་ནོ། །འདིས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་ནས་རྡོ་རྗེ་འཆང་གི་ས་ཐོབ་པར་གྱུར་ཅིག དེ་མ་ཐོབ་ཀྱི་བར་དུ་ཡང་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་བསམ་པ་ཐམས་ཅད་འགྲུབ་པར་གྱུར་ཅིག །རྫོགས་སོ།།  །།འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*