དཔལ་ཀྱཻ་རྡོ་རྗེའི་བསྟོད་པ་དནྟ་ཀ

༼ཇ༽

༄༅། །དཔལ་ཀྱེའི་རྡོ་རྗེའི་བསྟོད་པ་དཎྜ་ཀ་ཞེས་བྱ་བ་བཞུགས།།

༄༅། །བདག་གིས་ཐལ་མོ་སྤྱིར་སྦྱར་ནས། །དང་བས་བླ་མ་ལ་བཏུད་དེ། །དཔལ་ལྡན་ཀྱེ་ཡི་རྡོ་རྗེ་ལ། །སྡེབ་སྦྱོར་དཎྜ་ཀས་བསྟོད་བགྱི། །ཉི་མ་དང་ནི་སྣ་ཚོགས་རྡོ་རྗེ་ཧཱུྃ་ཡིག་ལས་བསྒྲུབས་རྡོ་རྗེའི་ས་དང་རྭ་བ་དྲྭ་བ་གུར་དང་བླ་རེ་འབར་བའི་མེ་ཡི་ནང་དུ་ཕྱོགས་བདག་ཞིང་སྐྱོང་ལྟོ་འཕྱེའི་དབང་པོ་མཆོད་རྟེན་ཆུ་དང་མེ་དང་ཆུ་འཛིན་དང་ནི་འདྲེ་དང་སྲིན་པོ་མཁའ་འགྲོ་དང་ནི་མཁའ་འགྲོ་མ་དང་རོ་ལངས་རོ་དང་རོ་ནི་མདུང་གིས་ཕུབ་དང་དུམ་བུ་དང་ནི་ཚིལ་དང་ཀླད་པ་སེར་སྐྱ་ལུག་ཅིང་ཁྲག་དང་སྐྲ་ཡི་དུམ་དང་དེ་དག་འཐོར་དང་རུས་པས་གང་ཞིང་ཀེང་རུས་གར་བྱེད་ཅེ་སྤྱང་ཕཻཾ་ཞེས་སྒྲོགས་ཤིང་བྱ་ཡི་ཚོགས་ཀྱིས་གང་བའི་ཁྲོད་ན་རྣལ་འབྱོར་མ་དང་རྣལ་འབྱོར་དབང་ཕྱུག་ཚོགས་ཀྱིས་གང་བའི་དབུས་སུ་ཆོས་ཀྱི་འབྱུང་གནས་དམར་སྐྱའི་མདོག་ཅན་གདེངས་ཁ་གྱེན་དུ་ཕྱོགས་པའི་ནང་ན་ཐར་པ་ཆེན་པོའི་གྲོང་ཁྱེར་ཡེ་ཤེས་ལྔ་ཡི་རིན་ཆེན་ལས་གྲུབ་གྲུ་བཞི་དང་ནི་སྒོ་བཞིས་མཛེས་ཤིང་རིན་ཆེན་ཀ་བ་རྡོ་རྗེའི་གདུང་དང་རྟ་བབས་རི་དྭགས་ཆོས་ཀྱི་འཁོར་ལོ་གདུགས་དང་བཅས་ཤིང་ཕ་གུ་མདའ་ཡབ་རིན་ཆེན་དུ་མའི་དྲྭ་བ་དང་ནི་དྲྭ་བ་ཕྱེད་པ་ཟླ་བ་རླུང་གིས་བསྐྱོད་དང་མེ་ཏོག་ཕྲེང་བ་དྲིལ་བུ་དང་ནི་གཡེར་ཀའི་ཕྲེང་དང་རྒྱལ་མཚན་ཆེ་དང་བ་དན་མཛེས་བཅས་རྔ་ཡབ་དར་གྱི་ལྡ་ལྡིས་བརྒྱན་ལ་མཆོད་སྣམ་སྟེང་ན་ལྷ་མོའི་ཚོགས་རྣམས་མཆོད་རྫས་དུ་མས་ལག་བྲེལ་མཛེས་པའི་རྒྱན་ཅན་འཛུམ་པའི་བཞིན་དང་གླུ་ཡི་དབྱངས་ཅན་ཟུར་མིག་ལྟ་དང་བཅས་པ་དུ་མས་གང་ཞིང་ཕོ་བྲང་རྩེ་མོར་རྡོ་རྗེ་དང་ནི་ནོར་བུ་རིན་ཆེན་ལས་བསྒྲུབས་ཆེས་མཐོ་མཛེས་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་གདོང་བཞི་དང་ནི་དབང་པོ་དང་བཅས་འཇུག་སེལ་དག་དང་དྲག་པོ་རྣམས་ནི་རྟབས་ཤིང་འགྱེལ་ལ་ལག་ཆ་ཤོར་ནས་ཐལ་མོ་སྦྱར་ཞིང་གདོང་གིས་གྱེན་དུ་ལྟ་བ་རྣམས་ཀྱི་སྙིང་གའི་སྟེང་དུ་ཚ་ཟེར་ཅན་གྱི་དབུས་ན་བཞུགས་པའི་བཅོམ་ལྡན་རབ་དགྱེས་སྲིད་ཞི་མཉམ་པར་འཇོམས་པ་དེ་ནི་ཆོས་ཉིད་རང་བཞིན་ནམ་མཁའི་མདོག་དང་ཅུང་ཟད་ཆར་སྤྲིན་མདོག་ལ་ཨུཏྤལ་སྔོ་དང་བཻཌཱུརྻ་ལྟར་སྔོ་ལ་རྣམ་ཐར་རང་བཞིན་ཞལ་བརྒྱད་པ་སྟེ་གཡས་ནི་ཆུ་ཤེལ་མདོག་ལ་པདྨ་རཱ་གའི་མདོག་ཏུ་གཡོན་པ་སྣང་ཞིང་ལྷག་མ་རྣམས་ནི་དུ་བའི་མདོག་ལ་རལ་པ་དམར་སེར་གྱེན་དུ་ལངས་ཤིང་ཞལ་རྣམས་རེ་རེར་སྤྱན་གསུམ་དམར་ལ་ཟླ་ཕྱེད་འདྲ་བའི་མཆེ་བས་བདུད་རྣམས་སྐྲག་མཛད་སྟོང་ཉིད་ངོ་བོ་དྲུག་ལྷག་བཅུ་ཡི་ཕྱག་ན་བཏུང་བའི་སྣོད་མཆོག་ཟླ་བ་རྒྱས་པ་ཟིལ་གནོན་ལྟ་བུར་དཀར་བའི་ནང་ན་གཉིས་འཐུང་མྱུར་འགྲོ་སྒྲ་ཆེན་ཁྱུ་མཆོག་མགྲིན་རིངས་མི་དང་རི་དྭགས་རྒྱལ་པོ་བྱི་ལ་རྣམས་ནི་གཡས་ཡིན་གཅིག་ཤོས་རྣམས་ན་གཞི་དང་རླན་བྱེད་གནས་མེད་དྲོད་དང་རི་བོང་ཅན་དང་ཉིན་མོར་བྱེད་པ་མཐར་བྱེད་དང་ནི་ནོར་གྱི་བདག་པོ་འཛིན་ཅིང་བསྡུ་དངོས་རང་བཞིན་ཞབས་བཞིའི་གར་གྱི་བརྗིད་ཀྱིས་ས་གཞི་གྲུམ་ནས་བྱིང་བའི་སྟོབས་ཀྱིས་རྒྱ་མཚོ་འཁྲུགས་ནས་གྱེན་དུ་བསྐྱོད་པའི་རྦ་རླབས་འཐོར་ཞིང་སྲིད་པ་གསུམ་པོ་གཡོ་བར་མཛད་པའི་རང་བཞིན་ཅན་ལ་ཐལ་ཆེན་གྱིས་བྱུགས་སྐུ་དེའི་རྒྱན་ནི་ཁ་བ་དུང་དང་ཀུ་མུ་ཏ་ལྟར་དཀར་བའི་མི་རུས་ཕྲེང་དང་མི་མགོའི་ཅོད་པན་ཁྲག་འཛག་མགོ་ཕྲེང་དོ་ཤལ་བཅས་ཤིང་རྒྱུ་མའི་ལྡ་ལྡིས་བརྒྱན་ལ་སྣ་ཚོགས་རྡོ་རྗེས་དབུ་སྟེང་མཛེས་ཤིང་དྲིལ་བུ་དང་ནི་དྲིལ་བུ་གཡེར་ཀ་རིན་ཆེན་མཆོག་དང་དུག་སྦྲུལ་གདེངས་ཀ་དང་བཅས་འཇིགས་པའི་ལྕེ་བརྐྱང་དྲག་པོའི་ཕུད་སྒྲ་དང་བཅས་ལ་སོགས་དུ་མས་བརྒྱན་བྱས་སྟག་ལྤགས་དང་ནི་མི་ཡི་པགས་པས་སྣམ་དཀྲིས་ཧ་ཧ་ཧི་ཧི་ལ་སོགས་འཇིགས་པའི་བཞེད་སྒྲ་དྲག་པོས་དྲེགས་པ་ཅན་རྣམས་བཏུལ་ཞིང་བརླག་པར་མཛད་ནས་སླར་ཡང་གསོ་བར་མཛད་ལ་ཉམས་དགུ་དང་ནི་ལྡན་པའི་བཅོམ་ལྡན་བདེ་བ་ཆེན་པོའི་ཡེ་ཤེས་རང་བཞིན་ཉིད་ལ་དབྱིངས་ཀྱི་རང་བཞིན་རྡོ་རྗེ་བདག་མེད་མ་དཔལ་དག་དང་གཉིས་མིན་གཉིས་ནི་སྤངས་ཤིང་གཉིས་མེད་ངོ་བོ་གང་ཡིན་དེ་ནི་ལྷ་མོའི་ཚོགས་ཀྱི་དབུས་ན་བཞུགས་ཤིང་འགྲོ་བ་མ་ལུས་པ་རྣམས་སྲིད་པའི་འཇིགས་དང་མྱ་ངན་འདས་པའི་འཇིགས་པ་རྣམས་ལས་སྐྱོབ་པར་མཛད་པའི་ཧེ་རུ་ཀ་དཔལ་མགོན་པོ་དུ་མར་སྣང་ཞིང་རང་བཞིན་གཉིས་མེད་དེ་ཡི་ཞབས་ལ་བདག་ནི་རྟག་ཏུ་གུས་པས་ཕྱག་འཚལ་ལོ།།  ༈  །།གང་ཞིག་ཧེ་རུ་ཀ་ཡི་བསྟོད་པའི་རྒྱལ་པོ་འདི། འགྲོ་བ་གང་ཞིག་འཛིན་ནམ་བསྟོད་པར་བྱེད་ཀྱང་རུང༌། །ཉན་ནམ་ཅུང་ཞིག་སེམས་པར་བྱེད་པ་དེ་དག་ནི། །གསང་བ་གསུམ་བདག་ཧེ་རུ་ཀ་དང་མཉམ་པར་འགྱུར། །དུས་དགྲའི་རྡོ་རྗེ་སེམས་དཔའ་ལ། །རྒྱུན་ཆགས་ཞེས་བྱའི་སྡེབ་སྦྱོར་དུ། །བསྡེབས་པའི་བསྟོད་པའི་རྒྱལ་པོ་འདི། །གྲགས་པ་རྒྱལ་མཚན་བདག་གིས་བགྱིས། །འདི་བགྱིས་པ་ལས་ངལ་བར་གྱུར་པ་ཡི། །དགེ་བ་དྲི་མེད་གངས་རི་ལྟར་དཀར་བ། །བདག་གི་རྒྱུད་ལ་སྐྱེས་པ་དེ་དག་གིས། །འགྲོ་ཀུན་དཔལ་ལྡན་རྡོ་རྗེ་འཛིན་འགྱུར་ཤོག །རྒྱུན་ཆགས་ཤིང་འགྲན་ཟླ་མེད་པའི་བསྟོད་པ་ཞེས་བྱ་བ་བསྟོད་པ་དངོས་ལ་ཡི་གེ་བདུན་བརྒྱ་བདུན་ཅུ་རྩ་བདུན་བགྱིས་སོ། །ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བ་འདི་ཡོངས་སུ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*