བདེ་མཆོག་ནག་པོ་པའི་དཀྱིལ་ཆོག་ས་བཅད་འཁྲུགས་ཅན།

༼ཇ༽

༄༅། །བདེ་མཆོག་ནག་པོ་པའི་དཀྱིལ་ཆོག་ས་བཅད་འཁྲུགས་ཅན་བཞུགས།།

༄༅། །ཨོཾ་རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སློབ་དཔོན་སྤྱོད་པ་བས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་ལ་དོན་གསུམ། ཀླད་ཀྱི་དོན་དང༌། གཞུང་དང༌། མཇུག་གོ །དང་པོ་ལ་གཉིས། ཕྱག་བཙལ་བ་དང༌། བཤད་པར་དམ་བཅའ་བའོ། །དེ་ལ་བཞི། བརྗོད་བྱའི་དོན་བསྟན་པའི་སྒོ་ནས་དང༌། བསྟན་བཅོས་རྩོམ་པའི་རྒྱུ་ཡོད་པ་ཉིད་དུ་བསྟན་པ་དང༌། ཁེངས་བསྐྱུང་བ་དང༌། ཟློས་སྐྱོན་སྤངས་པའི་སྒོ་ནས་བརྗོད་བྱ་ཁྱད་པར་ཅན་དུ་བསྟན་པའོ། །གཞུང་ལ་གཉིས། སྤྱིར་བསྟན་པ་དང༌། གཞུང་དངོས་སོ། །དེ་ལ་བཞི། བསྙེན་པ་དང༌། དཀྱིལ་འཁོར་གྱི་སྤྱོད་པ་དང༌། བརྟུལ་ཞུགས་ཀྱི་རིམ་པ་དང༌། མཇུག་གི་བྱ་བའོ། །དང་པོ་ལ་ལྔ། དང་པོ་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་དང༌། སློབ་མའི་མཚན་ཉིད་དང༌། ཡོ་བྱད་འབྱོར་རམ་དྲི་བ་དང༌། དམ་ཚིག་བསྲུང་ནུས་སམ་དྲི་བ་དང༌། བསྙེན་པ་དངོས་སོ། །དེ་ལ་ལྔ། དང་པོ་བསྙེན་པའི་གནས་བཞི་བརྩམ་པ་དང༌། ལྷའི་རྣལ་འབྱོར་དང༌། བསྙེན་པ་མ་བྱས་པའི་ཉེས་པ་དང༌། བསྙེན་པའི་གྲངས་དང༌། བསྙེན་པའི་དགོས་པའོ། །དཀྱིལ་འཁོར་གྱི་སྤྱོད་པ་ལ་བདུན། སའི་ཆོ་ག་དང༌། སྟ་གོན་དང༌། ཐིག་དང༌། ཚོན་དང༌། བྱིན་གྱིས་བརླབ་པ་དང༌། མཆོད་པ་དང༌། འཇུག་པའོ། །དང་པོ་ལ་དགུ། བསྙེན་པ་སྔོན་དུ་སོང་བའི་བྱང་ཆུབ་ཀྱི་སེམས་དང་ལྡན་པས་དཀྱིལ་འཁོར་བྲི་བར་གདམས་པ་དང༌། བརྟག་ཅིང་བློས་གཟུང་བ་དང༌། ལས་དང་བྱ་བས་སྦྱང་བ་དང༌། ཏིང་ངེ་འཛིན་གྱིས་བགེགས་སྦྱང་བ་དང༌། རྫོགས་པའི་སངས་རྒྱས་ཀྱིས་ས་གཟུང་བ་དང༌། ཞི་བས་བསླང་བ་དང༌། དྲག་པོས་བསླང་བ་དང༌། ས་བྱིན་གྱིས་བརླབ་པ་དང༌། ས་བསྲུང་བའོ། །སྟ་གོན་ལ་གཉིས། སྔོན་དུ་བདག་བསྐྱེད་པ་དང༌། སྟ་གོན་དངོས་སོ། །དེ་ལ་བཞི། སའི་ལྷ་མོ་དང༌། ལྷ་དང༌། སློབ་མ་དང༌། བུམ་པ་སྟ་གོན་དུ་གནས་པའོ། །གཉིས་པ་ལྷ་ལ་བཞི། མདུན་དུ་བསྐྱེད་ཅིང་ཡེ་ཤེས་པ་དགུག་པ་དང༌། མཆོད་པ་དང༌། གསོལ་བ་གདབ་པ་དང༌། དཀྱིལ་འཁོར་བདག་ལ་བསྡུ་བའོ། །སློབ་མ་སྟ་གོན་ལ་གཞུང་ན་བཞི་ལས་མེད་ཀྱང་སློབ་མའི་གཙོ་བོ་ལ་སོགས་པའོ། །ལྷག་པར་གནས་བྱ་མཆོད་པར་བྱ། །ཞེས་བྱ་བ་ལ་བརྟེན་ནས། ལྷག་པར་གནས་བྱས་བརྒྱད་འཛིན། དེ་ནས་གཞུང་གི་བཞི། མཆོད་པར་བྱ་ཡིས་མཆོད་པ། དེ་ལྟར་ན་ཕྱག་ལེན་ལ་བཅུ་གསུམ་གསུངས་ཏེ། མཎྜལ་སྔོན་དུ་འགྲོ་བས་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་བསྐྱེད་པ་དང༌། ནང་གི་དབང་བསྐུར་དང༌། ཁྱད་པར་ཅན་གྱི་དོན་ཞུ་བ་དང༌། སྤྲོ་བ་བསྐྱེད་པ་དང༌། སེམས་བསྐྱེད་བྱ་བ་དང༌། བསྲུང་བ་བྱ་བ་དང༌། ལྷར་བསྐྱེད་ཅིང་མཆོད་པ་བྱ་བ་དང༌། སྲུང་སྐུད་དང༌། སྐྱོར་ཆུ་དང༌། སོ་ཤིང་དང༌། ཀུ་ཤ ཆོས་ཟབ་མོ་བཤད་ལ་སྤྲོ་བ་བསྐྱེད་པ། རྨི་ལམ་བརྟགས་ལ་ངན་ན་བསྲུང་བའོ། །བུམ་པ་སྟ་གོན་ལ་ལྔ། བསམ་པ་རྣམ་པར་དག་པས་བུམ་པ་ལ་བཟླས་པ་བྱ་བར་གདམས་པ་དང༌། བུམ་པའི་གྲངས་དང༌། བཅུད་གཞུག་པ་དང༌། རྒྱན་དང༌། སྔགས་བཟླས་པའོ། །སྤྱི་དོན་གསུམ་པ་ཐིག་གིས་བྲི་བ་ལ་བདུན། རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་དང་རྒྱན་དང་ལྷའི་རྣལ་འབྱོར་བསྟན་པ་དང༌། ལས་ཀྱི་ཐིག་གི་ཐིག་སྐུད་ཀྱི་རྒྱུ་དང་ཐིག་ཆལ་དང༌། དཀྱིལ་འཁོར་གྱི་ཚད་དང༌། ཡེ་ཤེས་ཀྱི་ཐིག་གི་རྒྱུ་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་ཀྱི་ཐིག་ཇི་ལྟར་གདབ་པ་དང༌། ལས་ཐིག་ཇི་ལྟར་གདབ་པ་དང༌། ལས་ཐིག་གཉིས་རིམ་པ་ཇི་ལྟར་གདབ་པའི་ཚུལ་ལོ། །སྤྱི་དོན་བཞི་པ་ཚོན་གྱིས་བྲི་བ་ལ་བཞི་སྟེ། ཚོན་དགྱེ་བ་དང༌། ལྷ་དགོད་པ་དང༌། ཞར་ལས་བྱུང་བ་དཀྱིལ་འཁོར་གྱི་རྒྱན་དགྲམ་པ་དང༌། རྡོ་རྗེ་སློབ་དཔོན་ཆས་སུ་གཞུག་པའོ། །དང་པོ་ལ་དྲུག ཚོན་གྱི་རྒྱུ་དང༌། བྱིན་གྱིས་བརླབ་པ་དང༌། ཚོན་དགྱེ་པའི་རིམ་པ་དང༌། ཚོན་དང་བཟོའི་ལས་གྲོགས་དཀྱིལ་འཁོར་དམ་ཚིག་དང་བསླབ་པ་སྦྱིན་པའི་ཚུལ་དང༌། རྩིག་པའི་ཚོན་གྱི་ཚད་དང་མཚན་ཉིད་དང༌། འཁོར་ལོ་ལྔ་ལ་སོགས་པ་ཚོན་གང་གིས་ཇི་ལྟར་བྲི་བར་བསྟན་པའོ། །སྤྱི་དོན་ལྔ་པ་བྱིན་གྱིས་བརླབ་པ་ལ་གསུམ། སྔོན་དུ་བསྐྱེད་པ་དང༌། དེ་ནས་མདུན་དུ་རྡུལ་ཚོན་ལ་བསྐྱེད་པ་དང༌། རྡུལ་ཚོན་བྱིན་གྱིས་བརླབ་པ་དངོས་སོ། །མདུན་དུ་བསྐྱེད་པ་ལ་གསུམ། སྔོན་དུ་སྦྱང་བ་དང༌། དམ་ཚིག་པ་བསྐྱེད་པ་དང༌། གོ་ཆ་དང་ཡེ་ཤེས་པ་གཞུག་པའོ། །རྡུལ་ཚོན་བྱིན་གྱིས་བརླབ་པ་ལ་བཞི། རང་རང་གི་སྔགས་གཉིས་སུ་མེད་པ་དང༌། སངས་རྒྱས་ཀུན་གྱི་མཁའ་འགྲོ་མ་དང༌། སྒོ་མ་བཞི་དང༌། ཨཱ་ལི་དང་ཀཱ་ལིས་བྱིན་གྱིས་བརླབ་པའོ། །བར་འདིར་ཡི་གེ་བརྒྱ་པས་བྱིན་གྱིས་བརླབ་པ་ཁ་བསྐང༌། སྤྱི་དོན་དྲུག་པ་མཆོད་པ་ལ་བདུན། སྔགས་མཆོད་སྔོན་དུ་སོང་བས་ཕྱིའི་མཆོད་པ་དང༌། ནང་གི་དང༌། རས་ཟུང་དང༌། བྱང་སེམས་དང༌། རྗེས་སུ་ཆགས་པ་དང༌། གཏོར་མ་དང༌། ཕྱི་ནང་གི་སྦྱིན་སྲེག་གིས་མཆོད་པའོ། །སྤྱི་དོན་བདུན་པ་འཇུག་པ་ལ་གཉིས། སློབ་དཔོན་ཆས་གོས་དང་བཅས་པས་བདག་ཉིད་འཇུག་པ་དང༌། སློབ་མ་འཇུག་པའོ། །དེ་ལ་གསུམ། སློབ་མའི་མཚན་ཉིད་དང༌། བར་སྐབས་ཀྱི་ཚིགས་སུ་བཅད་པས་ཆོ་ག་བསྡུས་པའི་ཚིག་དང༌། སློབ་མ་སྡུད་པ་འཇུག་པ་དངོས་སོ། །དེ་ལ་ཡོལ་བའི་ཕྱི་རོལ་ཏུ་སློབ་མ་རྣམས་བོས་ལ། སློབ་དཔོན་གྱིས་ལས་ཐམས་ཅད་པའི་བུམ་པ་དང༌། གདོང་གཡོགས་དང༌། རྡོ་རྗེ་མེ་ཏོག་ཕྲེང་བ་རྣམས་ཁྱེར་ལ་རང་གི་ལྷའི་རྣལ་འབྱོར་དྲན་པས་སློབ་མ་ལ་ཡོལ་བའི་ཕྱི་རོལ་དུ་བྱ་བའི་ཆོ་ག་ནི་དགུ་སྟེ། བདེན་པའི་སྟོབས་བརྗོད། བླ་མ་ལ་འཇུག་པའི་ཡོན་དབུལ། སློབ་མ་རྣམས་ནང་དུ་བསམ། གདོང་བཅིང༌། ཕྲེང་བ་གཏད། བུམ་ཆུས་བྲན། འདོད་པ་དྲི་ཞིང་ལན་གདབ། སེམས་བསྐྱེད་བྱ། གསང་བར་གདམས། ཡོལ་བའི་ནང་དུ་གཞུག་སྟེ། དེ་ལྟར་ཡོལ་བའི་ཕྱི་འཇུག་རྣམས་གཞུང་ན་རིམ་པ་བཞིན་མེད་པས་ཀྱང་འོག་ན་མར་དོན་གྱིས་འབྱུང་བས་བར་འདིར་ཁ་བསྐང༌། ཡོལ་བའི་ནང་དུ་འཇུག་པ་ལ་ཆོས་བཅུ་བདུན་ཡོད་པ་ལས་གཞུང་ནས་བཅུ་གཉིས་འབྱུང་སྟེ། དབང་གང་འདོད་ནི་འདིའི་སྐབས་ཀྱི་ཆོ་ག་མིན་ལ། སྤྲོ་བསྐྱེད་མི་བྱ་ལྷར་བསྐྱེད་བྱ་སྟེ་དེ་ལྟར་ན་བཅུ་དྲུག་ཉམས་སུ་བླང་ངོ༌། །དམ་ཚིག་བསྒྲགས་པ་དང༌། བསྲུང་བ་བྱ། སྤྲོ་བ་བསྐྱེད་ཅིང་ལྷར་བསྐྱེད་པ་ལ་གོ་ཆ་བཅིང་བ་དང༌། དབང་གང་འདོད་པས་བླ་མ་མཉེས་པར་བྱ། དཔའ་བོ་བསྐུལ། གསོལ་བ་གདབ། ཕྱག་བྱ་བ། སྡོམ་པ་གཟུང་བ་དང༌། དམ་ལ་གཞག གསོལ་བ་གདབ། ཡེ་ཤེས་དབབ་ཅིང་བརྟན་པར་བྱ། གདོང་གཡོགས་ཕྱེ་ལ་དཀྱིལ་འཁོར་བསྟན་པའོ། །དོན་དྲུག་པ་གསོལ་བ་གདབ་པ་ལ་གཉིས། སློབ་མས་སློབ་དཔོན་ལ་ཕྱག་བྱ་ཞིང་གསོལ་བ་གདབ་པ་དང༌། སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་གདབ་པའོ། །བདུན་པ་ཕྱག་ལ་གཉིས། སྐུ་གསུང་ཐུགས་ཀྱི་ཕྱག་དང༌། ལུས་དབུལ་བའི་ཕྱག་གོ །དམ་ལ་གཞག་པ་ལ་བཞི། ཕན་ཡོན་གྱི་སྒོ་ནས་དང༌། ཉེས་དམིགས་ཀྱི་སྒོ་ནས་དང༌། གཉིས་ཀའི་སྒོ་ནས་དང༌། སློབ་དཔོན་གྱི་བཀའ་ཉན་པའི་སྒོ་ནས་དམ་ལ་གཞག་པའོ། །ཡེ་ཤེས་དབབ་པ་ལ་གསུམ། རྫས་དང༌། འདུག་སྟངས་སྔོན་དུ་འགྲོ་བའི་ཏིང་ངེ་འཛིན་དང༌། སྔགས་སོ། །གདོང་དབྱེ་ཞིང་དཀྱིལ་འཁོར་བསྟན་པ་ལ་གཉིས། གདོང་དབྱེ་ཞིང་དཀྱིལ་འཁོར་སྤྱིར་བསྟན་པ་དང༌། སོ་སོར་བསྟན་པའི་སྒོ་ནས་དེ་ཁོ་ན་ཉིད་བརྗོད་པ་དང་བཅས་པའོ། །བརྟུལ་ཞུགས་ཀྱི་རིམ་པ་བསྟན་པ་ལ་གཉིས། རྒྱས་པར་བཤད་པ་དང༌། མདོར་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས། གསོལ་བ་གདབ་པ་དང༌། དབང་དངོས་སོ། །དང་པོ་ལ་གཉིས། སྤྱིར་གསོལ་བ་གདབ་པ་དང༌། རྡོ་རྗེ་སློབ་དཔོན་དུ་བྱ་བའི་གསོལ་བ་གདབ་པའོ། །དབང་དངོས་ལ་གསུམ། མདོར་བསྟན་པ་དང༌། ཅུང་ཟད་རྒྱས་པར་བཤད་པ་དང༌། ཆོ་ག་རབ་ཏུ་རྒྱས་པར་བཤད་པའོ། །བར་པ་ལ་བཞི། དབང་སྟེགས་སུ་བཞག་ལ་གསོལ་བ་གདབ་པ་དང༌། སྦྱང་བ་སྔོན་དུ་སོང་བས་དབང་བསྐུར་བར་གདམས་པ་དང༌། སྔགས་དང་ཆུ་དབང་གི་ཚུལ་གྱིས་དབང་མདོར་བསྟན་པ་དང༌། བླ་མ་ལ་ལུས་ཀྱི་ནུས་པ་མེད་ན་ཡིད་ཀྱིས་ཀྱང་བསྐུལ་བར་གདམས་པའོ། །ཆོ་ག་རབ་ཏུ་རྒྱས་པར་བཤད་པ་ལ་གཉིས། དབང་དངོས་དང༌། དབང་དེ་རྣམས་ཀྱི་མཇུག་ཏུ་བྱ་བ་མཐའ་རྟེན་དགའ་སྟོན་དང་བཅས་པའི་ཡོན་དབུལ་བའོ། །དང་པོ་ལ་བཅུ་བཞི། སྔགས་དང༌། ཆུ་དང༌། ཅོད་པན་དང༌། རྡོ་རྗེ་དང༌། དྲིལ་བུའི་དབང་བསྟན་པ་དང༌། སྔགས་དང་མིང་གི་དབང་བསྟན་པ་དང༌། ཐུན་མོང་གི་དང་ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་དང༌། བར་འདིར་རྡོ་རྗེ་སློབ་དཔོན་གྱི་དབང་གོང་ནས་བཏུས་ལ་ཁ་བསྐང་བ་དང༌། རྗེས་སུ་གནང་བ་དང༌། དམ་ཚིག་སོ་སོའམ་གཅིག་ཏུ་བྱ་བ་ལུགས་གཉིས་གང་རུང་དང༌། ལུང་བསྟན་ཅིང་གཟེངས་བསྟོད་པ་དང༌། དབུགས་དབྱུང་བ་དང་བླ་མའི་ཡོན་དབུལ་བ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་སོ། །ཞར་ལས་བཞི་པ་ཁ་བསྐང་བའོ། །རྗེས་གནང་ལ་གཉིས། རྗེས་གནང་དངོས་དང༌། དམ་ཚིག་གོ །དང་པོ་ལ་གསུམ། ལྷ་མཆོད་པ་དང༌། སེམས་ཅན་གྱི་དོན་བྱ་བ་དང༌། ཕྲིན་ལས་སྒྲུབ་པའི་རྗེས་སུ་གནང་བའོ། །སེམས་ཅན་གྱི་དོན་བྱ་བ་ལ་བཞི། ཐུར་མ་དང༌། མེ་ལོང་དང༌། འཁོར་ལོ་དང༌། དུང་ངོ༌། །དམ་ཚིག་ལ་གཉིས། དམ་ཚིག་དང་སྡོམ་པ་དང༌། བསྲུང་བའི་དམ་ཚིག་བཀའི་གནང་བའོ། །མཇུག་གི་དོན་ལ་གཉིས། ཐོད་པ་ཅན་མཐོང་བའི་ཚེ་སྨོན་ལམ་དང༌། དཀྱིལ་འཁོར་ཆོ་ག་བརྩམས་པའི་དགེ་རྩ་བསྔོ་བའོ། །སློབ་དཔོན་སྤྱོད་པ་བས་མཛད་པའི་དཀྱིལ་འཁོར་གྱི་ཆོ་གའི་བསྡུས་པའི་དོན་ལག་ལེན་གྱི་རིམ་པ་བཞིན་དུ་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་སྦྱར་བ་རྫོགས་སོ།།  །།གཙོ་བོའི་གཞུང་ཇི་ལྟ་བ་བཞིན་གྱི་ས་བཅད་གཅིག་ཀྱང་བགྱིས། འདི་ནི་ཇོ་བོ་ནཱ་རོ་ཏ་པས་འཁྲུགས་བསྡེབས་ཏེ་གསུངས་པ་བཞིན་དུ་བྲིས་པའོ། །འདིས་གཞན་ལ་ཕན་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*