བདེ་མཆོག་ལཱ་ཧི་པའི་ལུགས་ཀྱི་བླ་མ་བརྒྱུད་པའི་ལོ་རྒྱུས།

༼ཇ༽

༄༅། །བདེ་མཆོག་ལཱུ་ཧི་པའི་ལུགས་ཀྱི་བླ་མ་བརྒྱུད་པའི་ལོ་རྒྱུས་བཞུགས།།

༄༅། །བླ་མ་དམ་པ་རྣམས་ཀྱི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །བཅོམ་ལྡན་འདས་བདེ་མཆོག་འཁོར་ལོ་ལ་ཕྱག་འཚལ་ལོ། །དཔལ་བཅོམ་ལྡན་འདས་ཀྱི་མངོན་པར་རྟོགས་པའི་བླ་མ་བརྒྱུད་པའི་རིམ་པའི་གཏམ་རྒྱུད་ཅུང་ཟད་ཙམ་བརྗོད་པར་བྱ་ན། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དབང་བསྐུར་ཞིང་གསང་སྔགས་ཀྱི་ཐེག་པ་རྣམས་ཇི་ལྟ་བ་བཞིན་དུ་རྗེས་སུ་གཏད་པ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ཡིན། དེས་དབང་བསྐུར་ཞིང་རྒྱུད་བྱིན་གྱིས་བརླབས་ཏེ་ཡང་དག་པའི་གདམས་པ་གནང་བ། གཞུང་ལ་ལ་ན་བློ་གྲོས་བྱང་ཆུབ་བྱ་བ་ཡོད། སློབ་དཔོན་བྲམ་ཟེ་ཆེན་པོ་ས་ར་ཧ་པ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་འཛམ་བུའི་གླིང་དུ་ལོ་བརྒྱ་ཕྲག་བཅོ་བརྒྱད་དུ་བཞུགས་པར་གྲགས་པ་དེ་ཡིན་ལ། དེས་དེ་བཞིན་དུ་བྱིན་གྱིས་བརླབས་ཤིང་གདམས་པ་ནི། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཅེས་བྱ་བ་ས་དང་པོ་ཆོས་ཉིད་ཀྱི་བདེན་པ་མཐོང་བ། མདོ་སྡེ་དུ་མ་ནས་ལུང་བསྟན་པ། སྟོང་པ་ཉིད་སྨྲ་བའི་སེང་གེར་གྲགས་པ་དེ་ཡིན་ལ། དེས་བྱིན་གྱིས་བརླབས་ཤིང་གདམས་པ་ནི། སློབ་དཔོན་བྲམ་ཟེ་ས་ར་ཧ་ཆུང་ངུ་ཞེས་བྱ་བ་ལུས་དེ་ཉིད་ཀྱིས་མཆོག་གི་དངོས་གྲུབ་ཐོབ་པར་གྲགས་པ་དེ་ཡིན་ལ། དེ་དང་ལཱུ་ཧི་པ་མཇལ་བའི་ལུགས་ནི་འདི་ལྟར་ཐོས་ཏེ། ས་ར་ཧ་པ་བཏུལ་བའི་དུས་སུ་སློབ་དཔོན་ལཱུ་ཧི་པ་དང་མཇལ་བ་ནི། དེའང་བྲམ་ཟེ་ས་ར་ཧ་ཆུང་ངུ་ཞེས་ཀྱང་གྲགས། དཔལ་ས་བ་རི་པ་དབང་ཕྱུག་ཅེས་བྱ་བ་ལུས་དེ་ཉིད་ཀྱིས་མཆོག་གི་དངོས་གྲུབ་ཐོབ་པར་གྲགས་པ་དེ་ལ་གདམས་ཏེ། དེའང་གྲོང་དང་གྲོང་ཁྱེར་རྣམས་སུ་བསོད་སྙོམས་ལ་གཤེགས་པའི་དུས་སུ་མཐར་གྱིས་བྷ་རེནྡྲན་རྒྱལ་པོ་ཆེན་པོར་གྲགས་པ་ཤྲཱི་དྷརྨ་པཱ་ལ་ཞེས་བྱ་བའི་ཕོ་བྲང་འཁོར་དུ་བསོད་སྙོམས་ལ་གཤེགས་པའི་དུས་སུ་དེ་ན་རྒྱལ་པོའི་ཡི་གེ་པ་ཞེས་བྱ་བ་རྒྱལ་པོ་གཞན་ལ་ཕར་ཕྲིན་དུ་བསྐུར་བའི་ཡི་གེ་རེ་རེའི་ནང་དུ་ཚིགས་སུ་བཅད་པ་རེས་དོན་འདུས་པ། གཉིས་ཀྱིས་དོན་འདུས་པ་ལ་སོགས་པ་བསྐུར་བ་དང༌། སླར་ཚུར་ཡང་དེ་ལྟ་བུའི་ལན་བྱུང་བ་ཀློག་ཅིང༌། དེ་ལྟ་བུ་ལ་ཡིད་རྩེ་གཅིག་ཏུ་བྱེད་པ་ཅིག་གཟིགས་ཏེ། དེ་ལ་ཡང་དག་པའི་གདམས་ངག་གི་སྣོད་དུ་རུང་བར་གཟིགས་ནས། སློབ་དཔོན་གྱིས་ཁྱོད་ཡང་དག་པའི་གདམས་ངག་འདོད་དམ་གསུངས་པས་ཁོ་བོ་ནི་ཅི་སྟེ་མི་འདོད་དེ་འདོད་ཅེས་འཛེར་ཏོ། །འོ་ན་ཁྱོད་ལ་དབང་བསྐུར་དགོས་པས་དེའི་ཡོ་བྱད་ཚོལ་ཅིག་གསུངས་ཏེ་བཙལ་ནས་དབང་བསྐུར་ཏེ་ཡང་དག་པའི་རྒྱུད་དང་གདམས་ངག་ཐམས་ཅད་བྱིན་ཏེ། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང༌། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་བསྟན་དུ་མེད། །གསུང་ཏེ་མི་སྣང་བར་གྱུར་ཏོ། །དེ་ནས་དེས་བསམས་པ། བདག་གིས་རྒྱལ་པོའི་བྱ་བ་བྱས་ན་བདག་གིས་བསྒྲུབ་པ་སྙིང་པོར་བྱ་བར་མི་འོང༌། མ་བྱས་ན་བདག་གི་འཚོ་བ་གཞན་ཤིང་ཐོགས་ལ་སོགས་པས་བྱས་ན་དབྱར་དང་སྟོན་འབྱུང་ཡང་དགུན་དང་དཔྱིད་མི་འབྱུང༌། སློབ་དཔོན་བཞིན་བསོད་སྙོམས་བྱས་ན་བདག་ལྟ་བུ་ལས་དང་པོ་པ་བྱིན་པ་ལ་རྗེས་སུ་ཆགས་པ་སྐྱེ་ལ་མ་བྱིན་པ་ལ་ཁོང་ཁྲོ་བ་སྐྱེ་བས་ཇི་ལྟར་བྱ་བསམས་ཤིང་ཕྱིན་པས་མཐར་གྱིས་བྷཾ་ག་ལ་ཞེས་བྱ་བ་གདྒཱའི་འགྲམ་ཉ་པའི་གྲོང་ཁྱེར་ན་ཉ་མང་པོ་བསད་ནས་དེའི་ལྟོ་ལྡི་རྣམས་སྤུངས་པ་མཐོང་ནས་འདི་ལ་བདག་པོ་ཡོད་དམ་མེད་དྲིས་པས་མེད་ཟེར་ནས་འོ་ན་ཁོ་བོས་འདི་བཟློག་པའི་ནུས་པ་ནི་མེད་དེ། བཟའ་བར་སང་བས་དེ་མི་འཇུ་བར་བྱུང་ནས་ངའི་བླ་མ་ས་བ་རི་པའི་གདམས་པ་ཐ་མལ་པའི་གཏུམ་མོ་དང་འོད་ཀྱི་གཏུམ་མོ་ཁ་སྦྱར་བ་བསྒོམས་པས་ནི་མཚན་མ་དང་རྣམ་པར་རྟོག་པའང་འཇུ་ན། འདི་ལྟ་བུ་ཅིའི་ཕྱིར་འཇུ་མི་ནུས་སྙམ་ནས་ཟོས་པས་ཞུའོ། །དེས་ཡུལ་དེར་འཚོ་བ་ཉའི་ལྟོ་ལྡི་ལ་བརྟེན་ཏེ་བསྒྲུབ་པ་སྙིང་པོར་བྱས་པས་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་སྐྱེས་ནས། དངོས་གྲུབ་ཐོབ་པས་ཡུལ་ཀུན་ཏུ་སྔར་གྱི་ཡི་གེ་པ་དེ་ལཱུ་ཧི་པ་ཞེས་བྱ་བའི་རྣལ་འབྱོར་པ་དངོས་གྲུབ་ཐོབ་བོ་ཞེས་གྲགས་ཏེ། རྒྱལ་པོས་ཀྱང་ཐོས་ཏེ་ཡུལ་ཁམས་ཐམས་ཅད་དུ་བཙལ་བས་མ་རྙེད་དོ། །དེ་ནས་སློབ་དཔོན་གྱིས་སྔར་གྱི་རྒྱལ་པོ་དེ་གདུལ་བའི་དུས་ལ་བབ་པར་གཟིགས་ནས། དེ་ཆོས་ལ་གཟུད་པར་དགོངས་ཏེ་རྒྱལ་པོའི་གྲོང་ཁྱེར་དུ་གཤེགས་སོ། །དེའི་དུས་སུ་རྒྱལ་པོ་དེ་ལ་རྒྱལ་ཕྲན་གཞན་ཞིག་དཔྱ་འབུལ་དུ་འོངས་པས་སྲང་ཐམས་ཅད་ཕྱག་དར་བྱས། དར་གྱི་ལྔ་ལྡིས་བརྒྱན། སྤོས་ཁང་དང་བཅས། གདུགས་དང་བླ་རེས་ཀྱང་བརྒྱན་ཅིང་སྐྱེད་མོས་ཚལ་དུ་རྒྱལ་པོའི་ཁྲི་སྟེང་དུ་གཟིམས་ཏེ་བཞུགས་སོ། །དེ་ནས་རྒྱལ་པོ་འོང་བའི་སྔོན་ལ་བྲམ་ཟེ་མདུན་ན་འདོན་བྱ་བ་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་བརྗོད་ཅིང་ཀུ་ཤ་རྣ་ལྟག་ཏུ་གཟེར། རིལ་བ་སྤྱི་བླུགས་དང་ཚངས་སྐུད་དང་བཅས་པ་འོངས་ཏེ་སྲང་ལ་སོགས་པའི་མི་གཙང་བ་རྣམས་དག་པར་བྱས་ཏེ་སྔོན་ལ་འོངས་པས་མི་མདོག་སྔོ་བ་ཉི་ལྷགས་ཀྱིས་ཁྱེར་བ་སྐྲ་འཛིངས་པ། གོས་མེད་པ་ཉའི་རྒྱུ་མ་ཟ་བ་ཅིག་རྒྱལ་པོའི་ཁྲི་ལ་འདུག་པ་མཐོང་ནས། སླར་ལོག་སྟེ་རྒྱལ་པོ་ལ་བསྙད་པས་དེ་ཐོན་ཅིག་ཟེར་ནས་བཏོན་པས་བྲམ་ཟེས་མ་ཐོན། མི་གཞན་མང་པོས་གྲོགས་བྱས་ཏེ་བཏོན་པས་ཀྱང་རིན་པོ་ཆེ་ལ་འཇུས་པ་དང་འདྲ་བར་འདུག་སྟེ། མ་ཐོན་ནས་སླར་བྲམ་ཟེ་ལ་སྡང་མིག་གིས་ལྟ་ཞིང་གླུ་བླངས་པ། འཇིག་རྟེན་གསུམ་འདིར་རྒྱ་ཁྱོན་ཇི་ཙམ་ཡིན། །ཞི་བ་མ་ལུས་པ་འདི་ཇི་ཙམ་ཡིན། །དེ་ཆ་ཉིད་ཀྱིས་གཅིག་ནི་གཅིག་ཡིན་ཏེ། །མི་བདག་གཞན་ནི་དེ་ཡི་གཡོག་ཡིན་ན། །བློ་བཟང་དེ་ཡང་དམ་པ་གཞན། །སྐྱོད་ལ་བཞད་གད་དུ་བྱེད་པ། །ཨེ་མ་འཁོར་བ་ངོ་མཚར་ཆེ། །མ་སྨྲས་གཞན་གྱིས་ཅི་ཞིག་བྱ། །ཞེས་གླུ་བླངས་སོ། །དེ་ནས་བྲམ་ཟེས་དེ་དག་རྒྱལ་པོ་ལ་བསྙད་དེ་མ་ཐོན་ནོ་ཞེས་བྱས་པས། རྒྱལ་པོ་ན་རེ་དེ་ཉིད་བལྟ་བའི་ཕྱིར་འདོང་ངོ་ཞེས་ཟེར་ཏེ་དཔུང་དང་བཅས་པ་ཕྱིན་པས་སློབ་དཔོན་གྱིས་སྡང་མིག་གིས་བལྟས་པས་ཐམས་ཅད་རེངས་སོ། །དེར་བློན་པོ་རིག་པ་ཅན་ཅིག་གིས་དངོས་གྲུབ་ཐོབ་པར་ཤེས་ནས་གུས་པ་བྱས་པས་གྲོལ་ལོ། །དེས་རྒྱལ་པོ་ལ་བསྒོ་ནས་དེ་བཞིན་བྱས་པས་གྲོལ་ལོ། །གཞན་ཐམས་ཅད་ཀྱིས་ཀྱང་དེ་བཞིན་དུ་བྱས་པས་ལུས་ངག་རེངས་པ་དང་སེམས་མྱོས་པ་ལས་གྲོལ་ལོ། །དེ་ནས་རྒྱལ་པོས་ཁྱོད་སུ་ཡིན་བྱས་པས་སློབ་དཔོན་ན་རེ་ཁྱོད་ཀྱང་སུ་ཡིན་གསུང་ངོ༌། །རྒྱལ་པོས་ང་རྒྱལ་པོ་ཡིན་བྱས། སློབ་དཔོན་ན་རེ་ང་ཡང་རྒྱལ་པོ་ཡིན་གསུང་ངོ༌། །རྒྱལ་པོ་ན་རེ། ཁྱོད་ལ་རྒྱལ་པོའི་ལོངས་སྤྱོད་དང༌། མལ་སྟན་དང༌། ཆུང་མ་དང༌། བསིལ་ཡབ་དང༌། སྒྲོན་མ་ལ་སོགས་པ་མི་འདུག་བྱས་པས་སློབ་དཔོན་གྱིས་གླུ་བླངས་པ། ས་གཞི་མལ་སྟན་ཆེན་པོ་ལག་གཉིས་སྔས་ནི་འབོལ་ལ་འཁྲིལ། །ཉི་ཟླའི་སྒྲོན་མ་གསལ་ཞིང་བསིལ་ཡབ་རྗེས་སུ་མཐུན་པའི་རླུང༌། །ནམ་མཁའི་བླ་རེ་ཆགས་སྒྲོལ་སྟོང་པའི་བུད་མེད་ལ་སྤྱོད་དེ། །ཨེ་མ་རྒྱལ་ལྟར་སྲིད་ན་འཇིགས་མེད་རྣལ་འབྱོར་བདེ་ཉལ་རྒྱལ་པོ་ཡིན། །ཅེས་གསུངས་པས་རྒྱལ་བློན་གཉིས་དད་དེ་ཞབས་ལ་འཇུས་ནས་ཡང་དག་པའི་གདམས་ངག་ཞུ་བྱས་པས། ཁྱོད་ནི་རིགས་སྙེམས་པའི་གང་ཟག་ཡིན་པས་སྣོད་དུ་མི་རུང་ངོ་གསུངས་པས་རྒྱལ་བློན་གཉིས་ཀྱིས་རྒྱལ་སྲིད་ཀྱི་བྱ་བ་བཏང་སྟེ། ཞབས་ལ་འཇུས་ནས་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་ཏེ། ཡང་དག་པའི་གདམས་ངག་གནང་སྟེ་རྒྱལ་པོ་ལ་ཁྱོད་ཟས་ཀྱི་བྱ་བ་ཅི་ལ་དགའ་གསུངས་པས། བྱ་བ་རྣམས་ནི་བློན་པོས་བྱེད་པས་ཁོ་བོ་ནི་རྟག་ཏུ་ཆང་འཐུང་བ་ལ་དགའོ་ཞེས་བྱས་པས་འོ་ན་ཁྱོད་ཤར་ལྷོ་ན་ཨོ་ཌེ་བི་ཤ་ཞེས་བྱ་བ་དེའིའང་བྱེ་བྲག་ཙ་རི་ཏྲ་བ་ཞེས་བྱ་བར་ཤིན་ཏུ་ཆང་མང་བས་དེར་སོང་ལ་འབྲས་རྡུངས་ཤིག་ཅེས་གསུངས་ཏེ་བཏང་ངོ༌། །བློན་པོ་ལ་ཅི་ལ་དགའ་བྱས་པས་ཁོ་བོ་ནི་རྟག་ཏུ་རྒྱལ་པོའི་བྱ་བ་བྱེད་དགོས་པས་དེ་ལ་ཆང་འཐུངས་ན་བྱ་བ་མི་འོང་བས་གོ་ལ་ལ་དགའོ་བྱས་པས། འོ་ན་ཁྱོད་ལྷོ་ཕྱོགས་ན་ཌཱ་ཀི་ན་པ་ཞེས་བྱ་བ་དེའིའང་བྱེ་བྲག་ཀཱཉྩི་ན་ག་ར་ཞེས་བྱ་བར་སྨད་འཚོང་མ་གཟུགས་བཟང་བ་ཡོད་པས་དེར་འོང་བ་བསུ་བ་དང་ཕར་འགྲོ་བ་སྐྱེལ་པ་ཐམས་ཅད་ཀྱིས་གོ་ལ་སྟེར་བས་སྨད་འཚོང་མའི་གཡོག་གྱིས་གསུངས་ནས་དེར་བཏང་ངོ༌། །རྒྱལ་བློན་གཉིས་ཀྱིས་རང་རྐྱ་མ་ཐུབ་ཏུ་དོགས་ནས་དཔལ་མངོན་པར་རྟོགས་པ་ཞེས་བྱ་བའི་སྒྲུབ་ཐབས་འདི་དེའི་དུས་སུ་མཛད་དེ། རྒྱལ་བློན་གཉིས་ལ་བྱིན་ནས་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་དེས་གྲོང་ཁྱེར་དེར་ཕྱིན་ཏེ། ཁྱིམ་བདག་ཅིག་གི་འབྲས་བརྡུངས་ཏེ༌། དེ་ལ་བལྟས་པས་འབྲས་ཀྱི་སོ་བ་དང་ཕུབ་མ་ཇེ་ཉུང་ཇེ་ཉུང་སོང༌། འབྲས་ཁར་མ་ཇེ་གསལ་ཇེ་གསལ་སོང་བ་མཐོང་བས་དེ་བཞིན་དུ་ཡང་དག་པའི་གདམས་ངག་གིས་མཚན་མ་དང་རྣམ་པར་རྟོག་པ་སྦྱངས་བས་དེ་ཇེ་ཉུང་ཇེ་ཉུང་སོང༌། གཉུག་མའི་ཡེ་ཤེས་ཇེ་གསལ་ཇེ་གསལ་འགྲོ་བར་དགོངས་པས་དེ་ལ་སེམས་ཡེངས་པའི་བར་དུ་ཕུག་རོན་གྱིས་འབྲས་བཏུས་པས་ཉུང་དུ་སོང༌། དེ་ནས་དེ་ཇོ་མོས་ཚོར་ནས་རྒོལ་དུ་བྱུང་གིས་དོགས་པས་གྲོང་པ་ཐམས་ཅད་ཀྱིས་འབྲས་ཕྱི་རོལ་ན་སྤུངས། དེ་རྣམས་ཁྱིམ་དུ་ཟས་ཟ་བའི་དུས་སུ་དེ་ལ་བཀུས་པས་ནམ་མཁའ་ལས་དངོས་གྲུབ་ཞག་གམ་ཟླ་བས་རིང་དུ་གྱུར་ཏོ་ཞེས་སྒྲ་བྱུང་ངོ༌། །དེ་བཞིན་དུ་འཚོ་བ་འབྲས་བརྡུངས་པ་ལས་བྱས་ཏེ་སྒྲུབ་པ་སྙིང་པོར་བྱེད་ཅིང་འདུག་པ་ལས་ལན་ཅིག་སྒོ་འགྲམ་ན་ཉལ་བ་ལ་འོད་ཀོར་རེ་འདུག་པ་དེ་ཇོ་མོས་མཐོང་ནས་དད་པ་སྐྱེས་ནས། ཁྱོད་འབྲས་མ་བརྡུང་བར་ངས་འཚོ་བ་སྦྱིན་བྱས་པས་འོད་བརྟུལ་ཏེ། ང་ལ་ཡོན་ཏན་གྱི་ཁྱད་པར་ཅི་ཡང་མེད་ཟེར་ནས་ཞག་འགར་འོད་མེད་པར་བྱས་སོང༌། དེ་ནས་སྐབས་སུ་གླུ་ལེན་པ་ནི། གང་ཞིག་ཡིད་ལ་མི་བྱེད་སོ་བ་ནི། །ཡིད་རྨོངས་བྱེད་པའི་སོ་བའི་ཕྱེ་མ་དག །དེ་ཞོན་ནས་ནི་དྲུས་པ་དེ་སེལ་བྱེད། །དེ་ཡིས་ལྷན་ཅིག་སྐྱེས་པའི་འདོད་པ་དག །ཇི་ལྟར་འཇུག་པ་གསལ་བར་བྱས་པ་སྟེ། །རིང་དུ་འགྲོ་འདོད་པ་ནི་འབྲས་རྡུང་བའོ། །ཕབས་མེད་ཆུ་ཡང་མེད་ཅིང་ཤིང་ལྤགས་རྩ་བ་མེད། །ཡེ་ཤེས་ཆེན་པོ་འདི་ནི་འགྲམ་གཉིས་ཐོབ་འགྱུར་ཏེ། །ཡུལ་རྣམས་བརྡུངས་ནས་ང་ཡིས་གཅིག་ཏུ་བྱས། །རླུང་གི་ཐེག་པས་རོ་མཉམ་དྲང་བར་བྱས། །སོ་བ་མེད་ཅིང་འབྲས་རྣམས་མེད་ཀྱང་ནི། །དུས་རྣམས་ཀུན་ཏུ་ང་ནི་འབྲས་རྡུང་བའོ། །ཞེས་གསུངས་ཏེ། དེ་ནས་འབྲས་རྡུང་བའི་མིང་ཌེཾ་གི་ཟེར་བས་དེས་ན་དེ་ལ་དཔལ་ཌེཾ་གི་བ་ཟེར་རོ། །དེ་ནས་ཀུན་གྱིས་གྲུབ་པ་ཐོབ་པར་ཤེས་ནས་རྒྱལ་པོ་ལ་སོགས་པ་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཏེ། སོ་འབྲས་བརྡུང་བ་བཞག་ནས་གྲོང་བར་ཐམས་ཅད་ཌོཾ་ཞིང་མཐར་ཧ་སྟེ་དེ་ཡང་ཟེར། ཙ་རི་ཏྲ་བའི་མི་ཕྱུགས་ཐམས་ཅད་ཀྱང་ཟེར་ཏེ། དེ་དག་དང་བཅས་ཏེ་མཁའ་ལ་སྤྱོད་པའི་དངོས་གྲུབ་ཐོབ་བོ། །བློན་པོས་ཀྱང་ཀཱཙྪི་ན་ག་རར་ཕྱིན་ཏེ། སྨད་འཚོང་མའི་གཡོག་བྱས་ཏེ་དེར་རྒྱལ་པོའི་བུ་ལ་སོགས་པ་ཚུར་འོང་བ་རྣམས་ཀྱི་གཡོག་བྱས་པས་ཀྱང་གོ་ལ་སྟེར། ཕར་འགྲོ་བ་རྣམས་ཀྱང་གོ་ལ་སྟེར་བས་དེ་ལྟ་བུ་ལ་འཚོ་བ་བརྟེན་ཏེ་བསྒྲུབ་པ་སྙིང་པོར་བྱས་པས་རྟོགས་པ་སྐྱེས་ཏེ་གྲུབ་པ་ཐོབ་བོ། །དེ་ལྟར་སློབ་དཔོན་དྷ་རི་ཀ་པ་ཞེས་བྱ་བ་ཡིན་ཏེ། དེར་མི་ཐམས་ཅད་ཀྱིས་ཀྱང་གཡོག་བྱས་ཏེ། ཟས་ཀྱི་ཕུད་ལ་སོགས་པ་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པས་མཐར་གྲོང་ཁྱེར་དེ་ན་གནས་པའི་མི་ཐམས་ཅད་ཀྱིས་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་བོ།།  །།སློབ་དཔོན་འདིའི་གླུ་ཚིགས་སུ་བཅད་པ་གཉིས་ཙམ་ཡོད་དེ་བརྗེད་གསུང་སྐད། དེའི་སློབ་མ་རྡོ་རྗེ་དྲིལ་བུ་པ། དེའི་སློབ་མ་རུས་སྦལ་གྱི་ཞབས་ཅན་ཡིན་ཏེ། དེ་གཉིས་ཀྱི་ལོ་རྒྱུས་ནི། རྡོ་རྗེ་དྲིལ་བུ་པའི་སྟེང་དུ་བརྗོད་དགོས་སོ། །དེའི་སློབ་མ་ཤྲཱི་ཛཱ་ལནྡྷ་ར་ཆེན་པོ། དེའི་སློབ་མ་ནག་པོ་སྤྱོད་པ་བ། དེའི་སློབ་མ་གུ་ཧྱ་པ། དེའི་སློབ་མ་ཨནྟར་བི་ཛ་ཡ་སྟེ་བར་མ་རྣམ་རྒྱལ་བྱ་བ་ཡིན་ཏེ། དེ་དག་གི་ལོ་རྒྱུས་ནི་ནག་པོ་ཆོས་དྲུག་གི་སྟེང་དུ་བརྗོད་དགོས་སོ། །བླ་མ་ཁ་ཅིག་གི་ཞལ་ནས་དྷ་རི་ཀ་པ་དངོས་ཀྱི་སློབ་མ་ཨནྟར་བི་ཛ་ཡ་པ་ཞེས་བྱ་བ་བར་མ་རྣམ་རྒྱལ། སློབ་དཔོན་བྱ་བ་དྷ་རི་ཀ་པ་དང་ཏི་ལོ་པའི་བར་དུ་བྱུང་བས་ཟེར་བ་ཡིན་ཏེ། དེས་ཀྱང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་བོ་ཟེར་ཏེ། སློབ་དཔོན་ནག་པོ་སྤྱོད་པ་བས་མཛད་པའི་སྡོམ་པ་བསྟན་པས་དཔང་པོ་བྱས་ནས་སྔ་མ་ཉིད་དག་པ་ཡིན་ནོ། །དེའི་སློབ་མ་ཏི་ལོ་པ་ཡིན་ཏེ་དེའང་དང་པོ་རྒྱལ་རིགས་ལས་རབ་ཏུ་བྱུང་སྟེ། མཚན་ཡང་ཤེས་རབ་བཟང་པོ་ཞེས་བྱ་བར་གྲགས་སོ། །དེ་ཡོངས་སུ་རྫོགས་པའི་པཎྜི་ཏར་གྱུར་ཏོ། །དེའང་བླ་མས་ཏིལ་བརྡུང་བར་རིགས་ཕབ་སྟེ། ཏི་ལོ་པ་ཞེས་བྱ་བར་གྲགས་ཏེ་དེས་ཀྱང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་བོ། །དེའི་སློབ་མ་དཔལ་ནཱ་རོ་ཏ་པ་ཡིན་ཏེ། དེའང་ཡབ་ཁ་ཆེ་ཁོང་ཉིད་མ་ག་དྷཱ་ར་སྐུ་འཁྲུངས་པ་བྲམ་ཟེའི་རིགས་སུ་སྐྱེས་ཏེ་རིག་བྱེད་ལ་སོགས་པ་ཕྱི་རོལ་པའི་གཞུང་དུ་མ་ལ་མཁས་པར་གྱུར། དེ་ནས་སངས་རྒྱས་པའི་ཐེག་པ་ལའང་ཞུགས་ཏེ། བྷྲི་ཀ་མ་ལ་ཤཱི་ལར་རབ་ཏུ་བྱུང་ནས་རིག་པའི་གནས་ལྔ་ལ་མཁས་པར་གྱུར་ཏོ། །དེའི་བྷྲི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་ན་དུས་མཉམ་པའི་པཎྜི་ཏ་མཁས་པ་སྒོ་དྲུག་ཅེས་བྱ་བ་ཡོད་དེ། ཤར་ཕྱོགས་ཀྱི་སྒོ་སྲུང་སློབ་དཔོན་ཤཱནྟི་བ་དེ་ནས་སྒྲ་ཚད་འདྲི་བ་འོང་བས་དེའི་རྩོད་པ་བཟློག ལྷོ་ན་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ་དེ་ནས་རྩོད་པ་འོང་བ་ཐམས་ཅད་བཟློག ནུབ་ན་ཤེས་རབ་འབྱུང་གནས་བློ་གྲོས་དེ་ནས་མུ་སྟེགས་ཀྱི་རྩོད་པ་བཟློག བྱང་ན་ཇོ་བོ་ནཱ་རོ་ཏ་པ་དེ་ནས་ཐེག་པ་ཆེན་པོའི་ལུང་འདི་པའི་རྩོད་པ་བཟློག དབུས་ན་ཇོ་བོ་ཛྙཱ་ན་ཤྲཱི་མི་ཏྲ་དང༌། རིན་ཆེན་རྡོ་རྗེ་ཞེས་བྱ་བ་གཉིས་བཞུགས་ཏེ་དེ་གོང་མ་རྣམས་དང་ཆེ་རྒྱུ་དང་ཆུང་རྒྱུ་གང་ཡང་མེད་ཀྱང་དབུས་ཀྱི་ཀ་ཆེན་ཞེས་གྲགས་སོ། །དེ་ལ་གཞན་རྣམས་ཀྱི་མིང་ནི་རབ་ཏུ་བྱུང་བའི་མིང་ཡིན། ཇོ་བོ་ནཱ་རོ་ཏ་པའི་མིང་ནི་རིགས་ལས་མིང་དུ་བཏགས་པ་ཡིན་ཏེ། བྲམ་ཟེ་ལ་དཀར་པོའི་རིགས་བརྒྱད་ནག་པོའི་རིགས་བརྒྱད་དེ་བཅུ་དྲུག་ཡོད་པ་ལས་འདི་བྲམ་ཟེའི་རིགས་བཟང་ཤོས་དཀར་པོ་ཡིན། དེའི་ནང་ནས་ཀྱང་བཟང་བ་ནཱ་རོ་ཏ་ཞེས་བྱ་བ་དང༌། ཀ་ཤ་ཞེས་བྱ་བ་གཉིས་ལས་འདི་དང་པོ་ཡིན་ནོ། །པ་ཞེས་བྱ་བ་ནི་མཆོག་ཏུ་གྱུར་པའམ། བཀུར་བའི་ཚིག་ཡིན་པས་ན་ནཱ་རོ་ཏ་པ་ཞེས་གྲགས་པ་ཡིན་ནོ། །དེ་ནས་སློབ་དཔོན་གྱིས་ཐུགས་ཀྱི་དགོངས་པ་ལ་བདག་ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་ཀྱང་རང་གི་སེམས་བ་འཇོ་ཙམ་ཞིག་ཏུའང་མི་གནས་པས་དེའི་ཐབས་བཙལ་ཏེ། དེའང་རྒྱ་གར་ཤར་ཕྱོགས་ན་ཏི་ལོ་པ་ཞེས་བྱའི་རྣལ་འབྱོར་པ་གྲུབ་པ་ཐོབ་པར་ཡོངས་སུ་གྲགས་པས་དེའི་གམ་དུ་འགྲོའོ་སྙམ་སྟེ། རང་གི་གྲོགས་པོ་ལ་སྦྲན་པས་རིན་ཆེན་རྡོ་རྗེ་ན་རེ་ཁོ་བོ་ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོར་གྱུར་ནས། ཀུ་ས་ལི་ཀུ་སུ་ལུའི་རྐང་པ་ལ་ཕྱག་མི་འཚལ་ལོ་ཞེས་ཟེར་ནས་འགྲོར་མ་ཉན་ནོ། །དེའང་སློབ་དཔོན་ཉིད་ཀྱིས་རྒྱ་གར་ཤར་ལྷོའི་ཕྱོགས་སུ་བྱོན་ཏེ། དེ་ན་ཛྭ་ར་བི་ཧ་ར་རིམས་ནད་འཕྲོག་པའི་གཙུག་ལག་ཁང་ཞེས་བྱ་བ་དེའི་གམ་དུ་རིམས་ནད་ཅན་འོངས་པ་ཐམས་ཅད་ནད་ཞི་ནས་འགྲོ་བས་དེ་སྐད་ཅེས་གྲགས་པས་རིམས་ནད་འཕྲོག་པའི་ལྷ་ཁང་ཞེས་བྱ་བ་དེར་བྱོན་ཏེ། མི་ཐམས་ཅད་ལ་ཏི་ལོ་པ་བྱ་བའི་རྣལ་འབྱོར་པ་དེ་གང་ན་ཡོད་དྲིས་པས། ལ་ལ་ན་རེ་རབ་ཏུ་བྱུང་བའི་ཆ་ལུགས་སུ་བཞུགས་ཟེར། ལ་ལ་ན་རེ་རྣལ་འབྱོར་པའི་ཆ་ལུགས་སུ་བཞུགས་ཟེར་ཏེ་རེས་འདིར་འོང༌། རེས་ཕུལླ་ཧ་རིའི་གཙུག་ལག་ཁང་དུ་འགྲོ་བ་ཡིན་ཞེས་ཟེར་ཏེ་མ་རྙེད་དོ། །ལན་ཅིག་རིམས་ནད་འཕྲོག་པའི་ལྷ་ཁང་གི་ནང་ཐམས་ཅད་ཆོས་སྟོན་ཟ་བའི་ཚེ་དགེ་འདུན་གྱི་གྲལ་བྱེད་པའི་ཕྱི་རོལ་ན་མེ་ཕུང་ཡོད་པའི་གམ་དུ་མི་སྔོ་བ་རིད་པ་ཉི་ལྷགས་ཀྱིས་ཁྱེར་བ་འདོམ་དཀྲིས་ཀྱི་རས་ཙམ་ལས་གོས་མེད་པ་ཅིག་བྱུང་སྟེ། ཉ་རློན་པ་མ་ཤི་བ་ཁ་ཅིག་ཁྱེར་ཏེ་འོངས་ནས་མེ་གསེབ་ཏུ་བཅུག་ཅིང་བསྲེགས་སོ། །དེ་ནཱ་རོ་པས་མཐོང་སྟེ་འདི་བཟློག་གམ་སྙམ་པ་ལ་སྒོ་མ་ཕྱེད་དེ། དེར་ཟས་ཟོས་ཟིན་པ་དང༌། སྒོ་ཕྱེད་དེ་དེར་ཕྱིན་ནས་འདི་ལྟར་མ་བྱེད་བྱས་པས་ཉ་བསྲེགས་པ་རྣམས་ཆུར་བཅུག་སྟེ་ཕུས་བཏབ་པས་ཉ་རྣམས་མ་ཤི་བར་སོས་སོ། །དེར་འདི་ནུས་པ་ཐོན་པ་ཅིག་འདུག་པས་ཏི་ལོ་པ་ཡིན་ནམ་སྙམ་པ་དང༌། ནཱ་རོ་པ་ཡིན་ནོ་ཞེས་ཟེར་རོ། །རེས་ཕྱི་འགྲོས་བྱེད་པ་ལ་སོགས་པ་སྨྱོན་པ་དང་འདྲ་བར་མཐོང་བས་འདི་ཏི་ལོ་པ་མ་ཡིན་ནམ་སྙམ་པ་བྱུང་བ་དང་མཁྱེན་ཏེ་མིན་མིན་ཞེས་གསུངས་སོ། །ཡང་དེས་རེས་མཉམ་པར་འཇོག་པ་དང་འདྲ་བར་འདུག་པས་ཏི་ལོ་པ་ཡིན་ནམ་སྙམ་པ་དེ་མཁྱེན་ཏེ་ཡིན་ཡིན་ཅེས་གསུངས་པས་མངོན་པར་ཤེས་པ་མངའ་བར་ཤེས་ཏེ་ཕྱི་བཞིན་འབྲངས་པས་མི་ཞིག་གིས་རྣལ་འབྱོར་པ་ལ་རས་ཀྱི་སྟོད་གཡོགས་ཤིག་ཕུལ་ཏེ་ལྕགས་ཀྱི་ཐུར་མས་གཟེར་ཏེ་བཏང་ངོ༌། །དེར་ཐུར་མ་བཏོན་ཏེ་ནཱ་རོ་པའི་གསང་གནས་ཀྱི་སྦུ་གུར་བཅུག་སྟེ། གར་སོང་ཆ་མེད་པར་སོང་ངོ༌། །དེར་གསང་གནས་སྐྲངས་ཏེ་འགྲོ་མི་ཤེས་པར་ཡོད་པ་ལ་ཡང་བྱོན་ཏེ་མི་ནའམ་གསུངས་པ་ལས། སྡུག་བསྔལ་ལོ་བྱས་པས་ཐུར་མ་བཏོན་ཏེ་ཕྱག་གིས་རེག་ཅིང་རོ་ག་ན་ཧི་ཞེས་ན་བ་མེད་ཚ་བ་མེད་པར་གྱུར་ཅིག་ཅེས་གསུངས། དུཿཁ་ལས་གྲོལ་ལོ། །ཡང་དེ་བཞིན་དུ་འབྲངས་པས་ཆུ་ཞིག་གི་ནང་ན་སྲིན་བུའི་རིགས་གདུག་པ་ཅན་མང་པོ་འདུག་པ་ལ་སློབ་དཔོན་འགྲོར་མ་བཏུབ་སྟེ་སྐྱེས་བུ་སྙིང་སྟོབས་དང་ལྡན་པ་དག་འདི་ལ་ཟམ་པ་བྱེད་ནུས་སམ་གསུངས་པ་ལ་ནཱ་རོ་པས་དེ་ལ་ཟམ་པ་བྱས་ཏེ་དེའི་སྟེང་ན་སློབ་དཔོན་གཤེགས་ནས་ཕར་བཞུད་དོ། །དེར་ནཱ་རོ་པའི་གསུས་པ་ལ་སྲིན་བུའི་བཏབ་སྟེ་ཆུ་བུར་དུ་སོང་བ་ལ་མི་ནའམ་གསུངས་པ་ལ་སྡུག་བསྔལ་ལོ་བྱས་པས་སྔར་བཞིན་བྱས་ཏེ་དུཿཁ་ལས་གྲོལ་བར་གྱུར་ཏོ། །ཡང་ཕྱི་བཞིན་དུ་འབྲངས་པ་ལས་ལམ་ཀ་ན་རྒྱལ་པོ་དང་རྒྱལ་པོའི་བཙུན་མོ་འཁོར་དང་བཅས་པ་བྱུང་བ་མཐོང་བས་སློབ་དཔོན་ན་རེ། སྐྱེས་བུ་སྙིང་སྟོབས་དང་ལྡན་པ་སུ་དག་རྒྱལ་པོའི་བཙུན་མོ་ལ་སེན་མོས་འདེབས་ནུས་པ་དག་ཡོད་དམ་གསུངས་པས་ནཱ་རོ་པ་བྲམ་ཟེའི་ཆོས་སུ་ཞུགས་ཏེ་རིག་བྱེད་འདོན་ཀྱིན་ཕྱིན་ཏེ། བཙུན་མོའི་མགོར་མེ་ཏོག་བཞག་སྟེ་སེན་མོས་བཏབ་པས་འཁོར་རྣམས་ཀྱིས་ནཱ་རོ་པ་བརྡུངས་སོ། །དེར་སློབ་དཔོན་ན་རེ་སྡུག་མི་བསྔལ་ལམ་གསུངས་པ་ལ་ཤིན་ཏུ་སྡུག་བསྔལ་ལོ་བྱས་པས་སྔར་བཞིན་བྱས་ཏེ་ན་ཚ་ལས་གྲོལ་ལོ། །ཡང་བློན་པོའི་བཙུན་མོ་འཁོར་དང་བཅས་པ་བྱུང་བ་གཟིགས་ཏེ། སྐྱེས་བུ་སྙིང་སྟོབས་དང་ལྡན་པ་དག་བློན་པོའི་ཆུང་མ་ལ་འོ་བྱེད་ནུས་པ་ཡོད་དམ་གསུངས་པ་ལ། ཡང་ནཱ་རོ་པས་སྔར་བཞིན་བརྫུས་ཏེ་འོ་བྱས་པས་འཁོར་རྣམས་ཀྱིས་བརྡུངས་པས་སྔར་བཞིན་བྱས་པས་དུཿཁ་ལས་གྲོལ་ལོ། །ཡང་ཕྱི་བཞིན་དུ་བྱོན་པ་དང་གྲོང་ཁྱེར་ཞིག་ན་དགའ་སྟོན་བྱེད་པ་ལས་ཚོད་མ་བསླངས་ཏེ། སློབ་དཔོན་ལ་ཕུལ་བས་དེ་གསོལ་ཏེ་ཤིན་ཏུ་ཞིམ་མོ་གསུངས་པ་ལ། ནཱ་རོ་པས་ད་རུང་གསོལ་བ་འདུག་སྙམ་སྟེ། ཡང་སློང་དུ་ཕྱིན་པས་མི་སྟེར་བ་ལ་ཁོང་གིས་ཁྱིམ་དུ་ཕྱིན་ཏེ་སྔར་གྱི་ཚོད་མ་དེ་འདྲ་བ་འདུག་པའི་ཟངས་ཅིག་འདུག་པ་དེ་བྲང་ལ་བཀབ་སྟེ་བྲོས་ནས་འོངས་པ་ལ། མི་མང་པོས་བརྡུངས་ཀྱང་ཟངས་མ་ཤོར་ཏེ། མི་རྣམས་ན་རེ་བརྐམ་ཆགས་ཅན་ཁྱོད་ཚོད་མ་ཁྱེར་ལ་ཟངས་བུ་བྱིན་ཅིག་ཟེར་བས་ཤིང་ལོའི་ཁུད་དུ་ཚོད་མ་བླུགས་ཟངས་བུ་གཏད་དེ་ཚོད་མ་སློབ་དཔོན་ལ་ཕུལ་བས་དགྱེས་ཏེ་གསོལ་ལོ། །ཡང་ཕྱི་བཞིན་དུ་འབྲངས་པས་སྔར་གྱི་དགེ་འདུན་གྱི་གཙུག་ལག་ཁང་སུམ་ཐོག་ཡོད་པའི་སྟེང་དུ་ཕྱིན་ཏེ། སྙིང་སྟོབས་དང་ལྡན་པ་སུས་འདི་ན་མར་མཆོངས་ནུས་སམ་གསུངས་པ་ལ། ནཱ་རོ་པས་དུཿཁ་མྱུར་དུ་བདེ་ནས་འགྲོ་སྙམ་ནས་མཆོངས་པས་མི་རྣམས་ན་རེ། འདི་སྨྱོན་པའོ་ཟེར་ཏེ་འཛིན་དུ་བྱུང་བ་ལ་མི་སྟེང་ན་འདུག་པ་ཡ་གི་འོང་དུ་ཆུག་ཅིག་ཟེར་ནས་བསྡད་པས། སློབ་དཔོན་སྔར་གྱི་མྱུར་དུ་བདེ་འགྲོ་སྙམ་པ་དེས་ཞག་འགའ་མ་བྱོན་དེར་ཤིན་ཏུ་སྡུག་པས་ཕྱིས་བྱོན་ཏེ་སྡུག་མི་བསྔལ་ལམ་བྱས་པ་ལ་སྡུག་བསྔལ་ལོ་བྱས་པས། ཚིག་འཐོན་པ་རྣམས་བཅུག་སྟེ་ཚ་བ་དང་ན་བ་མེད་པར་གྱུར་ཅིག་གསུངས་པ་ཙམ་གྱིས་དུཿཁ་ལས་གྲོལ་ལོ། །ཡང་ཕྱི་བཞིན་དུ་འབྲངས་པ་ལས་ནགས་འདབ་ཞིག་ཏུ་བྱོན་ཏེ་དེར་ཤིང་གདུག་པ་ཅན་མང་པོ་ལ་མེ་སྤར་ཏེ། སྙིང་སྟོབས་དང་ལྡན་བ་སུས་འདིར་ལག་པ་འཛུད་ནུས་སམ་གསུངས་པ་ལ། ནཱ་རོ་པས་ལག་པ་བཅུག་པས་ཆུ་བུར་དུ་སོང་བ་ལ་སློབ་དཔོན་ན་རེ་སྡུག་བསྔལ་བར་མ་གྱུར་ཏམ་ཞེས་གསུངས་པ་ལས་སྡུག་བསྔལ་ལོ་བྱས་པས་སྔར་བཞིན་དུ་བྱས་པས་དུཿཁ་ལས་གྲོལ་ལོ། །ཡང་ཕྱི་བཞིན་དུ་འབྲངས་པས་ཐང་སྟོང་པ་ཞིག་ཏུ་སླེབ་པ་དང་དེར་ཅུང་ཞིག་མཉམ་པར་འཇོག་པ་བྱས་ནས། དེར་ཁྱོད་ཡུན་རིང་པོར་ཚ་གྲང་ལ་སོགས་པ་གང་ཡང་ཡིད་ལ་མི་བྱེད་པར་དཀའ་བ་སྤྱོད་པ་ཅི་དོན་དུ་གཉེར་བ་ཡིན་གསུངས་པ་ལ། ནཱ་རོ་པས་ཁོ་བོ་ནི་ཡང་དག་པའི་གདམས་ངག་འདོད་པ་ཡིན་ནོ་བྱས་པས། འོ་ན་ཡང་དག་པའི་གདམས་ངག་སྦྱིན་གྱི་མཎྜལ་གྱིས་གསུངས་པ་ལ། ཆུ་མེད་བྱས་པས་རང་གི་དྲི་ཆུས་ཀྱིས་གསུངས་ཏེ། མཎྜལ་བྱས་ནས་མེ་ཏོག་བཀྲམ་པ་དང༌། སློབ་དཔོན་གྱིས་མཎྜལ་གྱི་འཇིམ་པ་ཅིག་བླངས་ཏེ། ནཱ་རོ་པའི་ཞལ་ལ་བརྒྱབ་པ་དང་མི་རྟོག་པ་སྐྱེས་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཚོན་པར་བྱ་བའི་ཕྱིར་བྱིན་གྱིས་བརླབ་པ་མཛད་དོ། །དེ་ནས་དང་པོ་དབང་དང་རྒྱུ་དང་བསྟན་བཅོས་རྣམས་གསུངས། དེ་ནས་གདམས་ངག་གི་གཞི་འཁོར་བའི་གནད་རྩ་དང་རླུང་དང་བྱང་ཆུབ་ཀྱི་སེམས་དང་བསྐྱེད་པའི་རིམ་པ་ལ་སོགས་པ་མཚོན་བྱེད་ཐམས་ཅད་བསྟན་ནས་མཚོན་བྱ་དོན་ཞུས་པ་ལས། ཀྱེ་ཧོ། འདི་ནི་རང་རིག་ཡེ་ཤེས་ཆེན་པོ་སྟེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏི་ལོ་ང་ཡིས་ཅི་ཡང་བསྟན་དུ་མེད། །རང་ལ་རང་གིས་བསླན་ཏེ་ཤེས་པར་བྱོས། །ཞེས་གླུ་བླངས་ཏེ་རྒྱ་མཚོ་དང་འདྲ་བའི་མཚོན་བྱ་བསྟན་ནས་ཆུ་བོ་དང་འདྲ་བའི་མཚོན་བྱེད་རྩ་རླུང་ལ་སོགས་པའང་གནང་སྟེ། ད་ཁྱོད་པཎྜི་ཏའི་ཆས་མ་འཛིན་པར་རྣལ་འབྱོར་པའི་ཆས་ཟུང་ལ་སྒྲུབ་པ་སྙིང་པོ་གྱིས་ཤིག་དང་སྐྱེ་བ་འདིར་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །པཎྜི་ཏའི་ཆས་བཟུང་ནས་རྩོད་པ་བྱས་ན་ཆོས་ལ་སྨོད་པའི་ལྟུང་བ་དྲུག་པ་འབྱུང་སྟེ། དངོས་གྲུབ་མི་ཐོབ་བོ་གསུངས་ཏེ། དམ་ཚིག་ཕོག་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ནཱ་རོ་པས་ཕུལླ་ཧ་རི་ཞེས་བྱ་བ་མེ་ཏོག་བཟང་པོ་རྣམས་ཀྱང་དེའི་ཚོན་གྱིས་ཟིལ་གྱིས་གནོན་པས་མེ་ཏོག་གི་མདོག་འཕྲོག་པའི་ལྷ་ཁང་ཞེས་བྱ་བ། དེ་ལ་ཉེ་བའི་བྱང་ཕྱོགས་ན་གྲོང་ཁྱེར་ཆུང་བ་ཅིག་ཡོད་པ་ན་རྒན་མོ་ཅིག་གིས་བཤོས་འདྲེན་ཅིང་སྒྲུབ་པ་སྙིང་པོར་བྱེད་ཅིང་བཞུགས་པ་ལས། དུས་ནམ་ཞིག་ན་མུ་སྟེགས་གཅེར་བུ་བ་རྣམས་རྩོད་པ་རྒྱལ་ཏེ་སངས་རྒྱས་ཀྱི་བསྟན་པ་འཇིག་པར་ཉེ་བ་ན། རྒྱལ་པོས་པཎྜི་ཏ་ལྔ་བརྒྱ་བསོགས་ཏེ། མེ་ཏོག་གི་ཕྲེང་བ་གཏད་པས་སུས་ཀྱང་ལེན་མ་ནུས་ནས། རྒྱལ་པོ་ན་རེ། ད་རུང་ཁྱེད་བགྲོས་ལ་རྩོད་པ་གྱིས་ཤིག གལ་ཏེ་རྩོད་པ་མི་ནུས་ན་གཙུག་ལག་ཁང་གཅེར་བུ་བ་ལ་འབུལ་ལོ་བྱས་པས། པཎྜི་ཏ་རྣམས་གྲོས་བྱེད་པའི་ཚེ་རྒན་མོ་ཞིག་ན་རེ། ངའི་ཁྱིམ་ན་ནཱ་རོ་པ་བཞུགས་ཟེར། དེར་དགེ་འདུན་གྱིས་གསོལ་བ་བཏབ་པས་སློབ་དཔོན་ན་རེ། བསྟན་པ་འཇིག་ལ་ཁད་དམ་ང་ཡོད་པའི་སར་གཅེར་བུ་བ་འོང་ན་ནཱ་རོ་པས་གཅེར་བུ་བ་ཕམ་པར་བྱའོ་གསུངས་ཏེ། སྔར་སློབ་དཔོན་གྱི་གསུང་མ་དྲན་པར་ཞལ་གྱིས་བཞེས་སོ། །དེར་གཅེར་བུ་བ་འོང་དུ་མ་བཏུབ་པ་ལ་ཁོའི་ལྷ་ཁང་གི་གམ་དུ་རྒོལ་བ་དང༌། ཕྱིར་རྒོལ་བ་དཔང་པོ་རྒྱལ་པོ་གསུམ་གྱི་ཁྲི་བཤམས་ཏེ་རྩོད་པ་བྱས་པས་སློབ་དཔོན་ཅུང་ཟད་ཞན་ཞན་འདྲ་བས་སློབ་དཔོན་གྱི་ཐུགས་ལ་ང་ལྟ་བུའི་སྨྲ་བའི་དབང་ཕྱུག་ཞན་པ་ལྟར་འདུག་པ་ཅི་ཡིན་སྙམ་ཏེ་བསམས་པས་སྔར་སློབ་དཔོན་གྱི་གསུང་བཅག་པའི་ཉེས་པ་དྲན་ཏེ་བཟོད་གསོལ་བྱས་ཏེ། ཡིད་ཀྱིས་གསོལ་བ་བཏབ་པས་སློབ་དཔོན་ཕྱག་གཡོན་པར་མིའི་ཐོད་པ་རློན་པ་བཅད་མ་ཁད་ཅིག་ཐོགས་ཏེ་བྱོན་པ་ལ་ནཱ་རོ་པས་ཕྱག་འཚལ་བས། གཅེར་བུ་བ་ན་རེ། སངས་རྒྱས་པ་སྙིང་རྗེ་དང་བྲལ་བ་སྲིན་པོའི་གཟུགས་ཅན་འདི་ལྟ་བུ་ལ་ཕྱག་འཚལ་བ། དེ་ཉིད་ཀྱིས་ཁྱེད་ཕམ་པའི་གནས་སུ་གྱུར་ཏོ་ཞེས་ཟེར། དེར་སློབ་དཔོན་ཏི་ལོ་པའི་ཞལ་ནས་ཕམ་ཕམ་ཞེས་གསུངས་ཏེ། ཁོའི་ལྷ་ཁང་རྡེའུ་ལ་ཞེས་བྱ་བ་མཆོད་རྟེན་གྱི་གཟུགས་འདྲ་བ་ཟུར་བརྒྱད་དང་སུམ་ཐོག་ཡོད་པ་ལ་སྡིགས་མཛུབ་ལན་གསུམ་བྱས་པས། ཐོག་གསུམ་ཀ་འགྱེལ་བས་གཅེར་བུ་བ་རྣམས་སྐྲག་སྟེ་ཐམས་ཅད་ཀྱིས་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ་ཏེ་སྐྱབས་བཙལ་ལོ། །གཅེར་བུ་བ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་དོ། །དེར་སློབ་དཔོན་གྱི་ཞལ་ནས་ནཱ་རོ་པ་ལ་ད་ཁྱོད་ཀྱིས་སྐྱེ་བ་འདི་ལ་མཆོག་གི་དངོས་གྲུབ་ཐོབ་པའི་སྐལ་བ་མེད་ཀྱི། ད་ཁྱོད་ཀྱིས་ཆོས་སྟོན་ཅིག་དང༌། དེས་འགྲོ་བ་མང་པོ་ལ་ཕན་པར་འགྱུར་ཏེ། ཁྱོད་པས་སློབ་མ་དང༌། དེའི་སློབ་མ་ནས་མར་རིམ་པ་བཞིན་དུ་ཕན་ཇེ་ཆེ་ཇེ་ཆེར་འགྱུར་ལ། བར་དོར་ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར་ཞེས་གསུངས་ཏེ་མི་སྣང་བར་གྱུར་ཏོ། །དེར་ནཱ་རོ་ཏ་པས་ཀྱང་བཤད་པ་དང་སྒྲུབ་པ་གཉིས་ཀ་མཛད་པ་ལས་རྟོགས་པ་སྐྱེས་ཏེ་གླུ་བླངས་པ་ནི། འཆར་བ་མེད་ཅིང་ནུབ་པའང་མེད། ཉིན་མོ་མེད་ཅིང་མཚན་མོའང་མེད། །བླ་མའི་རྟོགས་པའི་རྨོངས་པ་བཅད་ནས་སོང༌། །གར་འགྲོ་གང་དུ་གནས་པ་མི་ཤེས་ཏེ། །བདེ་ཆེན་གྱིས་ནི་དབང་པོའི་གྲོང་འདི་བཅོམ། །བསམ་དུ་མེད་པའི་རྣལ་འབྱོར་དེ་ལས་སྐྱེས། །དེ་ལས་བདག་གིས་ཅི་ཞིག་བསྟན་པར་བྱ། །ཕྱོགས་རྣམས་སྟོང་ཞིང་རང་ཡང་རྣམ་པར་གྲོལ། །གང་དང་གང་བལྟས་དེ་ནི་རྟག་ཏུ་དེ་ཡིན་ཏེ། །གཉུག་མའི་ཡིད་ནི་གདོད་ནས་སྟོང་པར་སོང༌། །རྒྱུ་དང་འབྲས་བུ་བཏང་སྙོམས་དག་ཏུ་དོར། །འདི་ཡི་ཁྱད་པར་ཏི་ལོ་པ་དབང་ངོ༌། །ཞེས་གསུངས་སོ། །དེ་ལྟ་བུའི་སློབ་དཔོན་དེའང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མ་ཐོབ་ཀྱང་རྒྱལ་པོ་དཔུང་དང་བཅས་པ་རེངས་ནུས་པ་དང༌། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དུས་སུ་ཆང་དང་ཤིང་ཐོགས་ལ་སོགས་པ་འགུགས་ནུས་པ་དང༌། སྦྱིན་སྲེག་གི་ཐབ་ཀྱི་ནང་དུ་ལྷ་སུམ་ཅུ་རྩ་བདུན་ཞལ་ལྟ་ནུས་སོ། །ཏིང་ངེ་འཛིན་གྱི་རྟོགས་པ་བརྟན་པར་ཐོབ་པས་དངོས་གྲུབ་ཐོབ་པར་ཡང་གྲགས་ཤིང༌། པུར་སྦྱངས་པའི་ཤུལ་དུའང་ཟླ་བ་རེ་ཚེས་ཀྱི་བར་དུ་དུས་དུས་སུ་ལྷའི་མཆོད་པ་འོང་སྟེ། རོལ་མོའི་སྒྲ་དང་མེ་ཏོག་གི་ཆར་དེང་སང་གི་བར་དུའང་ཀུན་གྱིས་མཐོང་ཞིང་ཐོས་པ་འོང་བ་ཡིན་ནོ། །དེ་ལྟ་བུའི་ཆེ་བའི་ཡོན་ཏན་དང་ལྡན་པའི་དཔལ་ནཱ་རོ་ཏའི་སློབ་མ་དཔལ་ཕམ་ཐིང་གུ་བ་མཆེད་བཞི་ཡིན་ཏེ། དེའང་འབའ་ཧོ་རིགས་བྱ་བ་ཡིན་ཏེ། མཆེད་རྣམས་ཀྱི་ཆེ་ཤོས་དགེ་སློང་དྷརྨཱ་མ་ཏི་ཆོས་ཀྱི་བློ་གྲོས་བྱ་བ་ཡིན་ཏེ། དེས་དཔལ་ནཱ་རོ་པའི་སྤྱན་སྔར་ལོ་བཅུ་གཉིས་བཞུགས། དེ་གདན་འདྲེན་དུ་དེའི་འོག་མ་དགེ་སློང་འཇིགས་མེད་གྲགས་པ་ཞེས་བྱ་བ་དེ་བྱོན་པས་ཁྱོད་བླ་མའི་སྤྱན་སྔར་སྡོད་ཅིག ཁོ་བོ་ལ་བླ་མའི་གསུང་གིས་ཁྱོད་ཆོས་མ་བཤད་པར་རྒྱའི་རི་བོ་རྩེ་ལྔ་ལ་ཕྱིན་ན་དངོས་གྲུབ་ཐོབ་བོ་གསུངས་པས་དེར་འགྲོ་གསུངས་ནས་དེར་བཞུད་དོ། །དེ་ནས་ཕྱིས་གཏམ་མ་ཐོས་པས་ཇི་ལྟར་སོང་ཆ་མེད་དོ། །དེ་ནས་འཇིགས་མེད་གྲགས་པས་ནཱ་རོ་པའི་སྤྱན་སྔར་ལོ་དགུ་བཞུགས། དཔལ་དགྱེས་པ་རྡོ་རྗེ་དང༌། གཤིན་རྗེའི་གཤེད་དང༌། གསང་བ་འདུས་པ་ལ་སོགས་པ་མཁས་པར་བསླབ། ཁྱད་པར་དུ་འཁོར་ལོ་བདེ་མཆོག་གི་སྒོ་ནས་དམན་པ་དང་འབྲིང་གི་དངོས་གྲུབ་ཀྱང་ཐོབ་པར་མཛད་དོ། །དེ་བལ་ཡུལ་ན་ཨ་དེས་པ་ཆེན་པོ་ཞེས་བྱ་བར་ཡང་གྲགས་སོ། །དཔལ་ཕམ་ཐིང་བ་ཞེས་བོད་ལ་གྲགས་པའང་དེ་ཡིན་ནོ། །དེའི་འོག་མ་དུས་ཀྱི་འཁོར་ལོ་པའང་ཟེར། བལ་པོ་མེ་ཏྲཱི་པ་ཞེས་ཟེར་བ་ཡིན་ཏེ། དེས་གཅེན་སྤྱན་འདྲེན་དུ་བྱོན་པས་ཁྱོད་ཀྱིས་ངའི་བླ་མ་བསྟེན་གསུངས་ནས། དེས་ཀྱང་ནཱ་རོ་པའི་སྤྱན་སྔར་ལོ་ལྔ་བཞུགས་སོ། །དེ་སྤྱན་འདྲེན་དུ་ཆུང་ངུ་ཐང་ཆུང་བ་བྱ་བས་ཕྱིན་པས། དེས་ཀྱང་དཔལ་ནཱ་རོ་ཏ་པ་ལ་དབང་བསྐུར་བ་ཙམ་ཐོབ། རྒྱུད་དང་གདམས་ངག་ལ་སོགས་པ་མང་དུ་གསན། ཐམས་ཅད་ནི་ཚར་བ་མ་ཐོས། ཕམ་ཐིང་བ་ཆེ་བའི་ལོ་རྒྱུས་ལ་གཅུང་པོ་དེ་བལ་ཡུལ་དུ་བྱོན་པ་དང༌། དེ་ནས་ཇོ་བོ་ཆེན་པོ་ན་རེ། ཁྱོད་ངག་གི་དབང་ཕྱུག་སྒྲུབས་གསུངས་ནས་བསྒྲུབ་པ་བྱས་ནས་སྒྲུབ་གཡོག་དང་བཅས་ཏེ་ཕྱིན་པས། མེ་ཏོག་འབབ་ཆུ་ལ་སྐྱུར་བས་མེ་ཏོག་ཡར་ལོག་ནས་བྱུང་བ་ཇོ་བོ་ཡེངས་ནས་མ་མཐོང་ངོ༌། །སྒྲུབ་གཡོག་པ་བལ་པོ་ཐུགས་རྗེ་ཆེན་པོས་བྱེད་པ་མཐོང་སྟེ་རང་བཏུང་ངམ་སྙམ་པ་ལ། ཇོ་བོ་ཆེན་པོ་བཀྱོན་དུ་དོགས་ནས་མ་འཐུངས་ཏེ། བྱུང་ངོ་བྱས་པས་ཚོར་ཏེ་མ་ལོག་པ་ལ་འཐུངས་པས་ངག་གི་དབང་ཕྱུག་ཆེན་པོ་མ་གྲུབ་སྟེ། འོན་ཀྱང་ཚིགས་བཅད་རྩོམ་པ་ལ་ཐོགས་པ་མེད་པ་ཙམ་བྱུང་ངོ༌། །དེ་ལ་ངག་གི་དབང་ཕྱུག་བསྒྲུབ་པས་ཕྱིས་ངག་གི་དབང་ཕྱུག་ཀྱང་ཟེར་རོ། །ངག་གི་དབང་ཕྱུག་ལ་དཔལ་ཕམ་ཐིང་བའི་ཞལ་ནས་ཁྱེད་ཀློག་སྐྱ་ཤེས་རབ་བརྩེགས་དང་འགྲོགས་ལ་བོད་དུ་སོང་ལ། འདིར་རྒྱུན་ཞག་གི་མེ་དང་ཚེས་བཅུའི་མཆོད་པ་མ་ཆགས་པར་འཛུགས་པའི་ནོར་ཚོལ་གསུངས་ནས། ཐང་ཆུང་བས་ཀློག་སྐྱ་དང་འགྲོགས་ཏེ་གཉལ་ཡན་ཆད་དུ་བྱོན། དེའི་དུས་སུ་ཇོ་བོ་བྷ་དནྟ་གཡོགས་པོར་ཡོད་སྐད་དོ། །དེར་བྷ་དནྟས་ངུར་སྨྲིག་ཏུ་རྟ་གསོ་ཞིང་བསྡད། བྷ་དནྟས་བྲང་ཏི་ལས་ཆོས་གསན་ཏེ་ངས་ཕྱིས་པཎྜི་ཏ་བྱས་ཏེ་འོངས་ཙམ་ན་སློབ་དཔོན་གྱིས་ངའི་སྣ་ལེན་གྱིས་ཤིག་ཟེར། ཕྱིས་མྱུར་བར་ཐོས་པ་འཛིན་པའི་དངོས་གྲུབ་ཐོབ་སྟེ་པཎྜི་ཏར་སོང་ངོ༌། །དེར་གསེར་སྲང་ལྔ་བརྒྱ་ཙམ་རྙེད་དེ་ལོག་ནས་ཕྱིན་ནས་རྒྱུན་ཞག་གི་མེ་དང༌། ཚོགས་ཀྱི་འཁོར་ལོ་ད་ལྟའི་བར་དུ་མ་ཆགས་པར་ཡོད་པ་ཡིན་ནོ། །དུས་ཕྱིས་ཇོ་བོ་ཐང་ཆུང་བ་ལ་ཤ་བཀྲའི་ནད་ཅེས་བྱ་བ་བྱུང་སྟེ། དེའང་ཀློག་སྐྱ་དང་གཉིས་ཀྱིས་པདྨའི་རྫིང་བུ་ཅིག་ལ་རྐྱལ་བྱས་པས་ལན་ནམ་ཡང་ཟེར། བོད་དུ་བྱོན་པའི་དུས་སུ་བདེ་མཆོག་གི་ཐང་སྐུ་འོངས་པ་ལ་དེའི་དུར་ཁྲོད་བརྒྱད་ལ་ཀླུ་བརྒྱད་རིག་མ་དང་བཅས་པ་ཡོད། དེ་ལ་ཞལ་ཁེབས་ཆུང་བས་མ་ཁེབས་པས་སྣོད་མིན་གྱིས་མཐོང་བས་ལན་ནམ་ཡང་ཟེར། སེང་གེ་སྒྲའི་སྒྲུབ་པ་མཛད་པས་ནད་དེ་ལས་གྲོལ་ལོ། །དེ་ནས་ཕྱིས་རྣལ་འབྱོར་པའི་ཆས་བཟུང་ནས་ཅི་བདེར་གནས་ཏེ་སྒྲུབ་པ་བྱེད་ཅིང་ཡོད་པ་ལས། ལན་ཅིག་ཏེ་ཏེའི་ཐང་ལ་བསྡད་ཙམ་ན་རྒྱལ་པོའི་བཙུན་མོ་ཤིང་ཀུན་ལ་མཆོད་པ་བྱས་ཏེ་བྱུང་བ་ལ། དེ་ལ་ཞྭ་མ་ཕུད་པས་བཙུན་མོའི་འཁོར་རྣམས་ཀྱིས་བརྡུངས་པས་འགྲོ་མ་ནུས་པས་ཐང་ལ་རོ་བཞིན་དུ་སོང་ངོ༌། །དེར་འཕྱི་བའི་བར་དུ་ཁྱིམ་དུ་མ་བྱུང་སྟེ། བཙལ་བས་ཐང་སྟོང་ལ་རོ་བཞིན་དུ་འདུག་པ་ལ་ཁྱོགས་ལ་བཏེག་སྟེ་འོངས་སོ། །དེར་ཨ་དེས་པའི་ཞལ་ནས་ཁྱོད་ཀྱང་འཇིག་རྟེན་ཡུལ་ཆོས་དང་འགལ་བར་བྱ་བའི་དོན་མེད། བཙུན་མོ་འཁོར་རྣམས་དང་རྣལ་འབྱོར་པ་བརྡུང་བའི་དོན་མེད་དེ། རྣལ་འབྱོར་པ་མིའི་ཁོང་དུ་མ་ཆུད་པ་ཡིན་མོད། ད་འདི་ལ་ནུས་པ་མ་བསྟན་ན་བསྟན་པ་ལ་གནོད་གསུངས་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས་བཤམས་ཏེ། སྒོ་དམ་པར་བསྡམས་ནས་ང་ལ་སུའང་མ་འབོད་གསུངས་ནས་མཉམ་པར་བཞག་གོ །དེར་རྒྱལ་པོའི་བཙུན་མོ་རང་གི་ཁང་པར་ཕྱིན་པ་དང༌། སྨྱོ་སྟེ་དེ་ནས་ལུས་ངག་རེངས་སེམས་མྱོས་པར་གྱུར་པས་དེ་ཅི་ཉེས་བྱས་པས་འཁོར་རྣམས་ན་རེ། དེ་རིང་རྣལ་འབྱོར་པ་ཅིག་བརྡུངས་ཏེ་ཨ་དེས་པའི་གཅུང་པོ་ཡིན་པར་འདུག་པས། དེས་ལན་པ་ཡིན་ཏེ་འོང་ཟེར་ནས་མོས་གུས་བྱས་པས་བདེ་སྟེ། འབྲས་མི་ཁུར་བཞི་བཅུ་དང༌། དེའི་ཆ་རྐྱེན་དང་བཅས་ཏེ་བཟོད་པར་གསོལ་བ་ལ་འོངས་ཏེ། དེའང་མཚན་ཕྱེད་ན་རྔ་རྡུང་བ་དང༌། དུང་འབུད་པ་དང་མང་པོ་ཐོས་པས་ཐང་ཆུང་བ་སྐྲག་སྟེ། དེ་རིང་རྒྱལ་པོ་མེད་པས་བརྡུངས་པ་ཡིན། དེ་རྒྱལ་པོས་ཐོས་པས་ང་ལ་ཆད་པ་གཅོད་དུ་འོང་བ་ཡིན་པས་ཨ་དེས་པ་ཅན་དུ་སྐྱོལ་གསུངས་ནས། བསྐྱལ་བ་ཅིའང་མི་འོང་གིས་སྐྲག་མི་དགོས་གསུང་ངོ༌། །དེར་རྒྱལ་པོ་བཙུན་མོ་གཉིས་ཀས་ཞབས་ལ་འཇུས་ཏེ། དབང་བསྐུར་ཞུས་ནས་བཙུན་མོའི་དོན་དུ་གོ་ཆའི་དཔའ་མོ་དྲུག་གི་སྒྲུབ་ཐབས་དང་དེའི་བསྟོད་པ་ཅིག་ཀྱང་མཛད། དེ་རྒྱ་གར་དུ་ཁྱེར་བས་སྒྲ་དང་ཚད་མ་ཆེན་པོ་སུས་ཀྱང་སྐྱོན་མ་ཐོགས། དེའི་དུས་ན་དཔལ་ནཱ་རོ་པ་ནི་མི་བཞུགས་ལན་ཅིག་འཛམ་བུའི་གླིང་ན་ཁོང་ལས་ཆེ་བ་མི་བཞུགས་པར་གྲགས་སོ། །ཡང་བོད་རྣམས་ཀྱིས་ཀྱང་ཁོང་དགྱེས་པས་ཕྱི་བའི་ཤ་ཁྱེར་གིན་འགྲོ་བས་ལན་ཅིག་དུས་ཀྱི་མཆོད་པའི་གཏོར་མ་ལ་ཕྱི་བའི་ཤ་ཕུལ་བས་དེ་གཏོར་སྐྱེལ་གྱི་ཁར་བཅུག་པས་སྨྱོ་སྟེ་ཧ་ཧ་ཧི་ཧི་ཟེར་ཞིང་གཏོར་མ་ལག་པར་བཟུང་སྟེ། ལོག་ནས་བྱུང་བ་ལ་བལྟས་པས་ཁ་ན་ཕྱི་བའི་ཤ་འདུག་པ་ཕྱུང་བས་ཞིའོ། །ཡང་དེའི་དུས་སུ་ཉང་སྟོད་པའི་བྲུ་ཤ་ཤེར་པོ་དང་འ་ཞ་རྒྱ་གར་བརྩེགས་བྱ་བ་གཉིས་ཀྱིས་ཕྱིན་ཏེ། ཇོ་བོ་ལ་བདེ་མཆོག་རྩ་རྒྱུད་ཞུས་པས། ཇོ་བོ་ན་རེ། ཁྱོད་ང་ལ་དབང་བསྐུར་ཞུ་ན་ངས་སློབ་མ་ལ་བཤད་པ་བཤད། མི་བྱེད་ན་མི་བཤད་བྱས་པས་དབང་བསྐུར་བྱེད་མ་ནུས་པས་ཚོགས་པ་ལ་བཤད་པ་ལས་མ་བཤད་དོ། །དེར་ཡི་གེ་ཐུ་བའི་དུས་སུ་ཚོགས་བྱས་པའི་སར་ཁོང་གཉིས་ཀྱིས་གླུ་བླངས་ཏེ། སྒྲ་ཙམ་དོན་ལ་མེད་པ་དེ། །བལ་པོ་ཕམ་ཐིང་མ་ཡིན་ནམ། །གླེན་པ་ཁྱོད་ལ་ཅི་ཆ་ཡོད། །ཉིད་དང་རྒྱ་གར་ཡུལ་དུ་འགྲོ། །བྱས་ཤིང་གླུ་བླངས་པས་ལོ་ཀ་པའི་གཏོར་མ་ནམ་མཁའ་ལ་འཕར་ཞིང་འདུག་པས་ཇོ་བོ་ན་རེ། འདི་ཅི་ཡིན་གསུངས་པ་ལ། ཇོ་བོའི་གམ་ན་བལ་པོ་བོད་སྐད་མཁན་ཡོད་པས་འདི་སྐད་ཟེར་ཞིང་འདུག་བྱས་པས་ཇོ་བོ་ན་རེ། བདེན་ཁར་སེང་ངའི་དབང་བསྐུར་ཞུས། ངས་སློབ་མ་ལ་བཤད་པ་བསྟན་བྱས་པ་ལ་ཁྱེད་རང་གིས་མ་ནུས་པ་ཡིན་པས་ད་ཁྱེད་རང་སོང་གསུངས་ནས་ཕྱིན་པས་གཉིས་ཀ་གངྒཱ་མ་བརྒལ་བར་ཉིན་ཞག་ཕྱེད་ཕྱེད་ཀྱི་ནད་ཀྱིས་ཤིའོ། །ཡང་ན་ནགས་གསེབ་ན་མར་དུག་སྦྲུལ་ཆིབས་ནས་བྱོན་པ་དང༌། ཡང་བལ་ཡུལ་གྱི་བྱང་ཕྱོགས་དེར་ཙཎྜི་ཀའི་སྐུ་རང་བྱུང་གཅིག་བྱུང༌། དེ་ལ་རྩིས་མཁན་རྣམས་ན་རེ། འདི་ལ་སྲོག་ཆགས་བྱེ་བ་གཅིག་གིས་མཆོད་སྦྱིན་མ་བྱས་ན་ལོ་གསུམ་ན་བལ་པོའི་ཡུལ་སྟོང་ནས་འགྲོ་ཟེར། དེར་རྒྱལ་པོ་བྲེད་ནས་སྲོག་ཆགས་བྱེ་བ་གཅིག་ནི་མེད་ཇི་ལྟར་བྱ་སྙམ་པ་དང༌། བླ་མ་ཕམ་ཐིང་པ་ལ་ཞུ་བ་མིན་པ་ཐབས་མེད་དེ་ཞུས་པས་གནང་ནས། སྦྱིན་སྲེག་གི་ཡོ་བྱད་སྐྱོལ་ཅིག་གསུངས་ནས་རྒྱལ་པོས་ཏིལ་མི་ཁུར་བཅོ་བརྒྱད་དང་བཅས་པའི་ཚོགས་ཀྱི་འཁོར་ལོ་དང་སྦྱིན་སྲེག་གི་ཡོ་བྱད་བསྐྱལ་ནས། སྦྱིན་སྲེག་མཛད་པའི་དུས་སུ་སྒྲུབ་གཡོག་ཀུན་གྱིས་ཐུན་མོང་དུ་མཐོང་བར་ཐབ་ཀྱི་ནང་ན་ཙཎྜི་ཀའི་སྐུ་འདུག་པ་ལ། ཕྱག་ཏུ་ཏིལ་བཞག་པ་རྣམས་ཏིལ་འབྲུ་རེ་རེའང་ར་དང་ལུག་ལ་སོགས་པའི་སྲོག་ཆགས་སུ་སོང་ནས། དེ་ཙཎྜི་ཀའི་ཁར་སྟེར་བ་ཐམས་ཅད་ཀྱིས་མཐོང་ནས་ཙཎྜི་ཀ་དེས་གནོད་པ་མེད་པར་གྱུར་པ་ཡིན་ནོ། །གཞན་ཡང་ཇོ་བོས་ཚོགས་ཀྱི་དུས་སུ་ཆང་དགུག་ནུས་པ་དང༌། ཤིང་ཐོག་འགུགས་ནུས་པ་ལ་སོགས་པ་དམན་པ་དང༌། འབྲིང་གི་དངོས་གྲུབ་བསམ་གྱིས་མི་ཁྱབ་པ་ཐོབ་པ་ཡིན་ནོ། །དེ་ལྟ་བུ་དེ་ལ་བླ་མ་གུང་ཐང་པས་གསན་ཏེ་ཡུན་རིང་ནི་མ་གསན། འོན་ཀྱང་དཔལ་ནཱ་རོ་ཏ་པ་དངོས་ཀྱི་སློབ་མ་ཁ་ཆེ་བྱང་ཆུབ་བཟང་པོ་བྱ་བ་དང༌། ཨ་དེས་པའི་གཅུང་པོ་དཔལ་མེ་ཏྲཱི་པའང་ཟེར། དུས་འཁོར་བ་ཟེར་བ་དང༌། ངག་གི་དབང་ཕྱུག་ཟེར་བ་དེ་དང་གཉིས་ཏེ་གསུམ་ལས་གསན། སྤྱིར་ཆོས་ཀྱི་དྲིན་ཕམ་ཐིང་པ་ཅན་དུ་ལོ་བཅོ་བརྒྱད་བཞུགས་པའི་ཀློག་སྐྱ་ལོ་ཙཱ་བ་ཆེ་ཙམ་ཡིན་གསུང༌། ཕྱིས་ཇོ་བོ་བྷ་དནྟ་ལ་ཡང་གསན་ཏེ། སྤྱིར་བླ་མ་མལ་གྱིས་བདེ་མཆོག་རྩ་བའི་རྒྱུད་ལྔ་བཅུ་རྩ་གསུམ་གསན་ཏེ། ཐམས་ཅད་ལ་ལེའུ་རེ་ལ་ཚོགས་རེ་མཛད་དོ། །རིན་ཆེན་རྡོ་རྗེའི་ཆོས་རྣམས་ཁོང་ཉིད་ཀྱིས་དཔོན་པོ་ཇོ་བོ་མ་ཧཱ་ལོ་ཙཱ་ལས་གསན། བླ་མ་མལ་གྱིས་ཀྱང་ཡི་གེ་བདུན་པའི་ལས་ཀྱི་ཚོགས་ལ་ཐོགས་པ་མེད་པར་གྲུབ་པ་དང༌། བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ། སྒྲུབ་པ་ལ་བརྩོན་པས་འགྲོངས་ཀའི་བར་དུ་མཚན་མོ་མགོ་སྔས་ལ་མི་འབེབས་པར་ཐུན་བཞིའི་རྣལ་འབྱོར་མ་ཆགས་པར་འགྲོང་པའི་ཚེ་རྒྱན་དྲུག་བཏགས་ནས་གར་མཛད་ཅིང་གཤེགས། ནམ་མཁའ་ལས་སྒྲ་དང་འོད་མང་པོ་བྱུང་བ་ཡིན་ནོ། །དེའི་སྤྱན་སྔར་བདག་གི་བླ་མ་བྱང་ཆུབ་སེམས་དཔའ་ལོ་དྲུག་བཞུགས། དཔལ་བདེ་མཆོག་རྩ་བའི་རྒྱུད་ལ་ལེའུ་རེ་ལ་ཚོགས་ཀྱི་འཁོར་ལོ་རེ་བྱས་ཏེ་གསན། སྤྱིར་བླ་མ་ལོ་ཙཱ་བས་བོད་དུ་ལཱུ་ཧི་པའི་སློབ་མ་ལ་བཤད་པ་ཚར་བདུན་ལས་མ་གསུངས་པ་ལ་ལྔ་བླ་མས་གསན་ནོ། །གཞན་ཡང་དཔལ་བདེ་མཆོག་འཁོར་ལོའི་ཆོས་སྐོར་མ་ལུས་པ་དང༌། གཤིན་རྗེའི་གཤེད་ལ་སོགས་པའི་ཆོས་དཔག་ཏུ་མེད་པ་དང༌། ཡན་ལག་བརྒྱད་པ་ལ་སོགས་པ་སྨན་དཔྱད་མང་པོ་གསན་ནོ། །དེ་དག་གི་གཞུང་འདི་རྩོམ་པར་བྱེད་པའི་སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཧི་པ་བརྒྱུད་པ་དང་བཅས་པའི་གཏམ་རྒྱུད་བླ་མས་གསུངས་པ་བཞིན་བྲིས་པའོ།།  །།བླ་མ་མལ་ལ་ས་སྐྱ་བླ་ཆེན་གྱིས་ཕྱིས་གསེར་སྲང་བདུན་ཕུལ་བས། དེའི་དུས་སུ་གདམས་ངག་མ་ལུས་པ་གནང་གསུང་ངོ༌། །བླ་ཆེན་གྱིས་བླ་མ་མལ་ལས་ཆོས་གསན་པའི་ཚེ། ཆོས་ཐམས་ཅད་ཚར་རེས་མཁྱེན་པར་བྱུང་བ་ལ། བླ་མ་མལ་གྱི་ཞལ་ནས། ངས་མི་ཚེ་ཕྱེད་པའི་ཆོས་ཚང་རེས་ཤེས་སུ་རེ་བ་གསུང༌། ཡང་ཤེས་ན་དགའ་བས་མི་ཤེས། ལ་ལས་ཚར་རེ་ལ་ཤེས་ཀྱིན་འདུག་གསུང༌། བླ་ཆེན་གྱིས་ཆོས་རྣམས་ཚར་ཏེ་མར་ལ་བྱོན་པར་བཞེད་ཙམ་ན། བླ་མ་མལ་ན་རེ། ངའི་ཆོས་འཚང་རྒྱ་བའི་ཆོས་ཡིན་པས་ར་ཚང་དུ་ཕུབ་ཁུད་དུ་དཀྱིལ་འཁོར་བྲིས་ནས། སླུ་གུ་ལ་བལ་ཏོག་དཀྲིས་པ་ལ་བུམ་པའི་དོད་བྱེད་པ་ལ་སོགས་པ་མ་བྱེད་གསུང༌། དེ་ནས་མར་ལ་བྱོན་ཙ་ན། གཡས་རུ་ནས་གསེར་སྲང་བཅུ་བདུན་རྙེད་པ་སྔགས་པ་ཅི་ལ་བསྐུར་ནས་འབུལ་དུ་བཏང་བས། སྟོན་མོ་བྱེད་པ་ཅིག་གི་སར་སླེབ། མཇལ་བར་ཞུས་པས་ཟས་སྐོམ་འདྲ་འདོད་པ་ཡིན་འོང་བས་བྱིན་གསུང༌། བདག་ས་སྐྱ་ནས་འབུལ་བ་སྐྱེལ་དུ་བཏང་བ་ལགས་བྱས་པས། ཇི་ཙམ་ཡོད་ཡང་ཡང་འདྲི་བ་ལ། སྲང་བཅུ་བདུན་བདོག་བྱས་པས། བླ་མ་རང་བྱོན་ནས། གསེར་བསྣན་ནས་འདི་ཡང་སྣོན་ལ། ཚོགས་པའི་དབུས་སུ་ཕུལ་གསུང༌། ཕུལ་བས་མཉེས་ནས། ཁོང་དམ་ཚིག་པར་འདུག་པས་ཡར་བྱོན་གྱིས། ད་དུང་ཆོས་ཀྱི་གཤམ་ཡོད་གསུངས་ནས། ཡར་བྱོན་པས་ཆོས་ཀྱི་གཤམ་རྣམས་དང༌། ཡན་ལག་བརྒྱད་པ་དང༌། དཀོན་བརྩེགས་ཀྱི་ལུང་དང༌། མགོན་པོའི་རྗེས་གནང་དང༌། སྒྲུབ་ཐབས་དང༌། དེའི་རྟེན་དར་ནག་དང༌། ལྕགས་ཀྱི་རྡོ་རྗེ་གནང་ནས། ནག་པོ་ཆེན་པོ་ང་ལ་མི་དགོས། འཁོན་ས་སྐྱ་པའི་ཆོས་སྐྱོང་ལ་རྒྱུག་ཅིག་གསུངས་ནས་གནང་གསུང་ངོ༌།།  །།འདིས་བསྟན་པ་དང་སེམས་ཅན་རྣམས་ལ་ཕན་ཐོགས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*