རྡོ་རྗེ་དྲིལ་བུ་དང་བགྲང་ཕྲེང་གི་དེ་ཁོ་ན་ཉིད།

༼ཇ༽

༄༅། །རྡོ་རྗེ་དྲིལ་བུ་དང་བགྲང་ཕྲེང་གི་དེ་ཁོ་ན་ཉིད་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །རྡོ་རྗེའི་དེ་ཁོ་ན་ཉིད་ནི་སྤྱིར་རྡོ་རྗེ་ཞེས་བྱ་བ་ཙམ་གྱི་དབང་དུ་བྱས་ན་ཆོས་ཉིད་ཀྱི་རྡོ་རྗེ། མཚན་མའི་རྡོ་རྗེ། ཐབས་ཀྱི་གསང་བའི་རྡོ་རྗེ། རྫས་ཀྱི་རྡོ་རྗེ་དང་བཞི་ལས་འདིར་མཚོན་པར་བྱེད་པ་མཚན་མའི་རྡོ་རྗེ་ལ། རྡོ་རྗེ་རྩེ་དགུ་པ་ནི་དམ་ཚིག་གི་རྡོ་རྗེ་སྟེ། རྩེ་ལྔ་པ་ཡེ་ཤེས་ཀྱི་རྡོ་རྗེ། རྩེ་གསུམ་པ་མ་རུངས་པ་སྐྲོད་པར་བྱེད་པའི་རྡོ་རྗེ། རྭ་གྱེས་པ་ཁྲོ་བོའི་རྡོ་རྗེ་དང་བཞི་ཡོད་དེ། གང་ཡིན་ཡང་རྭ་གཡས་གཡོན་གཉིས། རྐེད་པའི་ཆ་དང་གསུམ། རྐེད་པ་ཟླུམ་པོའི་མཐའ་སྐོར་དུ་ཇི་ཙམ་ཡོད་པའི་ཐད་དུ་བྱ་བ་ཡིན་པས་ན་སཾ་པུ་ཊ་ལས། རྩེ་གསུམ་བཟུང་བའི་གནས་ཀྱིས་ལང༌། །སྐ་རགས་བྱས་པ་བཟང་པོ་ཉིད། །ཅེས་གསུངས་སོ། །སྤྱིར་སོར་བརྒྱད་པ་ནས་ཉི་ཤུ་རྩ་བརྒྱད་ཀྱི་བར་དུ་བྱ། རྩེ་དགུ་པའི་སྟེང་གི་རྭ་དགུ་ནི་ཕྱོགས་བཞིའི་རྭ། མི་བསྐྱོད་པ། རིན་འབྱུང༌། སྣང་བ་མཐའ་ཡས། དོན་གྲུབ་བཞི་ཡིན། མཚམས་ཀྱི་རྭ་བཞི་ནི་ཡུམ་བཞི། །དབུས་ནམ་མཁའ་ཀུན་ཏུ་བཟང་པོ། རྩེ་མོ་རྣམ་པར་སྣང་མཛད་དག་པའི་ངོ་བོ་ཡིན། འོག་གི་ཆའི་རྭ་དགུ་ནི་ཡེ་ཤེས་ལྔ་དང་ཚད་མེད་བཞི་རྣམ་པར་དག་པའི་ངོ་བོ་ཡིན་ལ། རྩེ་མོ་ཆོས་ཀྱི་དབྱིངས་བདེ་བ་ཆེན་པོ་རྣམ་པར་དག་པའི་ངོ་བོ་ཡིན། རྭ་དེ་དག་ཆུ་སྲིན་གྱི་ཁ་ནས་བྱུང་བ་ནི་སྲིད་རྩའི་སྡུག་བསྔལ་ལས་འདྲེན་པའི་བརྡ་ཡིན། རྭ་དེ་དག་གི་གདན་ཟླ་བ་ནི་འཁོར་བའི་ཚད་པས་གདུང་བ་བསིལ་བར་བྱེད་པའི་བརྡ་ཡིན། པདྨ་འདབ་བརྒྱད་སྟེང་མ་ནི་བྱང་སེམས་ཉེ་བའི་སྲས་བརྒྱད་ཡིན་ལ། འོག་མ་ནི་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག དྲིལ་བུ། སྐུལ་བྱེད། རིན་ཆེན་ཀློག་མ། ལྕགས་སྒྲོག གཞན་གྱིས་མི་ཐུབ་མ་རྣམས་ཏེ་ལྷ་མོ་བརྒྱད་དག་པའི་ངོ་བོ་ཡིན་ལ། ལྟེ་བ་ཟླུམ་པོ་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ་མཚོན་པའི་བརྡ། ལྟེ་བའི་ཐད་གཉིས་སུ་མུ་ཏིག་གི་ཕྲེང་བས་བརྒྱན་པ་ནི་འཁོར་འདས་ཐམས་ཅད་ཀྱི་རྒྱན་ནམ་རོལ་བར་ཤར་བའི་བརྡའོ། །ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་ནི་སྟེང་གི་རྭ་ལྔ་རིགས་ལྔ་ཡེ་ཤེས་ལྔ། འོག་གི་རྭ་ལྔ་ནི་ཡུམ་ལྔ་རྣམ་པར་དག་པའི་བརྡའོ། །གཞན་སྔར་དང་འདྲའོ། །དྲིལ་བུའི་དེ་ཁོ་ན་ཉིད་ནི་དབྱིབས་ཟླུམ་པོ། ཨུཏྤལ་ལམ། ཀུ་མུ་ཏ་ལྟ་བུ་སྟེ། སཾ་པུ་ཊ་ལས། ཞི་བར་ཨུཏྤལ་ཀུ་མུ་ཏ། །ནང་ནི་ཨུཏྤལ་ཁ་བྱེ་འདྲ། །ཚད་མེད་བཞི་ཡི་ཐེག་པ་ལ། །རྡོ་རྗེ་ཕྱེད་པས་བརྒྱན་པ་ཉིད། །དབུས་ཀྱི་རྩེ་ནི་ཡེ་ཤེས་ཏེ། །སངས་རྒྱས་ཐམས་ཅད་འཕྲོ་བར་བྱེད། །ཚད་ནི་སོར་བརྒྱད་བཅུ་གཉིས་དང༌། །བཅུ་དྲུག་བཅོ་བརྒྱད་ཉེར་གཉིས་སོ། །ཞེས་སོ། །ནང་སྟོང་པ་ནི་སྟོང་ཉིད་ཤེར་ཕྱིན་གྱི་ངོ་བོ། དབུས་ནི་རིག་པའི་ཡེ་ཤེས་ཀྱི་ངོ་བོ། སྒྲ་སྟོང་ཉིད་སྟོན་པའོ། །སྟེང་པདྨ་འདབ་བརྒྱད་ནི་ཕྱོགས་བཞིར་སངས་རྒྱས་སྤྱན། མཱ་མ་ཀཱི། གོས་དཀར་མོ། དམ་ཚིག་སྒྲོལ་མའོ། །མཚམས་བཞིར་ནོར་རྒྱུན་མ། སྐུལ་བྱེད་མ། ཁྲོ་གཉེར་ཅན་མ། རྡོ་རྗེ་ཕྲེང་བ་མ་བརྒྱད་རྣམ་པར་དག་ལ། སྟེང་དུ་རིགས་ཀྱི་མཚན་མ་བཞིས་བརྒྱན་པ་དང༌། ལྟེ་བ་ནི་རིགས་ལྔ་རྣམ་པར་དག་པའོ། །དེའི་སྟེང་དུ་བུམ་པ་ནི་དངོས་གྲུབ་ཐམས་ཅད་འབྱུང་བའི་བརྡར་བདུད་རྩིའི་བུམ་པའོ། །དེའི་སྟེང་དུ་ཆོས་སྐུ་སྟོང་ཉིད་མཚོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཞལ་ཏེ། དེའི་སྟེང་གི་པད་ཟླ་དང་རྡོ་རྗེ་སྔར་བཞིན་ནོ། །རྡོ་རྗེ་ལ་སོགས་པ་རྒྱན་གྱིས་བརྒྱན་པ་ནི་ཤེས་རབ་ལ་ཐབས་ཀྱིས་བརྒྱན་པའི་བརྡའོ། །རྡོ་རྗེ་དྲིལ་བུ་ཇི་ལྟར་བླང་བ་ནི། བདག་ཉིད་ལྷའི་ང་རྒྱལ་དང་ལྡན་པས་རྡོ་རྗེ་དྲིལ་བུ་མི་དམིགས་པ་ལས་ཧཱུྃ་དང་ཨཱཿལས་རྡོ་རྗེ་དང་དྲིལ་བུ་བསྐྱེད་ལ། བདག་ཉིད་ཀྱི་ལག་པ་གཡས་པ་ཉི་མའི་དཀྱིལ་འཁོར་དང༌། གཡོན་པ་ཟླ་བའི་དཀྱིལ་འཁོར་དུ་བསྐྱེད་ལ། རྣམ་ལྔ་འདོད་པའི་བསྐོར་བའི་ཕྱག་རྒྱས་ཨོཾ་མ་ཧཱ་བཛྲ་ཧཱུྃ་ཞེས་བརྗོད་ཅིང་རྡོ་རྗེ་བླང༌། ཨོཾ་བཛྲ་གྷནྜེ་ཨཿཞེས་བརྗོད་པས་དྲིལ་བུ་བླང༌། རྡོ་རྗེ་ནམ་མཁའ་ལ་ལན་ཅིག་གསོར་ལ་སྙིང་གར་བཞག་ལ་དྲིལ་བུ་གསིལ་ཞིང༌། ཨོཾ་བཛྲ་གྷཎྜེ་ར་ཎིའི་སྔགས་བརྗོད་ཅིང་དཀྲོལ་བས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གྲག་པར་བསམ། དེ་ནས་བསྟོད་པ་ལ་སོགས་པ་ཅི་རིགས་པར་བྱའོ། །ཕྲེང་བའི་དེ་ཁོ་ན་ཉིད་ལ་བདུན་ལས། དང་པོ་ཕྲེང་བའི་རྒྱུའི་བྱེ་བྲག་ནི། སཾ་པུ་ཊ་ལས། ཤེལ་དང་ཉ་ཕྱིས་མུ་ཏིག་དང༌། །ཁམས་ནི་དཀར་པོ་ལ་སོགས་གཞན། །ཞི་བའི་ལས་ལ་ཁྱད་པར་དུ། །ཕྲེང་བ་ཡི་ནི་མཚན་ཉིད་དོ། །གསེར་དང་དངུལ་དང་ཟངས་མ་དང༌། །པདྨའི་འབྲས་བུ་ཁྱད་པར་དུ། །རྒྱས་པ་ལ་ནི་ཤིས་པ་ཡིན། །གུར་གུམ་ལ་སོགས་དྲི་སྣ་ཚོགས། །དྲི་ནི་ཐམས་ཅད་ཁྱད་པར་དུ། །ལྡེ་གུ་རིལ་བུ་བྱས་པ་ནི། །དབང་ལ་ཡོངས་སུ་རབ་ཏུ་གྲགས། །རུ་རཀྵ་དང་ལུང་ཐང་དང༌། །དེ་བཞིན་སྐྱེས་པའི་རུས་པ་ཉིད། །དྲག་པོའི་ལས་ལ་སྦྱར་བར་བྱ། །ཞི་རྒྱས་དབང་དང་དྲག་པོ་ལ། །བོ་དེ་ཙེས་ནི་ལས་ཀུན་བྱེད། །ཅེས་གསུངས་པ་ནི་ཕྲེང་བའི་རྒྱུའོ། །གཉིས་པ་གྲངས་ཀྱི་བྱེ་བྲག་ནི། སྔགས་ཀྱི་སྒྲུབ་པ་ལྔ་བཅུ་སྟེ། །ཅེས་གསུངས་པས་སྤྱིར་ལྔ་བཅུ་ཤིས་ལ། བྱེ་བྲག་ཏུ། དབང་ལ་དེ་ཡི་ཕྱེད་ཉིད་དོ། །བརྒྱ་ཕྲག་གཅིག་ནི་ཞི་བ་ལ། །དེ་བཞིན་རྒྱས་ལ་ལྷག་པར་བརྒྱད། །མངོན་སྤྱོད་ལ་ནི་དྲུག་ཅུའོ། །ཞེས་པ་ཕྲེང་བའི་གྲངས་ཀྱི་བྱེ་བྲག་གོ །ཕྲེང་ཐག་དང་མདོ་འཛིན་གྱི་བྱེ་བྲག་ནི། ཕྲེང་ཐག་དགུ་སྒྲིལ་མདོ་འཛིན་ཉིས་བརྩེགས་སུ་བྱ་བར་བཤད་དོ། །ཕྲེང་བའི་རྣམ་པར་དག་པའི་བྱེ་བྲག་ནི། ཕྲེང་ཐག་དགུ་ནི་བྱང་སེམས་བརྒྱད། །རྡོ་རྗེ་འཆང་དང་དགུའི་ངོ་བོར་རྣམ་པར་དག་པ་སྟེ། །ལྷ་ནི་དགུ་སོགས་སྲད་བུ་ལ། །ལྷ་དགུས་བྱིན་གྱིས་བརླབ་པ་ཡིན། །ཞེས་གསུངས་སོ། །ཕྲེང་བ་རྣམས་ནི་འཕགས་པ་དགྲ་བཅོམ་པའི་ངོ་བོའམ། དེར་དག་པ་སྟེ། ཕྲེང་བ་རྣམས་ནི་དགྲ་བཅོམ་པ། །ཞེས་སོ། །མདོ་འཛིན་འོག་མ་མཆོད་རྟེན་གྱི་དབྱིབས་སུ་བྱས་པ་ནི་ཆོས་དབྱིངས་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་ལ། གོང་མ་ཟླུམ་པོ་ནི་ཡུམ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་དེ་ལྟར་ན། མདོ་འཛིན་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཆོས་ཀྱི་སྐུའོ། །དེ་ཡང༌། མདོ་འཛིན་ཆོས་ཀྱི་སྐུ་ཡི་ཕྱིར། །སྟེང་དུ་ཡང་ནི་ཆོས་ཀྱི་དབྱིངས། །ཞེས་སོ། །ཕྲེང་བ་དེ་རྒྱུ་བའི་དུས་སུ་ཧཱུྃ་བཟླས་ཤིང་ཕྲེང་ཐག་བརྒྱུས་པ་སྟེ། ཧཱུྃ་གིས་སྲད་བུ་བརྒྱུ་བ་ཉིད། །ཅེས་སོ། །དེ་ནས་ཕྲེང་བ་བྱིན་གྱིས་བརླབ་པ་ནི། བདག་ཉིད་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས་ལག་པ་གཡས་གཡོན་ཐལ་མོ་ཁོང་སྟོང་དུ་སྦྱར་བའི་ནང་དུ་ཕྲེང་བ་སྭ་བྷཱ་ཝས་བསངས་པ་བཅུག་ལ། ལག་པ་གཡས་པས་རྡོ་རྗེ་རྩེ་ལྔ་པ། སོར་མོ་རྣམས་ཀྱང་རྡོ་རྗེའི་རྭར་བསམས་ལ། དེའི་ལྟེ་བར་རཾ་ལས་ཉི་མ་བསམ། དེའི་སྟེང་དུ་ཧཱུྃ་ལ་ཀཱ་ལིས་བསྐོར་བར་བསམ། གཡོན་པ་པདྨ་འདབ་མ་ལྔ་པ་སོར་མོ་རྣམས་ཀྱང་འདབ་མར་བསམ། དེའི་ལྟེ་བར་ཨཾ་ལས་ཟླ་བ་བསམ། དེར་ཨ་ལ་ཨཱ་ལིས་བསྐོར་བར་བསམ། དེ་གཉིས་ཀྱི་བར་དུ་བདུད་རྩིའི་ས་བོན་སུྃ་དང༌། ཨོཾ་ཨཱཿཧཱུྃ་ཡི་གེ་གསུམ་བསམས་ལ། ཡིག་འབྲུ་རྣམས་ལས་འོད་ཟེར་དཀར་པོ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཨཱ་ལི་དང་ཀཱ་ལི་དཔག་ཏུ་མེད་པ་འཐོན་ནས་ཕྲེང་བ་ལ་ཐིམ་པར་བསམ་མོ། །དེ་ནས་རྡོ་རྗེ་དང་པདྨ་སྙོམས་འཇུག ཉི་མ་དང་ཟླ་བ་སྙོམས་འཇུག ཨཱཿདང་ཧཱུྃ་སྙོམས་འཇུག ཨཱ་ལི་དང་ཀཱ་ལི་གཉིས་སྙོམས་འཇུག་བྱས་པས་ཡིག་འབྲུ་གསུམ་ལ་ཐིམ་སྟེ་གྱུར་པ་ལས་ཕྲེང་བར་གྱུར་པར་བསམ་སྟེ། ཨོཾ་ལས་མདོ་འཛིན་བྱུང་སྟེ་ཆོས་སྐུ་ལ་ཨཱཿལས་ཕྲེང་བ་དགྲ་བཅོམ་པས་བསྐོར་བར་བསམ། ཧཱུྃ་ལས་ཕྲེང་ཐག་ལྷ་དགུའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བསམས་ལ། ཨོཾ་པ་དེ་པ་དེ་མ་ཧཱ་ཛྙཱ་ནཾ་སརྦ་དྷརྨཱ་མ་ཡཾ་བྷ་ཝ་ཏེ་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ་ཞེས་པས་བྱིན་གྱིས་བརླབ་བོ། །ལྷ་ཡབ་གཙོ་ཆེ་ན་ལག་པ་གཡས་ཀྱིས་མདོ་འཛིན་ནས་བགྲང༌། ཡུམ་ནི་གཡོན་གྱིས་བགྲང་བ་ལ། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྡྷ་ཡ་ཧཱུྃ་ཞེས་ལན་བདུན་བཟླས་ཏེ་བགྲང་བར་བྱའོ། །དེ་ནས་ལས་གང་ལ་སོར་མོ་གང་གིས་བགྲང་བ་ནི། ཞི་བ་ཕྲེང་བ་མཛུབ་མོར་བཞག །དེ་བཞིན་གུང་མོས་རྒྱས་པ་སྟེ། །སྲིན་ལག་ལ་ནི་དབང་དུ་བཤད། །མངོན་སྤྱོད་མཐེའུ་ཆུང་ལ་བགྲང༌། །ཞེས་གསུངས་སོ། །དེ་ཡང༌། ལྷ་མོ་བསྒྲུབ་ན་གཡོན་པས་བགྲང༌། །ཡབ་གཙོ་ཆེ་ན་གཡས་པས་བགྲང༌། །མཆོད་རྟེན་ལ་མི་འགོམ་པའི་ཕྱིར། སྒྱུར་ལོག་བྱ་ཞིང་བགྲང༌། དེའང་མཐེ་བོང་ལྕགས་ཀྱུས་ཕྲེང་བ་དགུག་ཅིང་བགྲང་བའི་དུས་སུ་ལྷ་གང་བསྒྲུབ་པ་དེའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འགུགས་པའི་བསམ་པས་བགྲང་ངོ༌། །ཇི་ལྟ་བའི་ཏིང་ངེ་འཛིན་གྱི་བྱེ་བྲག་ནི། ཀུན་ཏུ་འོད་ཟེར་སྣ་ཚོགས་ཀྱི། །སངས་རྒྱས་དམ་ཚིག་སྤྲིན་གྱིས་སྤྲོ། །ཟུང་ལྟར་རིམ་པའི་ཆོ་ག་ཡིས། །སྔགས་ཀྱི་བཟླས་པ་རབ་ཏུ་གྲགས། །ཅེས་པའི་དོན་ཏེ། ཀྱེའི་རྡོ་རྗེ་དང༌། བདེ་མཆོག་ཡབ་ཡུམ། འཁོར་ལོའི་བཟླས་པ་ཞེས་བྱ་བ་ཡུམ་ལས་ཡབ་ཀྱི་སྔགས་ཀྱི་འོད་ཟེར་དང༌། ཡིག་འབྲུ་ཚུར་འཁོར་བའམ། ཡབ་ལས་ཡུམ་ལ་ཕར་འཁོར་བའི་ཚུལ་དུ་བཟླས་པར་བཤད་དེ། དེ་ཡང་ཚུར་འཁོར་ནས་བཟླས་ན་རླུང་བརྟན་པར་འགྱུར། ཕར་འཁོར་དུ་བཟླས་ན་བྱང་ཆུབ་ཀྱི་སེམས་བརྟན་པར་འགྱུར། ཞེས་གསུངས་སོ། །གཞན་ཡང་བཟླས་ཐབས་གཞུང་སོ་སོ་གང་གི་ལུགས་སུ་བྱས་ཀྱང་བཏུབ་སྟེ། བཟླས་ཐབས་ཀྱི་བྱེ་བྲག་གོ །དེ་ལྟར་དེ་རྣམས་དང་ལྡན་ན་དངོས་གྲུབ་ཤིན་ཏུ་ཉེ་བ་ནི། མཉམ་གཞག་བཟླས་དང་བསྒོམས་པ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ཉིད་མི་ཤེས་ཕྲེང་བ་ནི། །བུད་མེད་རྣམས་ཀྱི་དོ་ཤལ་འདྲ། །ཞེས་པའོ། །དེ་ཁོ་ན་ཉིད་གསུམ་གྱི་མན་ངག་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་སྦྱར་བ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*