སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་ཆོ་ག

༼ཇ༽

༄༅། །སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་ཆོ་ག་བཞུགས།།

༄༅། །རྗེ་བཙུན་ས་སྐྱ་པ་ལ་ཕྱག་འཚལ་ལོ། །སྐྱབས་འགྲོ་ཐུན་མོང་བ་ཙམ་དབོག་པར་འདོད་པས་སློབ་དཔོན་གྱི་རྗེས་སུ་བཟླས་པ་འདི་སྐད་བྱ་སྟེ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་ལན་གསུམ་བྱ། དེའི་རྗེས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་ཇི་སྲིད་འཚོའི་བར་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་སློབ་དཔོན་གྱིས་གཟུང་དུ་གསོལ། དེའི་རྗེས་སུ་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དབོག་པར་འདོད་ན་ཡང་སློབ་དཔོན་གྱི་རྗེས་སུ་བཟླས་པ་བརྗོད་པར་བྱ་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་ལན་གསུམ་དུ་བརྗོད་པར་བྱའོ། །ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྐྱབས་སུ་འགྲོ་བའི་ཆོ་གའོ། །སྐྱབས་སུ་འགྲོ་བ་ལ་བདུན་ཏེ། རྒྱུ་དང༌། ཡུལ་དང༌། ཚུལ་ཇི་ལྟར་སྐྱབས་སུ་འགྲོ་བ་དང༌། དེའི་ཕན་ཡོན་དང༌། བསླབ་བྱ་དང༌། སྒྲའི་དོན་དང༌། དབྱེ་བ་དང་ཁྱད་པར་བསྟན་པའོ། །དང་པོ་ལ་གཉིས། རང་འཇིགས་པས་སྐྱབས་སུ་འགྲོ་བ་དང༌། དད་པས་སྐྱབས་སུ་འགྲོ་བའོ། །དང་པོ་ནི་ཚེ་འདིའི་དགྲ་དང་གདོན་དང་འབྱུང་པོའི་གནོད་པས་སྐྱབས་སུ་འགྲོ་བའང་ཡོད། ཚེ་ཕྱི་མའི་ངན་སོང་དང་འཁོར་བས་འཇིགས་ནས་སྐྱབས་སུ་འགྲོ་བའང་ཡོད་དོ། །གཉིས་པ་ཡུལ་གང་ལ་སྐྱབས་སུ་འགྲོ་ཞེ་ན། དཀོན་མཆོག་གསུམ་སྟེ། དེའང་སངས་རྒྱས་ནི་སྐྱོན་ཐམས་ཅད་སྤངས་ཤིང་ཡོན་ཏན་ཐམས་ཅད་རྒྱས་པ་ལ་བྱ། ཆོས་ནི་དེས་གསུངས་པའི་ལམ་ཡིན་ལ། དེ་སྒྲུབ་པ་ཉམས་སུ་ལེན་པ་ལ་ནི་དགེ་འདུན་ཏེ། ཉན་རང་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ནོ། །དེ་དག་ལ་སྐྱབས་སུ་འགྲོ་བར་བྱའོ། །གསུམ་པ་ཚུལ་ཇི་ལྟར་སྐྱབས་སུ་འགྲོ་ན་ཐུན་མོང་དུ་སངས་རྒྱས་ལ་སྟོན་པར་འཛིན། ཆོས་ལ་ལམ་དུ་འཛིན། དགེ་འདུན་ལ་གྲོགས་སུ་འཛིན་པ་ཡིན་ལ། ཁྱད་པར་ནི་འོག་ཏུ་བརྗོད་པར་བྱའོ། །ཕན་ཡོན་ནི་ལྔ། སྡོམ་པ་ཐམས་ཅད་སྐྱེ་བའི་རྒྱུ་ཡིན་པ་དང༌། བསྲུང་བ་ཆེན་པོར་འགྱུར་བ་དང༌། ལོག་པར་མོས་པའི་ལས་ཀྱི་སྒྲིབ་པ་བསྲབས་པ་དང༌། དམ་པ་དམ་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དང༌། བསྟན་པ་ལ་དགའ་བའི་ལྷ་རྣམས་ཀྱིས་བསྲུང་བའོ། །དང་པོ་ནི་སྐྱབས་སུ་མ་སོང་ན་སྡོམ་པ་ཐམས་ཅད་མི་སྐྱེ་སྟེ། མཛོད་ལས། ཀུན་ལ་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་སོ། །སྐྱབས་གསུམ་བདུན་ཅུ་པ་ལས། གསུམ་ལ་སྐྱབས་འགྲོའི་དགེ་བསྙེན་ཏེ། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན། །ཞེས་འབྱུང་ངོ༌། །གཉིས་པ་སྐྱབས་སུ་སོང་བ་ལ་མི་དང་མི་མ་ཡིན་པའི་བར་དུ་གཅོད་པ་གང་གིས་ཀྱང་མི་ཚུགས་པས་བསྲུང་བ་ཆེན་པོར་འགྱུར་བ་ཡིན་ནོ། །གསུམ་པ་ནི་འཁོར་བ་ཐོག་མ་མེད་པ་ནས་དབང་ཕྱུག་དང་ཚངས་པ་ལ་སོགས་པ་ལ་སྐྱབས་སུ་སོང་བས་ལས་ཀྱི་སྒྲིབ་པ་འདག་པར་འགྱུར་བ་ཡིན་ཏེ། ལོག་པར་མོས་པའི་ལས་ཀྱི་སྒྲིབ་པ་བསྲབས་པ་ཞེས་བྱའོ། །བཞི་པ་ནི་སྐྱབས་གསུམ་འཛིན་པའི་དགེ་བསྙེན་ཡིན་པས་ན་དམ་པའི་ཁོངས་སུ་ཆུད་པའོ། །ལྔ་པ་སྐྱབས་སུ་སོང་བ་དེ་ལ་བསྟན་པ་ལ་དགའ་བའི་ལྷ་རྣམས་ཀྱིས་བསྲུང་བར་འགྱུར་བ་ཡང་ཡིན་ནོ། །སྤྱི་དོན་ལྔ་པ་བསླབ་པར་བྱ་བ་ལ་གཉིས། ཐུན་མོང་གི་བསླབ་བྱ་དང༌། ཁྱད་པར་གྱི་བསླབ་བྱའོ། །དང་པོ་ནི་ཐོས་པ་ལས་བྱུང་བའི་ས་རྣམ་པར་གཏན་ལ་དབབ་པ་ལས་འབྱུང་བ། སྐྱེས་བུ་དམ་པ་དང་འགྲོགས་པ་དང༌། དམ་པའི་ཆོས་ཉན་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱ་བ་དང༌། ཆོས་དང་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ཞེས་བྱའོ། །ཡང་བཞི་སྟེ། དབང་པོ་མི་རྒོད་པར་བྱ་བ་དང༌། སེམས་ཅན་ལ་སྙིང་བརྩེ་བར་བྱ་བ་དང༌། དུས་དུས་སུ་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱ་བ་དང༌། སྡོམ་པ་ཅི་ནུས་པ་ཡང་དག་པར་བླང་བར་བྱའོ། །སོ་སོའི་བསླབ་བྱ་ནི། འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་ཚོལ་ན། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་སོང་ན། །མུ་སྟེགས་ཅན་ལ་ཕྱོགས་མི་བྱ། །ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་བླ་མ་དམ་པའི་བརྒྱུད་པའི་མན་ངག་གིས་གསུང་བ་ནི་དུས་རྒྱུན་གྱི་མཆོད་པ་དང༌། ཁྱད་པར་གྱི་མཆོད་པ་དང༌། ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་བྱ་བ་དང༌། སྲོག་དང་བྱ་དགའི་ཕྱིར་ཡང་དཀོན་མཆོག་མི་སྤང་བ་དང༌། ཕྱོགས་གང་དུ་འགྲོ་ཡང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱ་ཞིང་ཕྱོགས་དེའི་དཀོན་མཆོག་ལ་སྐྱབས་འགྲོ་བྱ་བ་དང༌། ན་ཚ་སྡུག་བསྔལ་ཅི་བྱུང་ཡང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱ་བ་དང༌། སངས་རྒྱས་ལ་གུས་པར་བྱ་ཞིང་རྟེན་སྐུ་གཟུགས་དམན་པ་གཅིག་ལའང་གུས་པར་བྱ་བ་དང༌། ཆོས་ལ་གུས་པར་བྱ་ཞིང་ཡི་གེ་རྡོག་པོ་གཅིག་ལ་ཡང་གུས་པར་བྱ་བ་དང༌། དགེ་འདུན་ལ་གུས་པར་བྱ་ཞིང་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའི་ན་བཟའ་གཅིག་ཚུན་ཆོད་ལའང་གུས་པར་བྱ་བའོ། །དྲུག་པ་སྒྲའི་དོན་ནི་ཚེ་འདིའི་འཇིགས་པ་དང༌། ཕ་རོལ་གྱི་ངན་སོང་གི་འཇིགས་པ་ལས་སྐྱོབ་པ་དང༌། འཁོར་བའི་འཇིགས་པ་ལས་སྐྱོབ་པས་སྐྱབས་ཡིན་ལ། དེར་འགྲོ་བས་ན་སྐྱབས་སུ་འགྲོ་བ་ཡིན་ཏེ། དཔེར་ན་ཆར་རམ་རླུང་གིས་འཇིགས་པ་ནི་བྲག་ལ་སྐྱབས་སུ་འགྲོ་བ་ལྟ་བུའོ། །ཐེག་པ་ཆེན་པོ་པ་ནི་དེའི་སྟེང་དུ་ཐེག་པ་དམན་པ་ལས་སྐྱོབ་པར་འདོད་དོ། །ཇི་སྐད་དུ། རྒྱུད་བླ་མ་ལས། འཚེ་བ་དག་ནི་ཐམས་ཅད་དང༌། །ཐབས་མ་ཡིན་དང་ངན་སོང་དང༌། །འཇིག་ཚོགས་ཐེག་པ་དམན་པ་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པ་ཡིན། །ཞེས་གསུངས་སོ། །བདུན་པ་རབ་ཏུ་དབྱེ་བ་ནི་བཞི་སྟེ། རྒྱུའི་ཁྱད་པར་དང༌། འབྲས་བུའི་སྐྱབས་གནས་ཀྱི་ཁྱད་པར་དང༌། དུས་ཀྱི་ཁྱད་པར་དང༌། ཆེད་དུ་བྱ་བའི་ཁྱད་པར་རོ། །དང་པོ་ཉན་རང་ནི་དད་པས་སྐྱབས་སུ་འགྲོ་ལ། ཐེག་པ་ཆེན་པོ་པ་ནི་སྙིང་རྗེས་སྐྱབས་སུ་འགྲོའོ། །འབྲས་བུའི་སྐྱབས་གནས་ཀྱི་ཁྱད་པར་ནི་ཉན་ཐོས་དགྲ་བཅོམ་པ་ཐོབ་པར་འདོད་པས་དགེ་འདུན་ལ་སྐྱབས་སུ་འགྲོ་ལ། རང་རྒྱལ་རྟེན་འབྲེལ་རྟོགས་པར་འདོད་པས་ཆོས་ལ་སྐྱབས་སུ་འགྲོའོ། །ཐེག་པ་ཆེན་པོ་པ་སངས་རྒྱས་ཐོབ་པར་འདོད་པས་སངས་རྒྱས་ལ་སྐྱབས་སུ་འགྲོའོ། །རྒྱུད་བླ་མ་ལས། སྤང་ཕྱིར་སླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིག་དང་བཅས་པའི་ཕྱིར། །ཆོས་རྣམས་གཉིས་དང་དགེ་འདུན་ནི། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་གསུངས་སོ། །དུས་ཀྱི་ཁྱད་པར་ནི། ཐུན་མོང་བ་ཇི་སྲིད་འཚོའི་བར་དུ་སྐྱབས་སུ་འགྲོ་ལ། ཐུན་མོང་མ་ཡིན་པ་ནི་སངས་རྒྱས་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོའོ། །ཆེད་དུ་བྱ་བ་ནི་ཉན་རང་རང་གི་ཆེད་དུ་བྱ་བས་སྐྱབས་སུ་འགྲོ་ལ། བྱང་སེམས་ནི་གཞན་གྱི་ཆེད་དུ་བྱ་བས་སྐྱབས་སུ་འགྲོ་བའོ།།  །།བླ་མ་རྗེ་བཙུན་ས་སྐྱ་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པར་འདོད་པའི་སློབ་མས་བླ་མ་ལ་གསོལ་བ་བཏབ་ནས་སེམས་བསྐྱེད་པར་འདོད་ན་སྦྱོར་བ་དང༌། དངོས་གཞི་དང༌། རྗེས་གསུམ་མོ། །དང་པོ་ལ་བཞི་སྟེ། རྟེན་དང་མཆོད་པ་བཤམ་པ་དང༌། སེམས་བསྐྱེད་པའི་རྒྱུ་བཤད་པ་དང༌། མཐུན་པའི་རྐྱེན་ཚོགས་བསག་པ་དང༌། འགལ་བའི་རྐྱེན་སྡིག་པ་སྦྱང་བའོ། །དང་པོ་ནི་རྟེན་དགྲམ། མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པ་ལྔ་ཇི་ལྟར་འབྱོར་པ་བཤམ། གཏོར་མ་ཇི་ལྟར་འབྱོར་པ་བཤམ། བླ་མ་དང་དགེ་འདུན་ལ་མཆོད་པའི་ཡོ་བྱད་ཅི་འབྱོར་པ་ཤོམ་དུ་གཞུག གཉིས་པ་ནི་སློབ་མ་དུ་ཡོད་པ་ཁྲུས་བྱས་གྲལ་རིམ་དུ་འཁོད་དུ་བཅུག་ལ། བླ་མ་ལ་མཎྜལ་ཚོམ་བུ་བདུན་པ་ཕུལ་ལ་ལག་ཏུ་མེ་ཏོག་འཛིན་པ་དང་བཅས་པ་ལ་བླ་མས་སེམས་བསྐྱེད་ཀྱི་རྒྱུ་འདི་སྐད་བརྗོད་པར་བྱ་སྟེ། མདོ་སྡེ་རྒྱན་ལས་གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་ལས་སྐྱེ། །ཞེས་གསུངས་པས་སེམས་བསྐྱེད་སྐྱེ་བའི་རྒྱུ་ནི་ལྔ་སྟེ། གྲོགས་ཀྱིས་བསྐུལ་ནས་སེམས་བསྐྱེད་ཀྱིས། །ཞེས་བརྗོད་པ་ལ་བརྟེན་ནས་སེམས་བསྐྱེད་སྐྱེ་ཡང་སྲིད། འདི་ནི་མི་བརྟེན་པའི་སེམས་བསྐྱེད་ཅེས་བྱ། གཉིས་པ་རྒྱུ་སྙིང་རྗེ་གོམས་པ་ལས་སྐྱེ་བ་ནི་སྡུག་བསྔལ་ཅན་ལ་བརྟེན་ནས་འདི་དག་བསྒྲལ་བའི་ཕྱིར་སངས་རྒྱས་བྱས་ན་ཅི་མ་རུང་སྙམ་པ་ལས་སྐྱེའོ། །གསུམ་པ་ནི་རྩ་བ་དད་པ་བརྟན་པས་སྐྱེ་སྟེ། དེ་ཡང་དད་པ་ནི་གསུམ་སྟེ། དཀོན་མཆོག་གམ་དགེ་བའི་བཤེས་གཉེན་ལ་དང་བའི་དད་པ་སྐྱེས་སམ། སངས་རྒྱས་ཐོབ་པར་འདོད་པའི་དད་པ་སྐྱེས་སམ། ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་དད་པ་སྟེ། དེ་དག་ལ་བརྟེན་ཏེ་སྐྱེ་བ་ནི་རྒྱུ་གསུམ་པ་ཡིན་ནོ། །ཐོས་པ་ལ་བརྟེན་ནས་སྐྱེ་བ་ནི་བཞི། འཁོར་བའི་ཉེས་དམིགས་ཐོས་པ་དང༌། སངས་རྒྱས་ཀྱི་ཡོན་ཏན་ཐོས་པ་དང༌། སེམས་བསྐྱེད་པའི་ཕན་ཡོན་ཐོས་པ་དང༌། དལ་འབྱོར་རྙེད་པར་དཀའ་བ་ཐོས་པའོ། །དང་པོ་ལ་གསུམ། འཁོར་བའི་སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་ལོ། །དང་པོ་ནི་ངན་སོང་གསུམ་སྟེ། དེ་ཡང་སེམས་ཅན་དམྱལ་བ་ལ་ཡང་གཉིས། གྲང་བའི་སེམས་ཅན་དམྱལ་བ་བརྒྱད་དང༌། ཚ་བའི་སེམས་ཅན་དམྱལ་བ་བརྒྱད་དོ། །དང་པོ་ནི་ཆུ་བུར་ཅན་དང༌། ཆུ་བུར་རྡོལ་པ་ཅན་དང༌། ཨ་ཆུ་ཟེར་བ་དང༌། ཀྱི་ཧུད་ཟེར་བ་དང༌། སོ་ཐམ་ཐམ་དང༌། པདྨ་ལྟར་གས་པ་དང༌། ཨུཏྤལ་ལྟར་གས་པ་དང༌། པདྨ་ཆེན་པོ་ལྟར་གས་པའོ། །ཚ་བའི་བརྒྱད་ནི། ཡང་སོས་དང༌། ཐིག་ནག་དང༌། བསྡུས་འཇོམས་དང༌། ངུ་འབོད་དང༌། ངུ་འབོད་ཆེན་པོ་དང༌། ཚ་བ་དང༌། རབ་ཏུ་ཚ་བ་དང༌། མནར་མེད་པའོ། །གོང་མ་རྣམས་ཀྱི་སྡུག་བསྔལ་ཡང་ཞིབ་ཏུ་བཤད་ལ། མནར་མེད་ཀྱི་སྡུག་བསྔལ་ནི་སྡུག་བསྔལ་ལ་བར་མཚམས་མེད་དེ། ལྕགས་ཀྱི་ཁང་པ་ཡངས་པ་རབ་ཏུ་བསྲེགས་པའི་ནང་དུ་ལུས་དཔག་ཚད་ཙམ་ལ་ལུས་རྨ་གསར་བ་དང་འདྲ་བའི་འགྲེ་ལྡོག་བྱེད་དོ། །གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་ཅི་འདོད་ཟེར་ན་ཅི་ཡང་མི་འདོད་མོད་ཀྱི། འོན་ཀྱང་ལྟོགས་སོ་ཞེས་ཟེར་ན་ལྕགས་ཀྱི་ཐུ་ལུམ་འབར་བ་སྙོད་པར་བྱེད་དོ། །སྐོམ་མོ་ཞེས་ཟེར་ན་ཟངས་བཞུ་བ་ལྡུད་པར་བྱེད་དོ། །དེ་ལས་གལ་ཏེ་ཕྱི་རོལ་དུ་ཐར་ནའང་ཕྱོགས་དེ་ན་རལ་གྲི་ལོ་མའི་ནགས་ཚལ་དང༌། ཤལ་མ་ལིའི་སྡོང་པོ་དང༌། སྤུ་གྲི་གཏམས་པའི་ལམ་སྟེ་དེ་གསུམ་མཚོན་ཆར་ཆོས་མཐུན་ནོ། །རོ་མྱགས་ཀྱི་འདམ་དང༌། མེ་མདག་གི་ཕུང་པོ་དང༌། མེ་མ་མུར་གྱི་འོབས་སོ། །དེ་དག་ཕྱོགས་རེ་རེ་ན་བཞི་བཞི་ཡོད་པས་སྡུག་བསྔལ་བཅུ་དྲུག་ཅེས་བྱ་བ་ཡིན་ནོ། །དེ་ལ་སོགས་པའི་སྡུག་བསྔལ་རྣམས་ཞིབ་ཏུ་བཤད་ལ་དེ་དག་གི་ཚེའི་ཚད་ཀྱང་བཤད་པར་བྱ་སྟེ། མ་ག་དྷཱའི་ཏིལ་ཁལ་བརྒྱད་ཅུ་ཤོང་བའི་སྦྱང་གང་ལོ་བརྒྱ་བརྒྱ་ལོན་ཅིང་རེ་རེ་ཕྱུང་བས་ཟད་པ་ནི་ཆུ་བུར་ཅན་གྱི་ཚེ་ཡིན་ལ། དེ་བཞིན་དུ་དེའི་འོག་མ་ལ་ཉི་ཤུར་འགྱུར་ཞིང༌། དེ་བཞིན་དུ་དེའི་ཕྱི་མ་ལའང་དེའི་ཉི་ཤུ་འགྱུར་གྱིས་བརྩི་བར་བྱའོ། །ཚ་བའི་སེམས་ཅན་དམྱལ་བའི་ཚེ་ཚད་ནི་མི་རྣམས་ཀྱི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིས་བཞིའི་ཉིན་ཞག་གཅིག་ཡིན་ལ། རྒྱལ་ཆེན་རིས་བཞིའི་ཚེ་ལོ་ལྔ་བརྒྱ་ནི་དམྱལ་བ་ཡང་སོས་ཀྱི་ཞག་གཅིག་ཡིན་ལ། དེ་སུམ་བརྒྱ་དྲུག་ཅུ་ལ་ལོ་གཅིག་ཏུ་བྱས་པའི་ལོ་ལྔ་བརྒྱ་ཐུབ་ལ། དེས་གོང་བཞིན་དུ་བསྒྲེས་ལ་འདོད་པའི་ལྷ་རིས་དྲུག་དང༌། ཚ་དམྱལ་དྲུག་བསྒྲེས་ཏེ་ཤེས་པར་བྱའོ། །རབ་ཏུ་ཚ་བས་ནི་བར་བསྐལ་ཕྱེད་ཐུབ། མནར་མེད་པས་ན་བར་བསྐལ་གཅིག་ཐུབ་བོ། །དེ་ལ་སོགས་པ་སེམས་ཅན་དམྱལ་བའི་སྡུག་བསྔལ་བཤད་དོ། །ཡི་དྭགས་རྣམས་ཀྱི་སྡུག་བསྔལ་ནི་ཕྱིའི་སྒྲིབ་པ་ཅན་ཞེས་བྱ་བ་བཟའ་བཏུང་གི་དངོས་པོ་གང་ཡང་མིག་གིས་མི་མཐོང༌། མཐོང་ཡང་རྣག་ཁྲག་ཏུ་འགྲོ་ལ། རྣག་ཁྲག་ཀྱང་འཐུངས་པས་ཁ་ཁབ་མིག་ཙམ་དང་མགྲིན་པ་མོ་ཁབ་ཙམ་ནས་མི་ཤོང༌། ནང་གི་སྒྲིབ་པ་ཅན་ཞེས་བྱ་བ་ཅུང་ཟད་ཤོང་པ་ལྟོ་བ་རྒྱ་མཚོ་ཙམ་མི་ཁེངས་ལ། ཅུང་ཟད་ལྟོར་སོང་བ་རྣམས་ཀྱང་མེ་མ་མུར་དུ་སོང་ནས་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་སྐྱེད་པར་བྱེད་དོ། །དེ་དག་གི་ཚེའི་ཚད་ཀྱང་བཤད་པར་བྱ་སྟེ། ཟླ་བ་སུམ་བརྒྱ་དྲུག་ཅུ་ལ་ལོ་གཅིག་ཏུ་བྱས་པའི་ལོ་ལྔ་བརྒྱ་ཐུབ་སྟེ། མདོར་ན་མི་ལོ་ཁྲི་ལྔ་སྟོང་ཐུབ་པ་ཡིན་ནོ། །དུད་འགྲོའི་སྡུག་བསྔལ་ནི་གཅིག་ལ་གཅིག་ཟ་བ་དང་རབ་ཏུ་བླུན་པ་ཡིན་ཞིང༌། ཤིན་ཏུ་ཚེ་རིང་བས་ནི་བསྐལ་པའང་ཐུབ་བོ། །མཐོ་རིས་ལ་གསུམ། ཐུན་མོང་དུ་གྱུར་པ། འགྱུར་བའི་སྡུག་བསྔལ། འདུ་བྱེད་ཀྱི་སྡུག་བསྔལ་ལོ། །ཁྱད་པར་དུ་ལྷ་མ་ཡིན་ལ་ལྷའི་དཔལ་ལ་རང་བཞིན་གྱིས་ཞེ་སྡང་བ་འཐབ་པ་དང་རྩོད་པའི་སྡུག་བསྔལ་དང༌། ལྷ་ལ་འཆི་འཕོ་ཞིང་ལྟུང་བ་ཞེས་བྱ་བ་འཆི་བའི་དུས་སུ་ནམ་མཁའ་ནས་སྒྲ་འབྱུང་བ་ཁྱོད་ད་སྟེ་ཞག་བདུན་ན་ཚེའི་དུས་བྱེད་དོ་ཞེས་བྱ་བའི་སྒྲ་འབྱུང་སྟེ། དེ་བར་ལ་མནར་མེད་པའི་སེམས་ཅན་དམྱལ་བའི་སྡུག་བསྔལ་བས་ཀྱང་ཆེས་ཆེ་བ་འབྱུང་སྟེ། ལྷ་ཚེ་རིང་ཞིང་སྡུག་བསྔལ་ཆེ་བ་ཡིན་ནོ། །མི་ལ་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་སྟེ། སྲིད་པའི་ཆུ་བོ་བཞི་དང༌། དགྲ་སྡང་བ་དང་ཕྲད་པ་དང༌། ཕྲད་ཀྱིས་དོགས་པ་དང༌། གཉེན་བྱམས་པ་དང་བྲལ་བ་དང་བྲལ་གྱིས་དོགས་པ་དང༌། འདོད་པ་བཙལ་གྱིས་མི་རྙེད་པ་དང༌། མི་འདོད་པ་སྤང་གིས་མི་སྤོང་བ་ལ་སོགས་པའི་སྡུག་བསྔལ་ཞིབ་ཏུ་བཤད་པར་བྱའོ། །བདག་གཞན་སྡུག་བསྔལ་དེ་དག་ལས་བཀྲོལ་ལ་སངས་རྒྱས་ཀྱི་ས་ལ་གཞག་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། གཉིས་པ་དེ་བཞིན་གཤེགས་པའི་ཡོན་ཏན་ཏེ། དེ་བཞིན་གཤེགས་པ་མི་འཁྲུགས་པ་དང༌། ཤར་ཕྱོགས་མངོན་པར་དགའ་བ་དང༌། ནུབ་ཀྱི་བདེ་བ་ཅན་དང༌། སངས་རྒྱས་སྣང་བ་མཐའ་ཡས་ལ་སོགས་པའི་བྱེ་བྲག་གི་ཡོན་ཏན་ཅི་རིགས་པར་བཤད། སངས་རྒྱས་སྤྱིའི་ཡོན་ཏན་སྐུ་བྱད་ལྟ་བས་ཆོག་མི་ཤེས་པ། དབྱངས་སྙན་པ། ཐུགས་མཚུངས་པ་མེད་པ། ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་ཡང་བཤད་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དེ་ལྟ་བུའི་སངས་རྒྱས་ཐོབ་པར་བྱ་ན་ཅི་མ་རུང་སྙམ་པའི་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ་དུ་གཞུག་གོ །གསུམ་པ་ཕན་ཡོན་བསྟན་པའི་སྒོ་ནས་སེམས་བསྐྱེད་པ་ནི་དེ་ལྟ་བུའི་སྨོན་པའི་སེམས་ཅུང་ཟད་སྐྱེས་མ་ཐག་ཏུ་བྱང་སེམས་ལས་དང་པོ་པ་མ་རིག་པའི་སྒོ་ངའི་སྦུབས་ན་གནས་པ་བྱང་ཆུབ་ཀྱི་སེམས་ཀྱི་རྩལ་མ་རྫོགས་ཀྱང་ཉན་རང་ཐམས་ཅད་ཟིལ་གྱིས་གནོན་ཏེ། དཔེར་ན་བྱ་ཀ་ལ་པི་ཀའི་ཕྲུ་གུ་སྒོ་ངའི་སྦུབས་ན་འདུག་བཞིན་དུ་བྱ་གཞན་གྱི་སྐད་ཟིལ་གྱིས་གནོན་པ་དང༌། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཕྲུ་གུས་ཀྱང་ཁམས་ཀྱི་རྒྱལ་ཕྲན་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་དོ། །དམན་པའི་ལུས་མཆོག་ཏུ་སྒྱུར་བར་བྱེད་པ་གསེར་འགྱུར་གྱི་རྩིའི་དཔེ་དང༌། རྙེད་དཀའ་ཞིང་ཕན་འདོགས་ཆེ་བས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དཔེ་དང༌། འབྲས་བུ་མི་ཟད་པ་ལ་དབང་བསྒྱུར་བའི་ཕྱིར་ལྗོན་ཤིང་གི་དཔེ་དང༌། ངེས་པའི་སྡིག་པ་ཟིལ་གྱིས་གནོན་པས་དཔའ་བོའི་དཔེ། མ་ངེས་པའི་སྡིག་པ་དྲུངས་ནས་འབྱིན་པས་དུས་མཐའི་མེའི་དཔེ་ལ་སོགས་པ་རྣམས་བསྟན་ཏེ། དེ་ལྟར་ཕན་ཡོན་ཆེན་པོ་དང་ལྡན་ནོ་ཞེས་བརྗོད་ལ་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ་དུ་གཞུག་གོ །བཞི་པ་བྱང་ཆུབ་ཀྱི་སེམས་ཀྱིས་སངས་རྒྱས་ཐོབ་པ་ལ་རྟེན་དལ་འབྱོར་འདི་དགོས་ལ། །འདི་ལ་དགའ་བ་ཁྱད་པར་ཅན་བསྒོམ་ཞིང་དལ་བ་ཡུན་རིང་དུ་མི་གནས་པས་མི་རྟག་པ་བསྒོམ་མོ། །དེ་ནས་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །རྒྱུ་ལྔ་པ་ནི་དེ་དག་གིས་ཀྱང་བྱང་ཆུབ་ཀྱི་སེམས་མ་སྐྱེས་ན་ཚོགས་བསགས་པ་དང་སྡིག་པ་སྦྱང་བ་བྱས་ལ་ཡང་སེམས་བསྐྱེད་པར་བྱའོ། །སེམས་བསྐྱེད་པའི་རྒྱུ་བསྟན་ཟིན་ཏོ། །དེ་ནས་མཐུན་པའི་རྟེན་ཚོགས་བསགས་པ་ནི་མཎྜལ་ཚོམ་བུ་བདུན་པའི་ཉི་ཟླ་དབུས་སུ་བལྟབས་ལ་ཚོམ་བུ་ལྔ་པར་བྱས་ལ་དབུས་སུ་སངས་རྒྱས་བཞུགས་པར་བསམ། ཤར་དུ་ཆོས། ལྷོར་དགེ་འདུན། ནུབ་ཏུ་ཐུན་མོང་མ་ཡིན་པའི་དཀོན་མཆོག་དཀྱིལ་འཁོར་གྱི་ལྷ་དང་གསང་སྔགས་དང་རིག་སྔགས། བྱང་ན་བླ་མ་བཞུགས་པའོ། །ཡང་ན་བླ་མ་དབུས་སུ། ཤར་དུ་ཐུན་མོང་མ་ཡིན་པའི་དཀོན་མཆོག ལྷོར་སངས་རྒྱས། ནུབ་ཏུ་ཆོས། བྱང་དུ་དགེ་འདུན་བསམ་མོ། །དེ་རྣམས་ལ་ཐོག་མར་ཕྱག་བྱས་ཏེ། དེའི་སྔགས། ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མ་སྶཾ་གྷཱ་ཡ། ཨོཾ་ན་མཿས་མུ་དྲ་མནྟྲ་མཎྜལ་དེ་ཝ་ཏཱ་བི་ཤྭ་བྷྱཿ ཨོཾ་ན་མོ་གུ་རུ་བྷྱཿ ཡང་ན་དབུས་སུ་ན་མོ་གུ་རུ་བྷྱཿ ཞེས་པ་ནས་བརྩམས་ཏེ། ཤར་དུ་ཐུན་མོང་མ་ཡིན་པའི་སྔགས་བརྗོད་དེས་འགྲེ། དེ་བཞིན་དུ་མཆོད་ཡོན་དབུལ་བར་བྱ་སྟེ། བུདྡྷཱ་ཡ་ཨརྒྷཾ། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ་ཨོཾ་བཛྲ་པུཥྤེ་ཞེས་པ་ལ་སོགས་པ་བརྗོད་ཅིང་བཟེད་ཞལ་དང་བཅས་པས་རང་རང་གི་གནས་སུ་དབུལ་བའམ་བཟེད་ཞལ་མེད་ཀྱང་རུང་སྟེ་དབུལ་བར་བྱའོ། །དེ་ནས་ཨོཾ་བཛྲ་གྷཎྜེ་ཨཿཞེས་བརྗོད་ཅིང་དྲིལ་བུའང་གནས་ལྔ་རུ་དབུལ་བར་བྱའོ། །དེ་ནས་ཡིད་ལས་བྱུང་བའི་མཆོད་པ་ནི་ནམ་མཁའི་ཁམས་སུ་རྟེན་དཀོན་མཆོག་ལྔ་དམིགས་ལ་མཆོད་པའི་བྱེ་བྲག་མཆོད་ཡོན་གྱི་སྣོད་དང༌། མེ་ཏོག་གི་སྣོད་ཀོང་བུ་རི་རབ་དང་མཉམ་པ། བདུག་སྤོས་ཀྱི་ཁང་པ་དང༌། མར་མེའི་ཕྲེང་བ་ཉི་ཟླའི་འོད་པས་ཀྱང་ལྷག་པ་དང༌། དྲིའི་དུང་ཆོས་དང༌། བླ་རེ་དང༌། གཞལ་མེད་ཁང་དང༌། ཁྲུས་ཀྱི་རྫིང་བུ་དང༌། དཔག་བསམ་གྱི་ཤིང་དང༌། རིན་པོ་ཆེ་སྣ་བདུན་དང༌། འདོད་ཡོན་ལྔ་ལ་སོགས་པ་དཔག་ཏུ་མེད་པའི་མཆོད་རྫས་ཀྱིས་ནམ་མཁའི་ཁམས་ཐམས་ཅད་གང་བར་དམིགས་ལ། དུས་ཀྱང་འཁོར་བ་མ་སྟོངས་ཀྱི་བར་རྒྱུན་མི་འཆད་པར་དམིགས་ལ་ངག་ཏུ་ཨོཾ་བཛྲ་གྷཎྜེ་ར་ཎ་པྲ་ར་ཎ། སཾ་པྲ་ར་ཎི་ཏེ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙ་ལི་ཏེ་པྲཛྙཱ་པཱ་ར་མི་ཏཱ། ནཱ་ད་སཾ་བྷ་བེ་ཏ་བཛྲ་དྷརྨཱ་ཧྲྀ་ད་ཡ་ནི་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་བརྗོད་ལ་དྲིལ་བུ་འཁྲོལ་དུ་གཞུག་གོ །དེ་དག་གིས་ནི་མཐུན་པའི་རྐྱེན་ཚོགས་བསགས་པ་བསྟན་ཟིན་ཏོ།།  །།དེ་ནས་འགལ་རྐྱེན་སྡིག་པ་སྦྱང་བ་ནི་རྗེས་སུ་བཟླས་པ་བྱ་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་ཐོག་མ་མེད་པ་ནས་དུས་ད་ལྟ་ལ་ཐུག་གི་བར་དུ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བའི་ལས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིས་པ་ལ་རྗེས་སུ་ཡི་རང་བ་དེ་ཐམས་ཅད་སོ་སོར་བཤགས་ཤིང་ཡང་མི་བགྱིད་དོ། །སྡིག་པ་བཤགས་པའོ། །ཡང་མཐུན་རྐྱེན་མ་ལུས་པ་ཚང་བར་བྱ་བའི་ཕྱིར་བསོད་ནམས་ལ་རྗེས་སུ་ཡི་རང་བ་ནི་སོ་སོ་སྐྱེ་བོ་དང༌། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགེ་བའི་རྩ་བ་དེ་དག་ལ་རྗེས་སུ་ཡི་རང་བར་བགྱིའོ། །ཞེས་ལན་གསུམ་བརྗོད་དོ། །སློབ་དཔོན་གྱིས་དེའི་དོན་བཤད་ལ་རྗེས་སུ་ཡི་རང་བར་བྱའོ། །དེ་ནས་དགེ་བའི་རྩ་བ་བསྔོ་བ་ནི་དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་དེས་བདག་དང་སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་ཅེས་བསྔོ་བར་བྱའོ། །སྦྱོར་བའི་ཆོས་བཞི་བསྟན་ཟིན་ཏོ།།  །།དེ་ནས་དངོས་གཞི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ལས་ཐོག་མར་སྐྱབས་སུ་འགྲོ་བ་ནི་རྗེས་སུ་བཟླས་པ་འདི་སྐད་བརྗོད་པར་བྱ་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །གསང་སྔགས་དང་རིག་སྔགས་ཀྱི་ཡི་དམ་གྱི་ལྷ་དང་བླ་མ་དམ་པ་ལ་སྐྱབས་སུ་མཆིའོ་ཞེས་ལན་གསུམ་བྱ། དེ་ནས་སེམས་བསྐྱེད་པར་བྱ་སྟེ། དེ་ལ་སྨོན་པ་སེམས་བསྐྱེད་པ་ནི་དགོངས་སུ་གསོལ་གོང་དང་མཐུན། བདག་མིང་འདི་ཞེས་བྱ་བས་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བྱ་བའི་ཕྱིར་དང༌། མ་གྲོལ་བ་རྣམས་དགྲོལ་བར་བགྱི་བ་དང༌། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བགྱི་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་དུས་གསུམ་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་སྲིད་བྱང་ཆུབ་སྙིང་པོར་སྨོན་པ་སེམས་བསྐྱེད་པ་དེ་བཞིན་དུ་བདག་གིས་ཀྱང་སེམས་བསྐྱེད་པར་བགྱིའོ་ཞེས་ལན་གསུམ་བརྗོད་དོ། །ཡང་སངས་རྒྱས་དང་བྱང་སེམས་བླ་མ་དགོངས་སུ་གསོལ་སྔ་མ་དང་འདྲ་བར་བྱས་ལ་བདག་མིང་འདི་ཞེས་བགྱི་བས་འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་ཇི་ལྟར་བསླབས་པར་གྱུར་པ་དང༌། མ་འོངས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་བསླབ་པར་འགྱུར་བ་དང༌། ད་ལྟར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་སློབ་པ་དེ་བཞིན་དུ་བདག་གིས་ཀྱང་བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བ་རྣམས་ལ་བསླབ་པར་བྱའོ་ཞེས་ལན་གསུམ་བརྗོད་པར་བྱའོ། །སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་བླངས་པའོ། །ཡང་སྡིག་པ་བཤགས་པ་མན་ཆད་བླངས་པ་ཐམས་ཅད་བརྟན་པར་བྱ་བའི་ཕྱིར་རྡོ་རྗེ་གུར་གྱི་ཚིགས་སུ་བཅད་པ་འདི་ལན་གསུམ་གྱི་བར་དུ་བརྗོད་པར་བྱ་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་པར་བྱའོ། །ཡང་སྨོན་འཇུག་དེ་ཤིན་ཏུ་བརྟན་པར་བྱ་བའི་ཕྱིར་བླ་མའི་རྗེས་སུ་བཟླས་པ་ལན་གསུམ་བྱ་སྟེ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་སྨོན་པའི་ཚིག་ལན་གསུམ་བརྗོད་པ་དང༌། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །ཞེས་འཇུག་པའི་ཚིག་ལན་གསུམ་བརྗོད་པར་བྱའོ། །སྨོན་པའི་སེམས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བློ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་སྤྱད་པར་བྱའོ་སྙམ་པའི་སེམས་ཀྱང་དར་ཅིག་བསྒོམ་དུ་གཞུག་གོ །དངོས་གཞིའི་ཆོ་ག་བསྟན་ཟིན་ཏོ།།  །།མཇུག་གི་ཆོ་ག་ལ་བཞི་སྟེ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་བསླབ་བྱ་བསྟན་པ་དང༌། སེམས་བསྐྱེད་པ་ལ་སྤྲོ་བ་བསྒོམ་པ་དང༌། ཆོས་སྐྱོང་ལ་གཏོར་མ་སྦྱིན་པ་དང༌། བླ་མ་ལ་ཡོན་དབུལ་ཞིང་དགེ་འདུན་ལ་མཆོད་པའོ། །དང་པོ་ནི་སྐྱབས་སུ་འགྲོ་བའི་བསླབ་བྱ་ཐུན་མོང་མ་ཡིན་པ་མྱ་ངན་ལས་འདས་པ་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ན་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་སོང་ན། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་སོང་བས། །མུ་སྟེགས་ཅན་ལ་ཕྱོགས་མི་བྱེད། །ཅེས་གསུངས་སོ། །ཡང་དཀོན་མཆོག་གསུམ་ལའང་སྐྱབས་སུ་འགྲོ་ཞིང་རྟེན་དམན་པ་ཞིག་ལའང་གུས་པར་བྱ་བའོ། །ཐུན་མོང་གི་བསླབ་བྱ་ནི་དུས་རྟག་ཏུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱ་བ་དང༌། སྲོག་དང་བྱ་དགའི་ཆེད་དུ་ཡང་ལྷ་དཀོན་མཆོག་གསུམ་མི་སྤང་བ་དང༌། ནད་དང་སྡུག་བསྔལ་ཅི་བྱུང་ཡང་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ་ཞིང་ཐབས་གཞན་གྱིས་མ་ཡིན་པ་དང༌། དུས་རྒྱུན་དུ་མཆོད་པ་དང༌། ཁྱད་པར་གྱི་མཆོད་པ་བྱ་བ་དང༌། ཅི་ཟའི་ཕུད་ཀྱིས་མཆོད་པ་བྱ་བ་དང༌། ཕྱོགས་གང་དུ་འགྲོ་བའི་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ་ཞིང་ཁྱད་པར་དུ་ཕྱོགས་དེའི་དཀོན་མཆོག་ལ་སྐྱབས་འགྲོ་བྱའོ། །དེ་ལ་སོགས་པ་ཞིབ་ཏུ་བཤད་པར་བྱའོ། །བྱང་ཆུབ་ཀྱི་སེམས་ཀྱི་བསླབ་བྱ་ནི་དུས་དྲུག་ཏུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སྨོན་པའི་སེམས་བསྐྱེད་དང༌། དེའི་རྗེས་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བྱའོ་སྙམ་པའི་འཇུག་པའི་སེམས་དྲན་པར་བྱའོ། །གཞན་ཡང་བྱང་ཆུབ་ཀྱི་སེམས་མི་བརྗོད་པའི་རྒྱུ་ནག་པོའི་ཆོས་བཞི་སྤང་བར་བྱ་སྟེ། བླ་མ་དང་མཆོད་པར་འོས་པ་བསླུ་བ་དང༌། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་སྐྱེད་པ་དང༌། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གི་སྒོ་ནས་སྐུར་བ་འདེབས་པ་དང༌། གཡོ་སྒྱུའི་ཀུན་ཏུ་སྤྱོད་པས་གཞན་སླུ་བ་རྣམས་སྤོང་ངོ༌། །ཡང་ཕམ་པ་ལྟུང་བའི་ཆོས་བཞི་སྤང་སྟེ། རྙེད་དང་བཀུར་སྟི་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང༌། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང༌། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་ནས་གཞན་ལ་འཚོག་པ་དང༌། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང༌། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་ཕམ་པ་ལྟུང་བའི་ཆོས་བཞི་བཤད་ལ་གཞན་ཡང༌། དཀོན་མཆོག་གསུམ་ལ་གསུམ་མི་མཆོད། །ཅེས་པ་ལ་སོགས་པ་ཉེས་བྱས་ཀྱི་རིགས་སུ་གཏོགས་པ་བཞི་བཅུ་རྩ་དྲུག་དང༌། གཞན་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོ་རྣམས་སྐབས་ཅི་ཡིན་པ་བཤད་དོ། །སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་བསླབ་བྱ་བསྡུས་ཏེ་མི་ཉམས་པར་བསྲུང་བ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བརྗོད་ལ་དོན་རྟག་ཏུ་བསམ་པར་བྱའོ། །གཉིས་པ་སྤྲོ་བ་བསྒོམ་པ་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་དུ་ད་གྱུར་ཏོ། །ཞེས་ལན་གསུམ་ཆེད་དུ་བརྗོད་ལ། དེའི་དོན་ཡང་བཤད་པར་བྱ་སྟེ། མི་ལུས་ཐོབ་པ་དོན་ཡོད་པར་བྱ་སྟེ། སེམས་བསྐྱེད་པ་ཐོབ་པའི་ཕྱིར་སྔར་མ་ཤི་བ་དོན་ཡོད་པར་བྱས་ཏེ་སེམས་བསྐྱེད་པ་ཐོབ་པས་སོ། །དེས་ན་མིང་འཕོ་སྟེ་བྱང་ཆུབ་སེམས་དཔའ་ཆེ་གེ་མོ་ཞེས་བྱ་བ་ཡིན་ནོ། །དོན་འཕོས་ཏེ་ལྷ་དང་མི་རྣམས་ཀྱིས་ཕྱག་བྱ་བའི་འོས་སུ་གྱུར་པ་ཡིན་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །སྲིད་པའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་འབྱུང་བ་ཡིན་ནོ། །དེ་ལྟར་མིང་དང་དོན་འཕོ་བའི་རྒྱུ་མཚན་ཅི་ཞེ་ན། བྱང་ཆུབ་ཀྱི་སེམས་ལས་རྙེད་པར་དཀའ་བ་ནི་ནམ་མཁའི་མཐས་ཀླས་པའི་འཇིག་རྟེན་གྱི་ཁམས་ན་མེད་ལ། དེ་འོ་སྐོལ་བདག་ཅག་ལྟ་བུ་གང་ཟག་དམན་པས་རྙེད་པ་ནི་ངོ་མཚར་ཆེ་སྟེ། སྤྱོད་འཇུག་ལས། ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཅི་ཞིག་ལྟར་སྟེས་ན། །བྱང་ཆུབ་སེམས་འདི་བདག་གིས་རྙེད། །ཅེས་གསུངས་པས་གང་ཟག་དམན་པ་ལོང་བ་ཅིག་གིས་གནས་དམན་པ་ཕྱག་དར་ཁྲོད་ཀྱི་ཕུང་པོ་ལས། དངོས་པོ་ཁྱད་པར་དུ་འཕགས་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པ་དང་འདྲའོ། །དེས་ན་དགའ་བ་ཁྱད་པར་ཅན་ཡུན་རིང་དུ་བསྒོམ་དུ་གཞུག་གོ །དེ་ནས་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་གཏོར་མ་བཏང་ལ། སེམས་བསྐྱེད་པའི་བར་དུ་གཅོད་པ་བསྲུང་བར་བྱའོ། །དེ་ནས་ཅི་འབྱོར་པའི་ཡོན་བླ་མ་ལ་དབུལ། དགེ་འདུན་ཚོགས་པ་ལ་ཅི་འབྱོར་པའི་མཆོད་སྟོན་བྱ། བླ་མས་ཀྱང་དེ་ལས་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོས་ལ་ལས་ཀྱི་རྗེས་རྣམས་བསྡུ་བར་བྱའོ། །དེ་ལྟ་བུའི་སེམས་བསྐྱེད་པའི་ཆོ་ག་འདི་ནི་སེམས་བསྐྱེད་བརྟན་པར་བྱ་བའི་ཚིགས་སུ་བཅད་པ་གཉིས་མ་གཏོགས་པའི་གཞུང་ཐམས་ཅད་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲངས་ནས་དཔལ་ནཱ་རོ་ཏ་པའི་བཞེད་པ་ཡིན་ལ། མཎྜལ་ཚོམ་བུ་ལྔ་པ་ལ་བརྟེན་ནས་ཕྱིའི་རྟེན་བཅའ་བ་མེད་པའི་གཞུང་ཐམས་ཅད་ནི་སློབ་དཔོན་བིརྺ་པའི་རྗེས་སུ་འབྲངས་ནས་ཇོ་བོ་ག་ཡ་དྷ་རའི་བཞེད་པ་ཡིན་ནོ། །བླ་མ་གོང་མ་ནི་དཔལ་ནཱ་རོ་ཏ་པའི་རྗེས་སུ་འབྲངས་ནས་མཛད་དོ། །དེའི་རྗེས་སུ་འབྲངས་ན་སེམས་བསྐྱེད་ཤིན་ཏུ་བརྟན་པའི་ཚིགས་བཅད་གཉིས་མི་བརྗོད། བརྒྱུད་པའི་ལུགས་སོ་སོར་བྱ་བ་མ་གཏོགས་པ་གཉིས་ཀ་ལ་ཆོ་ག་ཐམས་ཅད་ཚང་བར་བྱས་ལ་ཉེས་པ་མེད་པས་ལེགས་ཏེ། ཆོ་ག་རྒྱས་ཤིང་བརྟན་པའི་ཡན་ལག་ཏུ་གྱུར་པའོ། །ལྷག་མ་རྣམས་ནི་འདྲའོ། །ག་ཡ་དྷ་རའི་ལུགས་སུ་བྱེད་ན་མཎྜལ་ཚོམ་བུ་ལྔ་པའི་རྟེན་བཅའ་བ་མི་དགོས་སོ། །ལྷག་མ་རྣམས་ནི་འདྲ་བ་ཉིད་དུ་བྱའོ། །བརྒྱུད་པ་གཉིས་ཀྱི་ལུགས་སུ་བྱས་པའི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་ཆོ་ག་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*