དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་མཚན་ཉིད་རབ་ཏུ་གསལ་བ་ཞེས་བྱ་བ་བཞུགས་སོ།།

༼ཆ༽

༄༅། །སདྡྷརྨྨཨབྷིསཱམུཙྪེཔྲཀྲྀཏཔྲབྷཱསནཱམབིཧརཏིསྨ།།

༄༅། །དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་མཚན་ཉིད་རབ་ཏུ་གསལ་བ་ཞེས་བྱ་བ་བཞུགས་སོ།།

ཨོཾ་སྭ་སྟི་སིདྷཾ་རསྟུ། དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་མཚན་ཉིད་རབ་ཏུ་གསལ་བ་ཞེས་བྱ་བ། གསུང་གི་དབང་ཕྱུག་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ས་ཡི་དབང་ཕྱུག་མི་ཕམ་ཐོགས་མེད་དང༌། །མཁྱེན་རབ་དབང་ཕྱུག་དབྱིག་གཉེན་བློ་བརྟན་སོགས། །སྐད་གཉིས་དབང་ཕྱུག་རྣམས་ལ་གུས་བཏུད་ནས། །དམ་ཆོས་མངོན་པའི་མཚན་ཉིད་རབ་གསལ་བྱ། །འདིར་བཤད་པར་བྱ་བ་ནི་ཆོས་རྣམས་ཀྱི་མཚན་ཉིད་ཡིན་ལ། དེ་ལ་བོད་ཀྱི་སློབ་དཔོན་རྣམས་ཀྱིས་མཚན་ཉིད་ཅེས་པ་རྣམས་དེ་མིན་ལས་འབྱེད་པའི་མཚན་ཉིད་ཁོ་ནར་འཆད་པ་ནི་ཅུང་ཟད་མ་དགོངས་པ་སྟེ། མདོ་དང་དགོངས་འགྲེལ་རྣམས་སུ་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཅེས་པ་གཉིས་དང༌། ཡང་རང་གི་མཚན་ཉིད་དང་རྣམ་པར་དབྱེ་བའི་མཚན་ཉིད་ཅེས་པ་གཉིས་དང༌། ཡང་རང་བཞིན་དུ་གནས་པའི་མཚན་ཉིད་དང་དེ་མིན་གཅོད་པའི་མཚན་ཉིད་ཅེས་པ་གཉིས་དང༌། བསྡུ་བར་རང་གི་མཚན་ཉིད་དང༌། སྤྱིའི་མཚན་ཉིད་དང༌། གནས་དང་གནས་པར་འབྲེལ་བའི་མཚན་ཉིད་དང༌། ཉེ་བར་སྤྱོད་པའི་མཚན་ཉིད་དང༌། བྱེད་ལས་ཀྱི་མཚན་ཉིད་དང༌། ཆ་ཕྲ་བའི་མཚན་ཉིད་ཅེས་པ་དྲུག་གསུངས་པ་ལ་སོགས་པ་མཚན་ཉིད་སྣ་ཚོགས་གསུངས་པའི་ཕྱིར་རོ། །ཡང་མཚན་མཚོན་གཞི་གསུམ་དུ་བཏགས་ཏེ་དེའི་སྤྲོས་པས་མཚོན་སྦྱོར་ཞེས་བྱ་བ། ཉན་པ་པོ་རྣམས་མགོ་རྨོངས་པ་བསྐྱེད་ཅིང་དཀའ་ལ་དོན་ཆུང་བ་མཛད་པའང་མི་འཐད་དེ། མཚོན་བྱ་དང་མཚན་གཞི་རྒྱ་སྐད་གཅིག་ལ་ལོ་ཙཱ་བའི་འགྱུར་ཐ་དད་ཙམ་གྱིས་ཆོས་ཐ་དད་མ་ཡིན་པའི་ཕྱིར་དང༌། གཞུང་ཆེན་པོ་རྣམས་སུ་རྟགས་ཀྱི་སྦྱོར་བ་ཞེས་པ་ཉིད་ཀྱི། དེ་ལས་ཁྱད་པར་གྱུར་པའི་མཚོན་སྦྱོར་ཞེས་པ་ནི་ཅུང་ཟད་ཀྱང་མ་གསུངས་པའི་ཕྱིར་རོ། །ཡང་མཚན་མཚོན་གྲངས་མཉམ་པར་གསུངས་པའང་མ་ངེས་ཏེ། རིགས་པའི་དབང་ཕྱུག་གིས་ཚད་མ་དང་བསྒྲུབ་བྱ་ལ་མཚན་ཉིད་གཉིས་གཉིས་གསུངས་པ་སོགས་ཆོས་རེ་རེ་ལའང་གཞུང་ལུགས་རྣམས་སུ་མཚན་ཉིད་མི་འདྲ་བ་དུ་མ་བཤད་པ་མཐོང་བའི་ཕྱིར་རོ། །དེས་ན་མཚན་ཉིད་ནི། རང་གི་མཚོན་བྱ་ཇི་ལྟར་རིགས་པས་ཐུན་མོང་དང་ཐུན་མོང་མིན་པར་མཚོན་པར་བྱེད་པ་ཡིན་ཞིང༌། མཚོན་བྱ་དང་མཚོན་བྱེད་གཉིས་ཉིད་དུ་གནས་སོ། །དེ་ལྟ་ནའང་འདིར་ནི་དོན་དུ་གཉེར་བ་རྣམས་འཇུག་པ་བདེ་བར་བྱ་བའི་ཕྱིར་གཙོ་ཆེར་དེ་མིན་གཅོད་པའི་མཚན་ཉིད་ཀྱི་དབང་དུ་བྱས་ཏེ་བརྗོད་པར་བྱའོ། །དེ་ལ་འདིར་སྐབས་སུ་བབ་པ་ཆོས་མངོན་པ་ཡིན་པས། ཆོས་མངོན་པ་ཙམ་གྱི་མཚན་ཉིད། ཤེས་རབ་རྗེས་འབྲང་དང་བཅས་པ་སྟེ། མཛོད་ཀྱི་འགྲེལ་བཤད་རྒྱལ་པོའི་སྲས་སུ། འདིར་ཡང་ཆོས་མངོན་པ་ནི་ཤེས་རབ་རྗེས་འབྲང་དང་བཅས་པ་ཡིན་ནོ། །ཞེས་སོ། །དེ་ལ་གཉིས་ལས། དང་པོ་དོན་དམ་པའི་མངོན་པའི་མཚན་ཉིད། ཟག་པ་མེད་པའི་ཤེས་རབ་རྗེས་འབྲང་དང་བཅས་པ་སྟེ། མཛོད་རྩ་འགྲེལ་དུ། ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲང་བཅས། །ཞེས་དང༌། དེ་ལྟ་ན། ཟག་པ་མེད་པའི་ཕུང་པོ་ལྔ་ལ་ཆོས་མངོན་པ་ཞེས་བསྟན་པར་འགྱུར་རོ། །འདི་ནི་རེ་ཞིག་དོན་དམ་པའི་ཆོས་མངོན་པའོ། །ཞེས་སོ། །གཉིས་པ་བརྡར་བཏགས་པའི་ཆོས་མངོན་པའི་མཚན་ཉིད། ཟག་མེད་ཀྱི་ཤེས་རབ་ཐོབ་བྱེད་ཀྱི་ཐབས་ཟག་བཅས་ཀྱི་ཤེས་རབ་རྗེས་འབྲང་དང་བཅས་པའམ། གཞུང་གི་ཚོགས་ཅི་རིགས་པ། དེ་ལ་དབྱེ་ན། ལམ་མངོན་པ་དང་གཞུང་མངོན་པ་གཉིས་ལས། དང་པོའི་མཚན་ཉིད། ཟག་མེད་ཀྱི་ཤེས་རབ་ཐོབ་བྱེད་ཀྱི་ཐབས་ཟག་བཅས་ཀྱི་ཤེས་རབ་རྗེས་འབྲང་དང་བཅས་པ། གཉིས་པའི་མཚན་ཉིད། ལྷག་པའི་ཤེས་རབ་ཐུན་མོང་མ་ཡིན་པའི་བརྗོད་བྱར་སྟོན་པའི་གཞུང་གི་ཚོགས་ཏེ། མཛོད་རྩ་འགྲེལ་དུ། བརྡར་བཏགས་པ་ནི། དེ་ཐོབ་བྱ་ཕྱིར་གང་དང་བསྟན་བཅོས་གང༌། །ཞེས་སོ། །གཞུང་མངོན་པའི་ནང་ཚན་དུ་གྱུར་པའི་ཀུན་ལས་བཏུས་པ་འདི་ལེའུ་ལྔའི་བདག་ཉིད་དུ་གནས་པ་ལས་ཐོག་མར་ལེའུ་དང་པོ་མཚན་ཉིད་ཀུན་ལས་བཏུས་པས་གཏན་ལ་དབབ་པར་བྱ་བའི་ཆོས་རྣམས་ཀྱི་མཚན་ཉིད་ལ། ཕུང་པོའི་མཚན་ཉིད། དུ་མ་སྤུངས་པ། དབྱེ་ན་ལྔ་སྟེ། གཟུགས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་པར་ཤེས་པའི་ཕུང་པོའོ། །གཟུགས་ཀྱི་ཕུང་པོའི་མཚན་ཉིད། རེག་པའམ་ཡུལ་དཔྱད་པས་གཟུགས་སུ་རུང་བ་གང་ཞིག དུ་མ་སྤུངས་པ་སྟེ། གཟུགས་རུང་དང་པོ་ནི། གཟུགས་ཅན་ནང་ཕྲད་པས་འགྱུར་བ་བསྐྱེད་དུ་རུང་བའོ། །གཉིས་པ་ནི། གང་བེམས་པོའི་དངོས་པོར་གྲུབ་པར་སྣང་བ། ཚོར་བའི་ཕུང་པོའི་མཚན་ཉིད། སིམ་གདུང་བར་མ་གང་རུང་གི་ངོ་བོར་མྱོང་བའི་སེམས་བྱུང་གང་ཞིག་དུ་མ་སྤུངས་པ། འདུ་ཤེས་ཀྱི་ཕུང་པོའི་མཚན་ཉིད། ཡུལ་གྱི་སྤུ་རིས་འབྱེད་པའི་སེམས་བྱུང་གང་ཞིག དུ་མ་སྤུངས་པ། འདུ་བྱེད་ཀྱི་ཕུང་པོའི་མཚན་ཉིད། གཟུགས་ཚོར་བ་འདུ་ཤེས་རྣམ་ཤེས་བཞི་པོ་གང་ཡང་མིན་པའི་འདུས་བྱས་གང་ཞིག དུ་མ་སྤུངས་པ། རྣམ་ཤེས་ཕུང་པོའི་མཚན་ཉིད། ཡུལ་གྱི་ངོ་བོ་ཙམ་རིག་པའི་བློ་གང་ཞིག དུ་མ་སྤུངས་པ། ཁམས་ཀྱི་མཚན་ཉིད། ཉེར་སྤྱོད་འཛིན་པ་མངོན་འགྱུར་དང་ས་བོན་ཅི་རིགས་པ། དབྱེ་ན་བཅོ་བརྒྱད་དེ། མིག་གི་ཁམས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་ཀྱི་བར་རོ། །མིག་གི་ཁམས་ཀྱི་མཚན་ཉིད་མིག་ཤེས་ཀྱི་གནས་བྱས་པས་ཉེར་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པ། རྣ་བའི་ཁམས་སོགས་ལྔ་ལའང་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །གཟུགས་ཀྱི་ཁམས་ཀྱི་མཚན་ཉིད། མིག་ཤེས་ཀྱི་དམིགས་པ་བྱས་པས་ཉེར་སྤྱོད་འཛིན་པ། སྒྲའི་ཁམས་སོགས་ལྔ་ལའང་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད། བདག་རྐྱེན་མིག་གི་དབང་པོ་ལ་བརྟེན་ནས་གཟུགས་ཀྱི་ངོ་བོ་ཙམ་རིག་ཅིང་ཉེར་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པ། རྣ་བའི་རྣམ་པར་ཤེས་པའི་ཁམས་སོགས་ལྔ་ལའང་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །སྐྱེ་མཆེད་ཀྱི་མཚན་ཉིད། ཉེར་སྤྱོད་སྐྱེ་བའི་སྒོ་འབྱེད་པ། དབྱེ་ན་བཅུ་གཉིས་ཏེ། མིག་གི་སྐྱེ་མཆེད་ནས་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་རོ། །མིག་གི་སྐྱེ་མཆེད་ཀྱི་མཚན་ཉིད། མིག་ཤེས་ཀྱི་གནས་བྱས་པས་ཉེར་སྤྱོད་སྐྱེ་བའི་སྒོ་འབྱེད་པ། མངོན་གྱུར་དང་ས་བོན་ཅི་རིགས་པ། རྣ་བའི་སྐྱེ་མཆེད་སོགས་ལྔ་ལའང་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད། མིག་ཤེས་ཀྱིས་དམིགས་པ་བྱས་པའི་ཉེར་སྤྱོད་སྐྱེ་བའི་སྒོ་འབྱེད་པ། སྒྲའི་སྐྱེ་མཆེད་སོགས་ལྔ་ལའང་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །གཟུགས་ཀྱི་ཕུང་པོ་ལ་དབྱེ་ན་གཉིས་ཏེ། རྒྱུའི་གཟུགས་དང༌། འབྲས་བུའི་གཟུགས་སོ། །དང་པོའི་མཚན་ཉིད། ལུས་ཀྱི་རྣམ་ཤེས་ཀྱིས་གཟུང་བ་གང་ཞིག་འབྱུང་འགྱུར་མིན་པ། དབྱེ་ན་བཞི་སྟེ། སའི་ཁམས་དང༌། ཆུའི་དང༌། མེའི་དང༌། རླུང་གི་ཁམས་སོ། །དང་པོའི་མཚན་ཉིད། ལུས་ཀྱི་རྣམ་ཤེས་ལ་སྲ་བར་སྣང་བའི་རེག་བྱ། གཉིས་པའི་མཚན་ཉིད། ལུས་ཀྱི་རྣམ་ཤེས་ལ་གཤེར་བར་སྣང་བའི་རེག་བྱ། གསུམ་པའི་མཚན་ཉིད། ལུས་ཀྱི་རྣམ་ཤེས་ལ་དྲོ་བར་སྣང་བའི་རེག་བྱ། བཞི་པའི་མཚན་ཉིད། ལུས་ཀྱི་རྣམ་ཤེས་ལ་ཡང་ཞིང་གཡོ་བར་སྣང་བའི་རེག་བྱ། གཉིས་པ་འབྲས་བུའི་གཟུགས་ཀྱི་མཚན་ཉིད། རང་རྒྱུ་འབྱུང་བ་ཆེན་པོ་ལས་སྐྱེས་པའི་གཟུགས་གང་ཞིག་འབྱུང་བ་མིན་པ། དབྱེ་ན་གསུམ་སྟེ། དང་བའི་གཟུགས་དང༌། དང་བས་གཟུང་བའི་གཟུགས་དང༌། ཡིད་ཀྱི་ཡུལ་གྱི་གཟུགས་སོ། །དང་པོའི་མཚན་ཉིད། ནང་གི་སྐྱེ་མཆེད་གཟུགས་ཅན་དང་བ། དབྱེ་ན་ལྔ་སྟེ། མིག་གི་དབང་པོ་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་དབང་པོའོ། །དང་པོའི་མཚན་ཉིད། མིག་ཤེས་ཀྱི་བདག་རྐྱེན་གཟུགས་ཅན་དང་བ། གཉིས་པའི་མཚན་ཉིད། ཉན་ཤེས་ཀྱི་བདག་རྐྱེན་གཟུགས་ཅན་དང་བ། གསུམ་པའི་མཚན་ཉིད། སྣའི་རྣམ་ཤེས་ཀྱི་བདག་རྐྱེན་གཟུགས་ཅན་དང་བ། བཞི་པའི་མཚན་ཉིད། ལྕེའི་རྣམ་ཤེས་ཀྱི་བདག་རྐྱེན་གཟུགས་ཅན་དང་བ། ལྔ་པའི་མཚན་ཉིད། ལུས་ཀྱི་རྣམ་ཤེས་ཀྱི་བདག་རྐྱེན་གཟུགས་ཅན་དང་བའོ། །གཉིས་པ་དང་བས་གཟུང་བའི་གཟུགས་ཀྱི་མཚན་ཉིད། དབང་ཤེས་ཀྱི་གཟུང་བ། དབྱེ་ན་ལྔ་སྟེ། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱའི་ཕྱོགས་གཅིག་གོ །གཟུགས་ཀྱི་མཚན་ཉིད། མིག་ཤེས་ཀྱི་གཟུང་བྱ། དབྱེ་ན། ཁ་དོག་དང༌། དབྱིབས་དང༌། རྣམ་པར་རིག་བྱེད་དེ་གསུམ་མོ། །རྒྱས་པར་དབྱེ་ན་སྔོན་པོ་སོགས་ཉེར་ལྔའོ། །སྒྲའི་མཚན་ཉིད། མཉན་བྱ། དབྱེ་ན། ཡིད་དུ་འོང་བའི་སྒྲ་སོགས་བཅུ་གཅིག་གོ །དྲིའི་མཚན་ཉིད། སྣའི་རྣམ་ཤེས་ཀྱི་གཟུང་བྱ། དབྱེ་ན་དྲི་ཞིམ་པོ་སོགས་དྲུག་གོ །རོའི་མཚན་ཉིད། ལྕེའི་རྣམ་ཤེས་ཀྱི་གཟུང་བྱ། དབྱེ་ན་ཁ་སྐྱུར་སོགས་བཅུ་གཉིས་སོ། །རེག་བྱའི་ཕྱོགས་གཅིག་གི་མཚན་ཉིད། ལུས་ཀྱི་རྣམ་ཤེས་ཀྱི་གཟུང་བྱའི་འབྱུང་འགྱུར། དབྱེ་ན་འཇམ་པ་སོགས་ཉེར་གཉིས་སོ། །ཡང་འབྱུང་བ་ལ་རྒྱུའི་རེག་བྱ་དང་འདི་ལ་འབྲས་བུ་ཡི་རེག་བྱ་ཞེས་དང༌། འབྲས་བུ་ཡི་གཟུགས་ལ་འབྱུང་འགྱུར་གྱི་གཟུགས་ཞེས་ཀྱང་བརྗོད་དོ། །གསུམ་པ་ཡིད་ཀྱི་ཡུལ་གྱི་གཟུགས་ཀྱི་མཚན་ཉིད། ཡིད་ཤེས་ཀྱི་ཡུལ་ཆོས་ཀྱི་སྐྱེ་མཆེད་གཟུགས་སུ་བཞག་པ། དབྱེ་ན་བསྡུས་པ་ལས་གྱུར་པ་སོགས་ལྔའོ། །ཚོར་བའི་ཕུང་པོ་ལ་ངོ་བོས་དབྱེ་ན་ལྔ་སྟེ། བདེ་བ་དང༌། སྡུག་བསྔལ་དང༌། ཡིད་བདེ་དང༌། ཡིད་མི་བདེ་དང༌། བཏང་སྙོམས་སོ། །བདེ་བའི་མཚན་ཉིད། སིམ་པའི་ཚོར་བ་གང་ཞིག ཡིད་བདེ་མ་ཡིན་པ། སྡུག་བསྔལ་གྱི་མཚན་ཉིད། དབང་ཤེས་ཀྱི་འཁོར་དུ་སྐྱེས་པའི་ཚོར་བ་གང་ཞིག སིམ་པ་མིན་པ། ཡིད་བདེའི་མཚན་ཉིད། སིམ་པའི་ཚོར་བ་གང་ཞིག བདེ་བ་མིན་པ། ཡིད་མི་བདེ་བའི་མཚན་ཉིད། ཡིད་ཤེས་ཀྱི་འཁོར་དུ་སྐྱེས་པའི་ཚོར་བ་སིམ་པ་མིན་པ། བཏང་སྙོམས་ཀྱི་མཚན་ཉིད། སིམ་གདུང་གཉིས་ཀ་སྤངས་པའི་ཚོར་བའོ། །ཡང་རྟེན་གྱིས་དབྱེ་ན། རྣམ་ཤེས་ཚོགས་བརྒྱད་ལ་བརྟེན་པའི་བརྒྱད་དང༌། གནས་ཀྱིས་དབྱེ་ན། ལུས་ཚོར་དང༌། སེམས་ཚོར་གཉིས་དང༌། སྤོང་གཉེན་གྱིས་དབྱེ་ན། ཟང་ཟིང་དང་བཅས་པ་དང༌། ཟང་ཟིང་མེད་པ་གཉིས་དང༌། ཞེན་པ་བརྟེན་པ་དང་མངོན་པར་འབྱུང་བ་བརྟེན་པ་གཉིས་ཀྱི་ཚོར་བར་དབྱེའོ། །འདུ་ཤེས་ཀྱི་ཕུང་པོ་ལ་གནས་ཀྱིས་དབྱེ་ན། རྣམ་ཤེས་ཚོགས་དྲུག་གམ་བརྒྱད། འདུ་བྱེད་ཀྱི་ཕུང་པོ་ལ་དབྱེ་ན། སེམས་དང་མཚུངས་པར་ལྡན་པའི་འདུ་བྱེད་དང༌། མཚུངས་པར་མི་ལྡན་པའི་འདུ་བྱེད་དོ། །དང་པོའི་མཚན་ཉིད། ཚོར་འདུ་མིན་ཞིང༌། རང་གི་གཙོ་བོ་སེམས་དང་མཚུངས་ལྡན་ལྔས་མཚུངས་པར་ལྡན་པའི་སེམས་འབྱུང༌། དབྱེ་ན། སྡེ་ཚན་དྲུག་སྟེ། ཀུན་འགྲོ་དང༌། ཡུལ་ངེས་དང༌། དགེ་བ་དང༌། ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་དང༌། གཞན་འགྱུར་རོ། །དང་པོའི་མཚན་ཉིད། རང་གི་རིགས་ཅན་སེམས་ཀུན་དང་ངེས་པར་མཚུངས་པར་ལྡན་པའི་སེམས་བྱུང༌། དབྱེ་ན། སྤྱིར་ལྔ་ལས་ཚོར་འདུ་གཉིས་ནི་ཕུང་པོ་ལ་སོགས་པ་ཡིན་ཞིང་མཚན་ཉིད་བརྗོད་ཟིན་ལ། ལྷག་མ་གསུམ་སྟེ། སེམས་པ་དང༌། ཡིད་ལ་བྱེད་པ་དང༌། རེག་པའོ། །དང་པོའི་མཚན་ཉིད། སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས། གཉིས་པའི་མཚན་ཉིད། དམིགས་པ་ལ་སེམས་སྐད་ཅིག་རེ་རེར་གཏོད་པའི་སེམས་བྱུང༌། གསུམ་པའི་མཚན་ཉིད། གསུམ་འདུས་ནས་དབང་པོའི་འགྱུར་བ་དང་འདྲ་བའི་ཡུལ་གཅོད་པའི་སེམས་བྱུང་ངོ༌། །སྡེ་ཚན་གཉིས་པའི་མཚན་ཉིད། ངོ་བོ་ཉིད་ཀྱི་དགེ་བ་དང་ཉོན་མོངས་གང་ཡང་མིན་ཞིང་ཡུལ་སོ་སོ་ལ་མཐའ་གཅིག་ཏུ་ངེས་པར་འཇུག་པའི་སེམས་བྱུང་རྫས་ཡོད། དབྱེ་ན་ལྔ་སྟེ། འདུན་པ་དང༌། མོས་པ་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་བོ། །དང་པོའི་མཚན་ཉིད། འདོད་བྱའི་ཡུལ་དོན་དུ་གཉེར་བའི་སེམས་འབྱུང༌། གཉིས་པའི་མཚན་ཉིད། ངེས་པའི་ཡུལ་ལ་ངེས་པ་བཞིན་དུ་འཛིན་པའི་སེམས་བྱུང༌། གསུམ་པའི་མཚན་ཉིད། རང་གི་དམིགས་པ་མི་བརྗེད་པའི་སེམས་བྱུང་རྫས་ཡོད། བཞི་པའི་མཚན་ཉིད། དམིགས་པ་ལ་སེམས་རྩེ་གཅིག་པའི་སེམས་བྱུང༌། ལྔ་པའི་མཚན་ཉིད། ཆོས་རབ་ཏུ་རྣམ་འབྱེད་ཀྱི་སེམས་བྱུང་ངོ༌། །གསུམ་པ་དགེ་བའི་མཚན་ཉིད། ཆོས་གཞན་ལ་མི་ལྟོས་པར་རང་རྒྱུ་ལས་དགེ་བའི་ངོ་བོར་སྐྱེས་པའི་སེམས་བྱུང༌། དབྱེ་ན་བཅུ་གཅིག་སྟེ། དད་པ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་དང༌། མ་ཆགས་པའི་དགེ་བ་དང༌། ཞེ་སྡང་མེད་པའི་དགེ་བ་དང༌། གཏི་མུག་མེད་པའི་དགེ་བ་དང༌། བརྩོན་འགྲུས་དང༌། ཤིན་ཏུ་སྦྱངས་པ་དང༌། བག་ཡོད་པ་དང༌། འདུ་བྱེད་བཏང་སྙོམས་དང༌། རྣམ་པར་མི་འཚེ་བའི་དགེ་བའོ། །དང་པོའི་མཚན་ཉིད། མ་དད་པའི་དངོས་གཉེན་དུ་གྱུར་པའི་སེམས་བྱུང༌། དབྱེ་ན་གསུམ་མོ། །གཉིས་པའི་མཚན་ཉིད། རང་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་འཛེམ་པའི་སེམས་བྱུང༌། གསུམ་པའི་མཚན་ཉིད། གཞན་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་འཛེམ་པའི་སེམས་བྱུང༌། བཞི་པའི་མཚན་ཉིད། ཆགས་པའི་དངོས་གཉེན་དུ་གྱུར་པའི་སེམས་བྱུང༌། ལྔ་པའི་མཚན་ཉིད། ཞེ་སྡང་གི་དངོས་གཉེན་དུ་གྱུར་པའི་སེམས་བྱུང༌། དྲུག་པའི་མཚན་ཉིད། གཏི་མུག་གི་དངོས་གཉེན་གང་ཞིག་ཤེས་རབ་ཀྱི་ཆ་ལ་བཏགས་པ། བདུན་པའི་མཚན་ཉིད། དགེ་བ་ལ་སྤྲོ་བའི་སེམས་བྱུང༌། བརྒྱད་པའི་མཚན་ཉིད། ལུས་སེམས་ལས་སུ་རུང་བ། དགུ་པའི་མཚན་ཉིད། བླང་དོར་ལ་གཟོབ་པ་ལྷུར་ལེན་པའི་སེམས་བྱུང༌། བཅུ་པའི་མཚན་ཉིད། ཉོན་མོངས་ཀྱི་ཆ་མི་སྙོམས་པ་མེད་པས་བཏང་སྙོམས་སུ་གྱུར་པའི་སེམས་བྱུང༌། བཅུ་གཅིག་པའི་མཚན་ཉིད། སྙིང་རྗེའི་སེམས་ཐོ་མི་འཚམ་པའི་སེམས་བྱུང་བཏགས་ཡོད། བཞི་པ་ཉོན་མོངས་པའི་མཚན་ཉིད། སེམས་རབ་ཏུ་མ་ཞི་བར་བྱེད་པའི་སེམས་བྱུང་གང་ཞིག་སྲིད་པའི་རྩ་བར་གྱུར་པ། དབྱེ་ན་དྲུག་སྟེ། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། ཉོན་མོངས་བ་ཅན་གྱི་མ་རིག་པ་དང༌། ཐེ་ཚོམ་དང༌། ལྟ་བའོ། །དང་པོའི་མཚན་ཉིད། ལུས་སམ་ལོངས་སྤྱོད་ལ་ཆགས་པའི་སེམས་བྱུང༌། གཉིས་པའི་མཚན་ཉིད། གནོད་བྱེད་ལ་ཀུན་ནས་མནར་སེམས་པའི་སེམས་བྱུང་རྫས་ཡོད། གསུམ་པའི་མཚན་ཉིད། འཇིག་ལྟ་ལ་བརྟེན་ནས་སེམས་ཁེངས་པའི་སེམས་བྱུང༌། བཞི་པའི་མཚན་ཉིད། བདེན་བཞི་ལ་རྨོངས་པའི་སེམས་བྱུང༌། ལྔ་པའི་མཚན་ཉིད། བདེན་བཞི་ལ་ཡིད་གཉིས་ཟ་བའི་སེམས་བྱུང༌། དྲུག་པའི་མཚན་ཉིད། རྟོག་པའི་བདག་ཉིད་ཀྱི་ཤེས་རབ་ཉོན་མོངས་སུ་གྱུར་པ། དབྱེ་ན་ལྔ་སྟེ། འཇིག་ལྟ་དང༌། མཐར་འཛིན་ལྟ་བ་དང༌། ལྟ་བ་མཆོག་འཛིན་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དང༌། ལོག་ལྟའོ། །དང་པོའི་མཚན་ཉིད། ཕུང་པོ་ལ་བདག་གམ་བདག་གིར་འཛིན་པའི་སེམས་བྱུང༌། གཉིས་པའི་མཚན་ཉིད། ཕུང་པོ་ལ་རྟག་པའམ་ཆད་པར་འཛིན་པའི་སེམས་བྱུང༌། གསུམ་པའི་མཚན་ཉིད། དམན་པ་ལ་མཆོག་ཏུ་འཛིན་པའི་སེམས་བྱུང༌། བཞི་པའི་མཚན་ཉིད། འདག་གྲོལ་མིན་པ་ལ་འདག་གྲོལ་དུ་འཛིན་པའི་སེམས་བྱུང༌། ལྔ་པའི་མཚན་ཉིད། རྒྱུ་འབྲས་ལ་སྐུར་པ་འདེབས་པའམ་སྒྲོ་འདོགས་པའི་སེམས་བྱུང་གང་ཞིག འཇིག་ལྟ་སོགས་གཞན་བཞི་མིན་པའོ། །ལྔ་པ་ཉེ་ཉོན་གྱི་མཚན་ཉིད། སེམས་ཉོན་མོངས་པ་དང་ཉེ་བར་བྱེད་ཅིང་རྩ་ཉོན་མིན་པའི་སེམས་བྱུང༌། དབྱེ་ན་ཉི་ཤུ་ལས། ཁྲོ་བའི་མཚན་ཉིད། ད་ལྟར་གྱི་གནོད་བྱེད་ཁོ་ན་ལ་ཀུན་ནས་མནར་སེམས་པའི་སེམས་བྱུང་བཏགས་ཡོད། ཁོན་དུ་འཛིན་པའི་མཚན་ཉིད། སྔར་གྱི་གནོད་བྱེད་ཁོ་ན་ལ་གནོད་ལན་བྱེད་འདོད་པའི་སེམས་བྱུང་བཏགས་ཡོད། འཆབ་པའི་མཚན་ཉིད། ཉེས་པ་གསལ་པོར་སྦེད་པའི་སེམས་བྱུང༌། འཚིག་པའི་མཚན་ཉིད། ཁྲོ་བ་དང་ཁོན་འཛིན་སྔོན་དུ་འགྲོ་བའི་སེམས་བྱུང་གང་ཞིག་ཚིག་རྩུབ་ཀུན་ནས་སློང་བྱེད། ཕྲག་དོག་གི་མཚན་ཉིད། གཞན་གྱི་ཕུན་ཚོགས་མི་བཟོད་པའི་སེམས་བྱུང༌། སེར་སྣའི་མཚན་ཉིད། ཡོ་བྱད་ལ་སེམས་འཆུམ་པའི་སེམས་བྱུང༌། སྒྱུའི་མཚན་ཉིད། ཡོན་ཏན་དང་མི་ལྡན་ཡང་ལྡན་པ་ལྟར་དུ་སྟོན་པའི་སེམས་བྱུང༌། གཡོའི་མཚན་ཉིད། ཉེས་པ་ཟུར་གྱིས་སྦེད་པའི་སེམས་བྱུང༌། རྒྱགས་པའི་མཚན་ཉིད། གཞན་གྱི་ཆོས་ལ་མ་ལྟོས་པར་རང་གི་ཆོས་ལ་ཆགས་པས་སེམས་གང་བའི་སེམས་བྱུང༌། རྣམ་པར་འཚེ་བའི་མཚན་ཉིད། སྙིང་རྗེ་མེད་པས་གཞན་ལ་ཐོ་འཚམ་པའི་སེམས་བྱུང༌། ངོ་ཚ་མེད་པའི་ཉེ་ཉོན་གྱི་མཚན་ཉིད། བདག་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་མི་འཛེམ་པའི་སེམས་བྱུང༌། ཁྲེལ་མེད་པའི་ཉེ་ཉོན་གྱི་མཚན་ཉིད། གཞན་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་མི་འཛེམ་པའི་སེམས་བྱུང༌། རྨུགས་པའི་མཚན་ཉིད། ལུས་སེམས་ལྟར་བར་བྱེད་པའི་སེམས་བྱུང༌། བློ་བརྟན་དང་ཡེ་ཤེས་བཤེས་གཉེན་ལྟར་ན། སེམས་བླུན་པར་གྱུར་ནས་དགེ་བའི་དམིགས་པ་ལ་མི་གསལ་བར་བྱེད་པའི་སེམས་བྱུང་ངོ༌། །རྒོད་པའི་མཚན་ཉིད། འདོད་ཆགས་ཁོ་ནའི་ཆར་གཏོགས་ཤིང་སེམས་མ་ཞི་བར་འཕྲོ་བའི་སེམས་བྱུང༌། མ་དད་པའི་མཚན་ཉིད། དད་པའི་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང༌། ལེ་ལོའི་མཚན་ཉིད། དགེ་བ་ལ་མི་སྤྲོ་བའི་སེམས་འབྱུང༌། བག་མེད་པའི་ཉེ་ཉོན་གྱི་མཚན་ཉིད། བློར་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་སེམས་བྱུང༌། བརྗེད་ངས་ཀྱི་མཚན་ཉིད། དགེ་བའི་དམིགས་པ་བརྗེད་པའི་ཉོན་མོངས་ཅན་གྱིན་དྲན་པ། ཤེས་བཞིན་མིན་པའི་ཉེ་ཉོན་གྱི་མཚན་ཉིད། སྒོ་གསུམ་གྱི་སྤྱོད་པ་ལ་མི་ཤེས་བཞིན་དུ་འཇུག་པའི་ཉོན་མོངས་ཅན་གྱི་ཤེས་རབ། རྣམ་གཡེང་གི་མཚན་ཉིད། སེམས་ཀྱི་རྣམ་པར་འཕྲོ་བ། རྣམ་གཡེང་ཉེ་ཉོན་གྱི་མཚན་ཉིད། དུག་གསུམ་ཆར་ཇི་ལྟར་སྲིད་པ་ལ་བཏགས་པའི་སེམས་ཀྱི་རྣམ་པར་འཕྲོ་བའི་སེམས་བྱུང་ངོ༌། །དྲུག་པ་གཞན་འགྱུར་གྱི་མཚན་ཉིད། དགེ་སོགས་གསུམ་པོ་གང་དུའང་འགྱུར་དུ་རུང་བའི་སེམས་བྱུང་བཏགས་ཡོད། དབྱེ་ན་བཞི་ལས། གཉིད་ཀྱི་མཚན་ཉིད། འཇུག་པ་རང་དབང་མེད་པར་སེམས་སྡུད་པའི་སེམས་བྱུང༌། འགྱོད་པའི་མཚན་ཉིད། སེམས་ཀྱི་ཡིད་ལ་གཅག་པའི་སེམས་བྱུང༌། རྟོག་པའི་མཚན་ཉིད། ཚོལ་བའི་རྣམ་པ་ཅན་སེམས་རྩིང་བ། དཔྱོད་པའི་མཚན་ཉིད། སོ་སོར་རྟོག་པའི་རྣམ་པ་ཅན་སེམས་ཞིབ་པའོ། །གཉིས་པ་ལྡན་མིན་འདུ་བྱེད་ཀྱི་མཚན་ཉིད། འདུས་བྱས་ཀྱི་བྱེ་བྲག་གང་ཞིག་གཟུགས་སེམས་སེམས་བྱུང་གསུམ་པོ་གང་ཡང་མིན་པ། དབྱེ་ན་ཉེར་གསུམ་སྟེ། ཐོབ་པ་ནས་ཚོགས་པའི་བར་རོ། །ཐོབ་པའི་མཚན་ཉིད། ཆོས་རྣམས་ཀྱི་འཕེལ་འགྲིབ་ཀྱི་ཆ། འདུ་ཤེས་མེད་པའི་སྙོམས་འཇུག་གི་མཚན་ཉིད། སོ་སྐྱེའི་རྒྱུད་ཀྱི་སྙོམས་འཇུག་གང་ཞིག་ཚོགས་དྲུག་འཁོར་བཅས་འགག་པའི་ཆ། འགོག་པའི་སྙོམས་འཇུག་གི་མཚན་ཉིད། འཕགས་པའི་སྙོམས་འཇུག་གང་ཞིག་ཚོགས་བདུན་འཁོར་བཅས་འགག་པའི་ཆ། འདུ་ཤེས་མེད་པའི་མཚན་ཉིད། འདུ་ཤེས་མེད་པའི་སྙོམས་འཇུག་གིས་འཕངས་པའི་རྣམ་སྨིན་གང་ཞིག་ཕལ་ཆེར་ཚོགས་དྲུག་འཁོར་དང་བཅས་པ་འགག་པའི་ཆ། སྲོག་གི་དབང་པོའི་མཚན་ཉིད། ཚེ་གཅིག་གི་ཕུང་པོའི་རྒྱུན་སྔོན་གྱི་འཕེན་པས་གནས་པའི་དུས་ངེས་པའི་ཆ། རིས་མཐུན་པའི་མཚན་ཉིད། སེམས་ཅན་གྱི་ཕུང་པོ་འདྲ་བའི་ཆ། ནང་གི་འདུ་བྱེད་ཀྱི་ཞེས་བཞིའི་བར་ལ་སྦྱར་ཏེ། སྐྱེ་བའི་མཚན་ཉིད། སེམས་ཅན་གྱི་ཚེ་གཅིག་གི་ཕུང་པོའི་རྒྱུན་སྔོན་མ་བྱུང་བ་ལས་བྱུང་བའི་ཆ། རྒ་བའི་མཚན་ཉིད། སེམས་ཅན་གྱི་ཚེ་གཅིག་གི་ཕུང་པོ་རྒྱུན་གཞན་དུ་འགྱུར་བའི་ཆ། གནས་པའི་མཚན་ཉིད། སེམས་ཅན་གྱི་ཚེ་གཅིག་གི་ཕུང་པོའི་རྒྱུན་མི་འཇིག་པའི་ཆ། མི་རྟག་པའི་མཚན་ཉིད། སེམས་ཅན་གྱི་ཚེ་གཅིག་གི་ཕུང་པོའི་རྒྱུན་འཇིག་པའི་ཆ། མིང་གི་ཚོགས་ཀྱི་མཚན་ཉིད། དོན་གྱི་ངོ་བོ་ཙམ་སྟོན་པའི་ཚིག་བླ་དྭགས། ཚིག་གི་ཚོགས་ཀྱི་མཚན་ཉིད། དོན་གྱི་ཁྱད་པར་སྟོན་པའི་ཚིག་བླ་དྭགས། ཡི་གེའི་ཚོགས་ཀྱི་མཚན་ཉིད། དོན་མི་སྟོན་པའི་སྒྲ་སྤྱིར་སྣང་བ། སོ་སོ་སྐྱེ་བོའི་མཚན་ཉིད། འཕགས་པར་འཇོག་བྱེད་ཀྱི་ཆོས་མ་ཐོབ་པའི་གང་ཟག འཇུག་པའི་མཚན་ཉིད། རྒྱུ་དང་འབྲས་བུའི་རྒྱུན་མི་ཆད་པའི་ཆ། སོ་སོར་ངེས་པའི་མཚན་ཉིད། འབྲས་བུ་ཐ་དད་ཀྱི་རྒྱུ་ཡང་ཐ་དད་པའི་ཆ། འབྱོར་འབྲེལ་པའི་མཚན་ཉིད། རྒྱུ་དེ་དང་དེའི་འབྲས་བུར་དེ་དང་དེས་འོས་པའི་ཆ། མགྱོགས་པའི་མཚན་ཉིད། འདུས་བྱས་མྱུར་བར་འོང་བའི་ཆ། གོ་རིམ་གྱི་མཚན་ཉིད། འདུས་བྱས་རིམ་ཅན་དུ་འབྱུང་བའི་ཆ། དུས་ཀྱི་མཚན་ཉིད། རྒྱུ་འབྲས་བུ་གཉིས་ཀ་སྤྱད་ཟིན་པའམ་གཉིས་ཀ་སྤྱད་མ་ཟིན་པའམ། རྒྱུ་སྤྱད་ལ་འབྲས་བུ་མ་སྤྱད་པའི་ཆ། ཡུལ་གྱི་མཚན་ཉིད། གཟུགས་ཀྱི་རྒྱུ་འབྲས་ཕྱོགས་ལ་ཁྱབ་པའི་ཆ། གྲངས་ཀྱི་མཚན་ཉིད། འདུ་བྱེད་རྣམས་ཀྱི་སོ་སོ་ཐ་དད་པའི་ཆ། ཚོགས་པའི་མཚན་ཉིད། རྒྱུ་རྐྱེན་འདུས་པའི་ཆའོ། །རྣམ་ཤེས་ཕུང་པོ་ལ་དབྱེ་ན། རྣམ་ཤེས་ཚོགས་བརྒྱད་དེ། ཀུན་གཞི་དང༌། ཉོན་ཡིད་དང༌། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པའོ། །དང་པོའི་མཚན་ཉིད། རྣམ་སྨིན་ས་བོན་ཐམས་ཅད་ཇི་ལྟར་རིགས་པར་བརྟེན་པ་དོན་གྱི་ངོ་བོ་རིག་པའི་བློ་ཅེས་པའམ། བག་ཆགས་བསྒོར་རུང་གི་རྣམ་ཤེས་ཅེས་པའམ། ཡང་ན་འཁོར་འདས་ཀྱི་རྟེན་གང་ཞིག་དོན་གྱི་ངོ་བོ་རིག་པའི་བློའོ། །གཉིས་པའི་མཚན་ཉིད། ཀུན་གཞིའི་དོན་ཙམ་རིག་ཅིང་རབ་ཏུ་མ་ཞི་བའི་རྣམ་པས་འཇུག་པ། ཡང་ན་ཀུན་གཞིའི་ངོ་བོ་ཙམ་རིག་ཅིང་འཕགས་པའི་ལམ་མ་ཐོབ་ཀྱི་བར་དུ་རྟག་ཏུ་ངར་འཇུག་རློམ་པའི་རྣམ་པས་འཇུག་པའི་བློ། གསུམ་པ་མིག་ཤེས་ཀྱི་མཚན་ཉིད། བདག་རྐྱེན་མིག་དབང་ལ་བརྟེན་ཅིང་གཟུགས་ཀྱི་ངོ་བོ་ཙམ་རིག་པའི་བློ། རྣ་བ་སོགས་ལྔ་ལའང་ཅི་ལྟར་མཐུན་མཐུན་དུ་སྦྱར་རོ། །ཕུང་པོས་མ་བསྡུས་པའི་འདུས་མ་བྱས་ཀྱི་མཚན་ཉིད། ཆོས་གང་རྒྱུ་རྐྱེན་གྱིས་མ་བསྐྱེད་པ། དབྱེ་ན་དྲུག་སྟེ། དེ་བཞིན་ཉིད་དང༌། ནམ་མཁའ་དང༌། སོ་སོར་བརྟག་མིན་གྱི་འགོག་པ་དང༌། སོ་སོར་བརྟག་འགོག་དང༌། མི་གཡོ་བའི་འགོག་པ་དང༌། འདུ་ཤེས་དང་ཚོར་བ་འགོག་པའོ། །དང་པོའི་མཚན་ཉིད། བདག་གིས་སྟོང་པའི་དབྱིངས་གང་ཞིག་གཞན་དུ་མི་འགྱུར་བ། གཉིས་པའི་མཚན་ཉིད། ཟག་མེད་ཙམ་ཁོ་ནས་ཕྱེ་བའི་འདུས་མ་བྱས། གསུམ་པའི་མཚན་ཉིད། གཉེན་པོས་མ་སྤངས་ཀྱང་རྒྱུ་རྐྱེན་མ་ཚང་བའི་སྟོབས་ཀྱིས་གཏན་མ་སྐྱེས་པའི་འགོག་པ། བཞི་པའི་མཚན་ཉིད། གཉེན་པོས་སྤངས་བྱ་སྤངས་པས་མ་སྐྱེས་པའི་འགོག་པ། ལྔ་པའི་མཚན་ཉིད། འགྱུར་བ་བསྐྱེད་པའི་ཚོར་བ་ཀུན་སྤངས་པས་ཕྱེ་བའི་མེད་འགག དྲུག་པའི་མཚན་ཉིད། ཚོར་འདུ་རགས་པ་ཀུན་འགག་པས་ཕྱེ་བའི་མེད་དགག་གོ །རྣམ་པའི་དབྱེ་བ་ལ་རྫས་ཡོད་ཀྱི་མཚན་ཉིད། བརྗོད་པ་དང༌། དེ་ལས་གཞན་པ་ལ་མི་ལྟོས་པར་དབང་པོའི་སྤྱོད་ཡུལ་དུ་འགྱུར་བ། བཏགས་ཡོད་ཀྱི་མཚན་ཉིད། དབང་པོའི་སྤྱོད་ཡུལ་དུ་འགྱུར་བ་བརྗོད་པ་དང་དེ་ལས་གཞན་པ་ལ་ལྟོས་པ། ཀུན་རྫོབ་ཏུ་ཡོད་པའི་མཚན་ཉིད། གང་ལ་དམིགས་པས་ཀུན་ནས་ཉོན་མོངས་པ་འཕེལ་བར་འགྱུར་བ། དམ་པའི་དོན་གྱི་མཚན་ཉིད། གང་ལ་དམིགས་པས་དྲི་མ་རྣམ་པར་དག་པར་འགྱུར་བ། ཤེས་བྱ་ཡི་མཚན་ཉིད། བློའི་ཡུལ་དུ་བྱར་རུང་བ། དབྱེ་ན་ཤེས་བྱ་ཡི་གཞི་ལྔའོ། །རྣམ་པར་ཤེས་བྱ་ཡི་མཚན་ཉིད། རྣམ་ཤེས་ཚོགས་བརྒྱད་གང་རུང་གི་ཡུལ་དུ་གྱུར་པ། མངོན་པར་ཤེས་བྱའི་མཚན་ཉིད། མངོན་ཤེས་གང་རུང་གི་ཡུལ་དུ་གྱུར་པ། གཟུགས་ཀྱི་མཚན་ཉིད། རྟེན་དང་བརྟེན་པའི་གཟུགས་ཅི་རིགས་པ་ཡོད་པའམ་གཟུགས་ཅན་དུ་འདོགས་པའི་རྒྱུ་མཚན་དང་ལྡན་པ་གང་རུང་ཡིན་པ། གཟུགས་ཅན་མིན་པའི་མཚན་ཉིད། རྟེན་དང་བརྟེན་པའི་གཟུགས་མེད་པའམ། གཟུགས་ཅན་མིན་པར་འདོགས་པའི་རྒྱུ་མཚན་དང་ལྡན་པ་གང་རུང་ཡིན་པ། བསྟན་ཡོད་ཀྱི་མཚན་ཉིད། མིག་ཤེས་ཀྱི་ཡུལ་དུ་རུང་བའམ་བསྟན་ཡོད་དུ་འདོགས་པའི་རྒྱུ་མཚན་དང་ལྡན་པ་གང་རུང་ཡིན་པ། བསྟན་མེད་ཀྱི་མཚན་ཉིད། མིག་ཤེས་ཀྱི་ཡུལ་དུ་མི་རུང་བའམ་བསྟན་མེད་དུ་འདོགས་པའི་རྒྱུ་མཚན་དང་ལྡན་པ་གང་རུང་ཡིན་ལ། ཐོགས་བཅས་ཀྱི་མཚན་ཉིད། རང་གི་ཡུལ་དུ་གཟུགས་གཞན་ནམ་གཟུགས་གཞན་ཡོད་པར་རང་འབྱུང་བའི་གོ་འགེགས་པའམ་ཐོག་བཅས་སུ་འདོགས་པའི་རྒྱུ་མཚན་དང་ལྡན་པ་གང་རུང་ཡིན་པ། ཐོགས་མེད་ཀྱི་མཚན་ཉིད། རང་གི་ཡུལ་དུ་གཟུགས་གཞན་ནམ་གཟུགས་གཞན་ཡོད་པར་རང་འབྱུང་བའི་གོ་མི་འགེགས་པའམ་ཐོགས་མེད་དུ་འདོགས་པའི་རྒྱུ་མཚན་དང་ལྡན་པ་གང་རུང་ཡིན་པ། ཟག་བཅས་ཀྱི་མཚན་ཉིད། ཟག་པ་དང་སྒོ་དྲུག་གང་རུང་གིས་འབྲེལ་པ། ཟག་མེད་ཀྱི་མཚན་ཉིད། ཟག་པ་དང་སྒོ་དྲུག་གང་གིས་ཀྱང་མ་འབྲེལ་བ། འཐབ་བཅས་ཀྱི་མཚན་ཉིད། འཐབ་རྒྱུ་དུག་གསུམ་དང་སྒོ་དྲུག་གང་རུང་གིས་འབྲེལ་བ། འཐབ་མེད་ཀྱི་མཚན་ཉིད། འཐབ་རྒྱུ་དུག་གསུམ་དང་སྒོ་དྲུག་གང་གིས་ཀྱང་མ་འབྲེལ་བ། ཟང་ཟིང་དང་བཅས་པའི་མཚན་ཉིད། ཡང་སྲིད་ཀྱི་རྒྱུ་དུག་གསུམ་དང་སྒོ་དྲུག་གང་རུང་གིས་འབྲེལ་བ། ཟང་ཟིང་མེད་པའི་མཚན་ཉིད། ཡང་སྲིད་ཀྱི་རྒྱུ་དུག་གསུམ་དང་སྒོ་དྲུག་གང་གིས་ཀྱང་མ་འབྲེལ་བ། ཞེན་པ་བརྟེན་པའི་མཚན་ཉིད། འདོད་ཡོན་ལ་ཞེན་པའི་རྒྱུ་དུག་གསུམ་དང་སྒོ་དྲུག་གང་རུང་གིས་འབྲེལ་བ། མངོན་པར་འབྱུང་བ་བརྟེན་པའི་མཚན་ཉིད། འདོད་ཡོན་ལ་ཞེན་པའི་རྒྱུ་དུག་གསུམ་དང་སྒོ་དྲུག་གང་གིས་ཀྱང་མ་འབྲེལ་བ། འདུས་བྱས་ཀྱི་མཚན་ཉིད། སྐྱེ་འཇིག་ཏུ་སྣང་བ། འདུས་མ་བྱས་ཀྱི་མཚན་ཉིད། སྐྱེ་འཇིག་མི་སྣང་བའི་ཆོས། འཇིག་རྟེན་པའི་མཚན་ཉིད། ཁམས་གསུམ་པར་སྣང་བ། འཇིག་རྟེན་ལས་འདས་པའི་མཚན་ཉིད། ཁམས་གསུམ་པར་མི་སྣང་བའི་ཆོས། བྱུང་བའི་མཚན་ཉིད། རྒྱུ་རྐྱེན་ལས་སྐྱེས་ཟིན་པ། མ་བྱུང་བའི་མཚན་ཉིད། རྒྱུ་རྐྱེན་ལས་སྐྱེས་མ་ཟིན་པ། འཛིན་པའི་མཚན་ཉིད། ཡུལ་ལ་ལོངས་སྤྱོད་བྱེད། གཟུང་བའི་མཚན་ཉིད། ཡུལ་ཅན་གྱི་ལོངས་སྤྱོད་བྱ། ཕྱི་ལྟས་ཀྱི་མཚན་ཉིད། འདོད་ཡོན་ལ་སྲེད་པ་འཕེལ་བ་དང་རྗེས་སུ་མཐུན་པའི་ཆོས། ནང་ལྟས་ཀྱི་མཚན་ཉིད། ཏིང་ངེ་འཛིན་དང་རྗེས་སུ་མཐུན་པའི་ཆོས། ཉོན་མོངས་ཅན་གྱི་མཚན་ཉིད། མི་དགེ་བའམ་སྒྲིབ་ལ་ལུང་མ་བསྟན་གང་རུང་ཡིན་པ། སྒྲིབ་ལ་ལུང་མ་བསྟན་གྱི་མཚན་ཉིད། ཉོན་མོངས་ཅན་གང་ཞིག་མི་དགེ་བ་ཡིན་མི་སྲིད་པ། ཉོན་མོངས་ཅན་མིན་པའི་ཆོས་ཀྱི་མཚན་ཉིད། དགེ་བའམ་མ་བསྒྲིབ་ལ་ལུང་མ་བསྟན་གང་རུང་ཡིན་པ། མ་བསྒྲིབ་ལུང་མ་བསྟན་གྱི་མཚན་ཉིད། ཉོན་མོངས་ཅན་མིན་པའི་ཆོས་གང་ཞིག་དགེ་བ་མིན་པ། འདས་པའི་མཚན་ཉིད། བྱུང་བ་ལ་འགགས་པའི་དུས། མ་འོངས་པའི་མཚན་ཉིད། རྒྱུ་ཡོད་ཀྱང་མ་བྱུང་བའི་དུས། ད་ལྟ་བའི་མཚན་ཉིད། བྱུང་ལ་མ་འགགས་པའི་དུས། དགེ་བའི་མཚན་ཉིད། ལུང་དུ་བསྟན་པ་གང་ཞིག་དམ་པ་རྣམས་ཀྱིས་བླང་བྱར་འོས་པ། དབྱེ་ན་བཅུ་གསུམ་གྱི། ངོ་བོ་ཉིད་ཀྱི་དགེ་བའི་མཚན་ཉིད། རང་བཞིན་གྱིས་རྣམ་པར་དཀར་བའི་ངོ་བོར་སྐྱེས་པ། འབྲེལ་པས་དགེ་བའི་མཚན་ཉིད། གྲོགས་སྟོབས་ཀྱིས་རྣམ་པར་དཀར་བའི་ངོ་བོར་སྐྱེས་པ། རྗེས་སུ་འབྲེལ་པས་དགེ་བའི་མཚན་ཉིད། དགེ་བས་བཞག་པའི་ནུས་པ། སློང་བས་དགེ་བའི་མཚན་ཉིད། དགེ་བས་ཀུན་ནས་བསླང་བའི་ལུས་སམ་ངག་གི་ལེགས་སྤྱད་ཀྱི་ལས། དོན་དམ་པའི་དགེ་བའི་མཚན་ཉིད། འཕགས་པའི་གང་ཟག་གི་ངོར་གཅིག་ཏུ་ཁ་ན་མ་ཐོ་བ་མེད་པ། སྐྱེ་བས་ཐོབ་པའི་དགེ་བའི་མཚན་ཉིད། སྔོན་གོམས་པའི་སྟོབས་ཀྱིས་ཚེ་འདིར་རིས་མཐུན་བཟུང་བ་ཙམ་གྱིས་ཀུན་ཏུ་སྤྱོད་པའི་དཀར་ཆོས། སྦྱོར་བས་དགེ་བའི་མཚན་ཉིད། ཚེ་འདིར་འབད་པའི་སྟོབས་ཀྱིས་ཀུན་ཏུ་སྤྱོད་པའི་དཀར་ཆོས། མདུན་དུ་བྱས་པའི་དགེ་བའི་མཚན་ཉིད། ཡོན་ཏན་ཅན་ལ་མཆོད་པར་འདོད་པས་ཀུན་ཏུ་སྤྱོད་པའི་དཀར་ཆོས། ཕན་འདོགས་པས་དགེ་བའི་མཚན་ཉིད། དམན་པ་ལ་ཕན་པར་འདོད་པས་ཀུན་ཏུ་སྤྱོད་པའི་དཀར་ཆོས། ཡོངས་སུ་འཛིན་པས་དགེ་བའི་མཚན་ཉིད། འབྲས་བུ་འདོད་པ་འཛིན་པའི་དཀར་ཆོས། གཉེན་པོས་དགེ་བའི་མཚན་ཉིད། མི་མཐུན་ཕྱོགས་འཇོམས་པའི་དཀར་ཆོས། ཉེ་བར་ཞི་བའི་དགེ་བའི་མཚན་ཉིད། སྒྲིབ་པ་ཞི་བའི་དཀར་ཆོས། རྒྱུ་མཐུན་པས་དགེ་བའི་མཚན་ཉིད། སྒྲིབ་པ་ཞི་བའི་དབང་གིས་ཐོབ་པའི་ཡོན་ཏན། མི་དགེ་བའི་མཚན་ཉིད། ལུང་དུ་བསྟན་པ་གང་ཞིག་དམ་པ་རྣམས་ཀྱི་དོར་བྱར་འོས་པ། དབྱེ་ན་བཅུ་གཉིས་ཀྱི། ངོ་བོ་ཉིད་ཀྱི་མི་དགེ་བའི་མཚན་ཉིད། རང་བཞིན་གྱིས་ཉེས་སྤྱོད་ཀུན་ནས་སློང་བྱེད་དུ་སྐྱེས་པ། འབྲེལ་བས་མི་དགེ་བའི་མཚན་ཉིད། གྲོགས་སྟོབས་ཀྱིས་ཉེས་སྤྱོད་ཀུན་ནས་སློང་བྱེད་དུ་སྐྱེས་པའི་སྡིག་པ། རྗེས་སུ་འབྲེལ་བས་མི་དགེ་བའི་མཚན་ཉིད། མི་དགེ་བས་བཞག་པའི་ནུས་པ། སློང་བས་མི་དགེ་བའི་མཚན་ཉིད། མི་དགེ་བས་ཀུན་ནས་བསླང་བའི་ལུས་སམ་ངག་གི་ཉེས་སྤྱོད་ཀྱི་ལས། དོན་དམ་པའི་མི་དགེ་བའི་མཚན་ཉིད། འཕགས་པས་གཅིག་ཏུ་ཁ་ན་མ་ཐོ་བ་དང་བཅས་པར་གཟིགས་པ། སྐྱེ་བས་ཐོབ་པའི་མི་དགེ་བའི་མཚན་ཉིད། སྔོན་གོམས་པའི་སྟོབས་ཀྱིས་ཚེ་འདིར་རིས་མཐུན་བཟུང་བ་ཙམ་གྱིས་ཀུན་ཏུ་སྤྱོད་པའི་ཉེས་སྤྱོད། སྦྱོར་བས་མི་དགེ་བའི་མཚན་ཉིད། ཚེ་འདིར་འབད་པའི་སྟོབས་ཀྱིས་ཀུན་ཏུ་སྤྱོད་པའི་ཉེས་སྤྱོད། མདུན་དུ་བྱས་པའི་མི་དགེ་བའི་མཚན་ཉིད། ལྷ་མཆོད་པའི་བསམ་པས་ཀུན་ཏུ་སྤྱོད་པའི་ཉེས་སྤྱོད། གནོད་པ་བྱེད་པས་མི་དགེ་བའི་མཚན་ཉིད། གཞན་ལ་ལོག་པར་བསྒྲུབ་པའི་ཉེས་སྤྱོད། ཡོངས་སུ་འཛིན་པས་མི་དགེ་བའི་མཚན་ཉིད། འབྲས་བུ་མི་འདོད་པ་འཛིན་པའི་ཉེས་སྤྱོད། མི་མཐུན་ཕྱོགས་ཀྱི་མི་དགེ་བའི་མཚན་ཉིད། གཉེན་པོའི་བར་དུ་གཅོད་པའི་ཆོས། བར་དུ་གཅོད་པས་མི་དགེ་བའི་མཚན་ཉིད། དགེ་བའི་བར་ཆད་བྱེད་པའི་ཆོས། ལུང་མ་བསྟན་གྱི་མཚན་ཉིད། དགེ་མི་དགེ་གང་དུའང་མ་གྲུབ་ཅིང་དམ་པ་རྣམས་ཀྱིས་བཏང་སྙོམས་སུ་བྱ་བར་འོས་པའི་ཆོས། དབྱེ་ན་བཅུ་བཞིའི། ངོ་བོ་ཉིད་ཀྱིས་ལུང་དུ་མ་བསྟན་པའི་མཚན་ཉིད། རང་བཞིན་གྱིས་དགེ་མི་དགེ་གང་དུའང་མ་གྲུབ་པའི་ཆོས། འབྲེལ་བས་ལུང་དུ་མ་བསྟན་པའི་མཚན་ཉིད། གྲོགས་སྟོབས་ཀྱིས་ལུང་མ་བསྟན་དུ་གྱུར་པའི་ཆོས། རྗེས་སུ་འབྲེལ་བས་ལུང་མ་བསྟན་གྱི་མཚན་ཉིད། ལུང་མ་བསྟན་གྱིས་བཞག་པའི་ནུས་པ། སློང་བས་ལུང་དུ་མ་བསྟན་པའི་མཚན་ཉིད། ལུང་མ་བསྟན་གྱི་སེམས་ཀྱིས་བསླང་བའི་ལུས་སམ་ངག་གི་ལས། དོན་དམ་པར་ལུང་དུ་མ་བསྟན་པའི་མཚན་ཉིད། རྣམ་གྲངས་ཀྱིས་ཀྱང་དགེ་མི་དགེ་གང་དུའང་བཞག་པར་མི་ནུས་པའི་འདུས་མ་བྱས། སྐྱེ་བས་ཐོབ་པའི་ལུང་མ་བསྟན་གྱི་མཚན་ཉིད། མི་དགེ་བའམ་དགེ་བ་ཟག་བཅས་ཀྱི་རྣམ་སྨིན་ཡིན་པ། སྦྱོར་བས་ལུང་དུ་མ་བསྟན་པའི་མཚན་ཉིད། ལུང་མ་བསྟན་གྱི་སེམས་དང་ལྡན་པའི་འཕྲལ་གྱི་ཀུན་སྤྱོད། མདུན་དུ་བྱ་བས་ལུང་མ་བསྟན་གྱི་མཚན་ཉིད། ལྷ་མཆོད་པའི་བསམ་པས་ཀུན་ཏུ་སྤྱོད་པའི་ལུང་མ་བསྟན་གྱི་ལས། ཕན་འདོགས་པས་ལུང་མ་བསྟན་གྱི་མཚན་ཉིད། གཞན་ལ་ཟས་གོས་སོགས་ཀྱིས་སྦྱིན་པའི་ལུང་མ་བསྟན་གྱི་ལས། ཉེ་བར་སྤྱད་པས་ལུང་མ་བསྟན་གྱི་མཚན་ཉིད། རང་ཉིད་ཟས་གོས་སོགས་སྤྱོད་པའི་ལུང་མ་བསྟན་གྱི་ལས། ཡོངས་སུ་འཛིན་པས་ལུང་མ་བསྟན་གྱི་མཚན་ཉིད། མ་འོངས་པའི་སྐྱེ་བ་ལ་རྒྱུ་མཐུན་གྱི་འབྲས་བུ་ཡོངས་སུ་འཛིན་པར་ནུས་པའི་ལུང་མ་བསྟན་གྱི་ལས། གཉེན་པོས་ལུང་མ་བསྟན་གྱི་མཚན་ཉིད། ལུང་མ་བསྟན་གྱི་སེམས་ཀྱིས་ནད་ཀྱི་གཉེན་པོར་སྨན་བསྟེན་པའི་ལས། ཉེ་བར་ཞི་བའི་ལུང་མ་བསྟན་གྱི་མཚན་ཉིད། ཉེས་སྤྱོད་ཀུན་ནས་སློང་བའི་ནུས་པ་ཏིང་ངེ་འཛིན་གྱིས་ཉམས་པར་བྱས་པའི་ཉོན་མོངས། རྒྱུ་མཐུན་པས་ལུང་མ་བསྟན་གྱི་མཚན་ཉིད། ལུང་མ་བསྟན་གྱི་སྤྲུལ་སེམས་དང་ལྷན་ཅིག་སྐྱེས་པའི་ལས། འདོད་ཁམས་ཀྱི་མཚན་ཉིད། འདོད་པ་ལ་ཡེ་འདོད་ཆགས་དང་མ་བྲལ་བའི་ཆོས། གཟུགས་ཁམས་ཀྱི་མཚན་ཉིད། འདོད་པ་ལ་འདོད་ཆགས་དང་བྲལ་ལ། གཟུགས་ལ་འདོད་ཆགས་དང་མ་བྲལ་བའི་དགེ་བ་ཟག་བཅས་སམ་ལུང་མ་བསྟན། གཟུགས་མེད་ཁམས་ཀྱི་མཚན་ཉིད། གཟུགས་ལ་འདོད་ཆགས་དང་བྲལ་ལ་གཟུགས་མེད་ལ་འདོད་ཆགས་དང་མ་བྲལ་བའི་དགེ་བ་ཟག་བཅས་སམ་ལུང་མ་བསྟན་ཡིན་པ། སློབ་པའི་ཆོས་ཀྱི་མཚན་ཉིད། ཐར་པའི་ཆེད་དུ་དགེ་བ་ལ་བརྩོན་པར་བྱེད་པའི་དགེ་བ། མི་སློབ་པའི་ཆོས་ཀྱི་མཚན་ཉིད། བསླབ་པ་གསུམ་མཐར་ཕྱིན་པའི་དགེ་བ། སློབ་མི་སློབ་གཉིས་མིན་གྱི་ཆོས་ཀྱི་མཚན་ཉིད། ཐར་པ་རྒྱུ་འབྲས་གང་གིས་ཀྱང་མ་བསྡུས་པའི་ཆོས། མཐོང་སྤང་གི་མཚན་ཉིད། བདེན་པའི་ཆོས་ཉིད་མཐོང་བ་ཙམ་གྱིས་གཞོམ་བྱ། སྒོམ་སྤང་གི་མཚན་ཉིད། ཆོས་ཉིད་མཐོང་ཟིན་གོམས་པས་གཞོམ་བྱ། སྤང་བྱ་མིན་པའི་མཚན་ཉིད། སྐྱོན་མེད་པས་སུན་དབྱུང་བྱ་མིན་པ། རྟེན་འབྲེལ་གྱི་མཚན་ཉིད། རྒྱུ་རྐྱེན་དུ་འོས་པ་ལས་སྐྱེས་པ། དབྱེ་ན་གཉིས་ཀྱི། ཟག་མེད་རྟེན་འབྲེལ་གྱི་མཚན་ཉིད། གང་ཞིག་ཟག་པའི་སྒོ་དྲུག་གང་དང་ཡང་མ་འབྲེལ་བ། ཟག་བཅས་རྟེན་འབྲེལ་གྱི་མཚན་ཉིད། གང་ཞིག་ཟག་པའི་སྒོ་དྲུག་གང་རུང་དང་འབྲེལ་བ། དེ་ལ་གཉིས་ཀྱི། ཉོན་མོངས་ཅན་གྱི་ཕྱིའི་རྟེན་འབྲེལ་གྱི་མཚན་ཉིད། སེམས་ཀྱི་རྒྱུད་ཀྱིས་མ་བསྡུས་པའི་ཉོན་མོངས་པའི་ཟག་བཅས་རྐྱེན་ལས་སྐྱེས་པ། ཉོན་མོངས་ཅན་གྱི་ནང་གི་རྟེན་འབྲེལ་གྱི་མཚན་ཉིད། སེམས་ཀྱི་རྒྱུད་ཀྱིས་བསྡུས་པའི་ཉོན་མོངས་པའི་ཟག་བཅས་རྐྱེན་ལས་སྐྱེས་པ། དེ་ལ་དབྱེ་ན་བཅུ་གཉིས་ཀྱི། མ་རིག་པའི་མཚན་ཉིད། ཡང་སྲིད་ཀྱི་རྒྱུའི་ལས་ཀུན་ནས་སློང་ནུས་ཀྱི་ཉོན་མོངས་གང་ཞིག་རིག་པ་ཡེ་ཤེས་ཀྱི་དངོས་ཀྱི་མི་མཐུན་ཕྱོགས། འདུ་བྱེད་ཀྱི་མཚན་ཉིད། ཡང་སྲིད་འཕེན་བྱེད་ཀྱི་ལས། རྣམ་ཤེས་ཀྱི་མཚན་ཉིད། འདུ་བྱེད་ཀྱི་བཞག་པའི་ལས་ཀྱི་བག་ཆགས་ཅན་གྱི་སེམས། མིང་གཟུགས་ཀྱི་མཚན་ཉིད། ལས་ཀྱི་བག་ཆགས་ཅན་གྱི་རྣམ་ཤེས་མངལ་དུ་ཞུགས་པས་གྲུབ་པའི་ཕུང་པོ། སྐྱེ་མཆེད་དྲུག་གི་མཚན་ཉིད། མིང་གཟུགས་འཕེལ་བས་མིག་སོགས་དྲུག་ཚང་བའི་ནང་གི་དབང་པོ། རིག་པ་དང་ཚོར་བ་སྔར་བཞིན་ནོ། །སྲེད་པའི་མཚན་ཉིད། ཚོར་བ་བླང་དོར་དུ་ཆགས་པའི་འདོད་ཆགས། ལེན་པའི་མཚན་ཉིད། འདོད་ལྷ་སོགས་བཞི་ལ་འདུན་ཅིང་ཆགས་པའི་འདོད་ཆགས། ཡང་ན་ལས་ཀྱི་བག་ཆགས་བརྟས་པར་བྱེད་པས་འགྲོ་བ་བྱེ་བྲག་ཏུ་ངེས་བྱེད་ཀྱི་ཆགས་པ། སྲིད་པའི་མཚན་ཉིད། ལས་ཀྱི་ས་བོན་ནུས་པ་མཐུ་ཅན་སྐྱེ་བ་བསྐྱེད་ངེས་སུ་གྱུར་པ། སྐྱེ་སོགས་ཀྱི་སྔར་བཞིན་ནོ། །རྐྱེན་གྱི་མཚན་ཉིད། འབྲས་བུ་བསྐྱེད་པའི་ཐབས་སུ་གྱུར་པ། དབྱེ་ན། རྐྱེན་བཞིའི་རྒྱུ་རྐྱེན་གྱི་མཚན་ཉིད། འབྲས་བུ་ཡི་ངོ་བོ་སྐྱེད་བྱེད། དབྱེ་ན་དོན་དམ་པ་དང་ཐ་སྙད་པའི་རྒྱུ་རྐྱེན་གཉིས་ཀྱི། དང་པོའི་མཚན་ཉིད། ཡང་དག་པར་འབྲས་བུའི་ངོ་བོ་སྐྱེད་བྱེད། དབྱེ་ན་ཟག་བཅས་དང་ཟག་མེད་འདུས་བྱས་ཀྱི་རྒྱུ་རྐྱེན་གཉིས་སོ། །ཐ་སྙད་པའི་རྒྱུ་རྐྱེན་གྱི་མཚན་ཉིད། ཀུན་རྫོབ་ཏུ་འབྲས་བུ་བསྐྱེད་པའི་ཐབས་སུ་བཞག་ཏུ་རུང་བ། དབྱེ་ན་དྲུག་གི བྱེད་རྒྱུའི་མཚན་ཉིད། འབྲས་བུ་ལ་ཕན་འདོག་བྱེད། དབྱེ་ན་འབྱུང་བའི་བྱེད་རྒྱུ་སོགས་ཉི་ཤུའོ། །ལྷན་ཅིག་འབྱུང་བའི་རྒྱུའི་མཚན་ཉིད། ཚོགས་པ་གཅིག་པའི་སྟོབས་ཀྱིས་རང་དང་ལྷན་ཅིག་འབྱུང་བའི་གྲོགས་ལ་ཕན་འདོག་བྱེད། མཚུངས་ལྡན་གྱི་རྒྱུའི་མཚན་ཉིད། རང་དང་ལྷན་ཅིག་པའི་ཤེས་རིག་གི་དམིགས་པ་མཐུན་པར་རྟོགས་པའི་གྲོགས་བྱེད་པ། སྐལ་མཉམ་གྱི་རྒྱུའི་མཚན་ཉིད། རང་དང་རིས་མཐུན་པ་ཉིད་ཀྱི་འབྲས་བུ་སྐྱེད་བྱེད། ཀུན་འགྲོའི་རྒྱུའི་མཚན་ཉིད། ཉོན་མོངས་ཅན་གང་ཞིག་རང་དང་རིས་མཐུན་མི་མཐུན་གྱི་ཉོན་མོངས་ཅན་སྐྱེད་བྱེད་དུ་གྱུར་པ། རྣམ་སྨིན་གྱི་རྒྱུའི་མཚན་ཉིད། འདོད་པའམ་མི་འདོད་པའི་རྣམ་སྨིན་འཕེན་བྱེད། དེ་མ་ཐག་རྐྱེན་གྱི་མཚན་ཉིད། རང་འགགས་སྟོབས་ཀྱིས་རང་དང་མཐུན་པའི་ཤེས་པ་ཕྱི་མ་སྐྱེ་བའི་གོ་འབྱེད་པ། དམིགས་རྐྱེན་གྱི་མཚན་ཉིད། དམིགས་པའི་སྒོ་ནས་ཤེས་པ་སྐྱེད་པའི་ཐབས་སུ་གྱུར་པ། བདག་རྐྱེན་གྱི་མཚན་ཉིད། དབང་བྱེད་པའི་སྒོ་ནས་འབྲས་བུ་སྐྱེད་པའི་ཐབས་སུ་གྱུར་པ། ཡང་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གཉིས་ཀྱི། དང་པོའི་མཚན་ཉིད། རྒྱུ་རྐྱེན་དང་འདྲ་ལ། གཉིས་པའི་མཚན་ཉིད། འབྲས་བུའི་ཁྱད་པར་སྐྱེད་བྱེད། བསྟེན་མཚུངས་ཀྱི་དབང་པོའི་མཚན་ཉིད། རང་གིས་བསྟེན་པའི་དབང་ཤེས་དང་ཡུལ་འཛིན་བྱེད་དུ་འདྲ་བའི་དབང་པོ་གཟུགས་ཅན། དེ་མཚུངས་ཀྱི་དབང་པོའི་མཚན་ཉིད། རྣམ་ཤེས་བསྟེན་བཞིན་པ་དང་བྲལ་བས་ཡུལ་དངོས་སུ་མི་འཛིན་ཅིང་དབང་པོ་གཟུགས་ཅན་རང་གི་རིགས་དང་འདྲ་བ། ཟིན་པའི་མཚན་ཉིད། ཚོར་བ་འབྱུང་བའི་གནས་ཀྱི་གཟུགས། དབང་པོའི་མཚན་ཉིད། ཆོས་གང་ལ་ལྷག་པར་དབང་བྱེད་པའི་ཆོས། དབྱེ་ན་ཉེར་གཉིས་སོ། །སྡུག་བསྔལ་གྱི་སྡུག་བསྔལ་གྱི་མཚན་ཉིད། ཚོར་བ་སྡུག་བསྔལ་གནས་དང་བཅས་པས་བསྡུས་པའི་ཆོས། འགྱུར་བའི་སྡུག་བསྔལ་གྱི་མཚན་ཉིད། ཟག་བཅས་ཀྱི་ཚོར་བ་བདེ་བ་གནས་དང་བཅས་པས་བསྡུས་པའི་ཆོས། འདུ་བྱེད་ཀྱི་སྡུག་བསྔལ་གྱི་མཚན་ཉིད། ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་གནས་དང་བཅས་པས་བསྡུས་པའི་ཆོས། རྣམ་སྨིན་དང་བཅས་པའི་མཚན་ཉིད། རྣམ་སྨིན་གྱི་རྒྱུ་ལྟར་རོ། །རྣམ་སྨིན་གྱི་མཚན་ཉིད། རྣམ་སྨིན་གྱི་རྒྱུས་འཕངས་པའི་སྒོ་ནས་རྣམ་སྨིན་དུ་འཇོག་པའི་ཆོས་དང་ལྡན་པ། ཟས་ཀྱི་མཚན་ཉིད། སྲིད་པ་གསོ་ཞིང་གནས་པར་བྱེད་པའི་ཆོས། དབྱེ་ན་ཁམས་ཀྱི་དང༌། རེག་པའི་དང༌། སེམས་པའི་དང༌། རྣམ་ཤེས་ཀྱི་ཟས་ཏེ་བཞིའོ། །གོང་མ་དང་བཅས་པའི་མཚན་ཉིད། བླ་མ་དང་བཅས་པ། གོང་ན་མེད་པའི་མཚན་ཉིད། བླ་ན་མེད་པ། ཀུན་བཏགས་ཀྱི་མཚན་ཉིད། རྫས་སུ་མེད་བཞིན་དུ་རྟོགས་པས་སྒྲོ་བཏགས་པའི་ཆ། གཞན་དབང་གི་མཚན་ཉིད། བདག་ཏུ་རྟོག་པའི་འཁྲུལ་གཞི་རྐྱེན་ལ་རག་ལས་པ། འགྱུར་མེད་ཡོངས་གྲུབ་ཀྱི་མཚན་ཉིད། བདག་གིས་སྟོང་པའི་དབྱིངས། རྒྱས་པར་འོག་ཏུ་འཆད་དོ། །མཚན་ཉིད་ཀྱིས་དབྱེ་བའི་མཚན་ཉིད། ངོ་བོའི་དབྱེ་བ། རྣམ་པའི་དབྱེ་བའི་མཚན་ཉིད། ལྡོག་པའི་དབྱེ་བ། ལུས་ཀྱི་དབྱེ་བའི་མཚན་ཉིད། ལུས་ཅི་སྙེད་པར་ཕྱེ་བའི་དབྱེ་བ། རྒྱུན་གྱིས་དབྱེ་བའི་མཚན་ཉིད། སྐད་ཅིག་སྔ་མའི་རྗེས་སུ་ཕྱི་མ་འབྱུང་བའི་དབྱེ་བ། ཕྱི་ལྟས་ཀྱི་དབྱེ་བའི་མཚན་ཉིད། འདོད་ཡོན་ལ་སྲེད་པ་འཕེལ་བ་དང་རྗེས་སུ་མཐུན་པའི་དབྱེ་བ། ནང་ལྟས་ཀྱི་དབྱེ་བའི་མཚན་ཉིད། ཏིང་ངེ་འཛིན་དང་རྗེས་སུ་མཐུན་པའི་དབྱེ་བ། རྒྱུན་རིང་བའི་དུས་ཀྱི་དབྱེ་བའི་མཚན་ཉིད། སྔོན་དང་ཕྱི་མའི་མཐའ་ངེས་པ་མེད་པའི་འདུས་བྱས་ཀྱི་དབྱེ་བ། དུས་ཆད་པས་དབྱེ་བའི་མཚན་ཉིད། དུས་འདི་ཙམ་ན་རྒྱུན་ཆད་པའི་ངེས་པ་ཅན་གྱི་དབྱེ་བ་གང་ཞིག་རྒྱུན་ཆད་ཁ་མིན་པ། དེའི་དུས་ཀྱི་དབྱེ་བའི་མཚན་ཉིད། རྒྱུན་ཆད་ཁའི་སྐད་ཅིག་ཐ་མའི་དབྱེ་བ། ཀུན་ཏུ་སྟོན་པའི་དབྱེ་བའི་མཚན་ཉིད། གཞན་སྣང་དུ་ཕུང་པོ་སོགས་སྟོན་པ་ཙམ་གྱི་དབྱེ་བ། བསྡུས་པའི་མཚན་ཉིད། སྡུད་བྱེད་ཀྱི་བསྡུ་བྱ་བསྡུས་པ། དབྱེ་ན་བཅུ་གཅིག་གི མཚན་ཉིད་ཀྱིས་བསྡུས་པའི་མཚན་ཉིད། མཚན་ཉིད་ཀྱིས་མཚན་གཞི་ཇི་སྙེད་པ་བསྡུས་པ། ཁམས་ཀྱིས་བསྡུས་པའི་མཚན་ཉིད། རྒྱུས་འབྲས་བུ་ཇི་སྙེད་པ་བསྡུས་པ། རིགས་ཀྱིས་བསྡུས་པའི་མཚན་ཉིད། སྤྱིས་ཁྱད་པར་རྣམས་བསྡུས་པ། གནས་སྐབས་ཀྱིས་བསྡུས་པའི་མཚན་ཉིད། གནས་སྐབས་ཀྱིས་གནས་སྐབས་ཅན་ཇི་སྙེད་པ་བསྡུས་པ། གྲོགས་ཀྱིས་བསྡུས་པའི་མཚན་ཉིད། གྲོགས་ཀྱིས་གྲོགས་ཅན་ཇི་སྙེད་པ་བསྡུས་པ། ཕྱོགས་ཀྱིས་བསྡུས་པའི་མཚན་ཉིད། ཕྱོགས་ཀྱིས་ཕྱོགས་ཅན་ཇི་སྙེད་པ་བསྡུས་པ། དུས་ཀྱིས་བསྡུས་པའི་མཚན་ཉིད། དུས་ཀྱིས་དུས་ཅན་ཇི་སྙེད་པ་བསྡུས་པ། ཕྱོགས་གཅིག་གིས་བསྡུས་པའི་མཚན་ཉིད། སྡུད་བྱེད་ཀྱི་ཕྱོགས་གཅིག་གིས་བསྡུ་བྱ་ཇི་སྙེད་པ་བསྡུས་པ། མཐར་ཐུག་གིས་བསྡུས་པའི་མཚན་ཉིད། སྡུད་བྱེད་མཐར་ཐུག་གིས་བསྡུ་བྱ་ཇི་སྙེད་པ་ཀུན་བསྡུས་པ། གཅིག་གིས་གཅིག་བསྡུས་པའི་མཚན་ཉིད། བསྡུ་བྱ་སྡུ་བྱེད་ཕན་ཚུན་གཅིག་གིས་གཅིག་བསྡུས་པ། དམ་པའི་དོན་གྱིས་བསྡུས་པའི་མཚན་ཉིད། ཆོས་ཉིད་ཀྱིས་ཆོས་ཅན་ཅི་སྙེད་པ་བསྡུས་པ། མཚུངས་ལྡན་གྱིས་མཚན་ཉིད། གྲོགས་དང་གྲོགས་ཅན་དུ་གྱུར་པ། དབྱེ་ན་དྲུག་གི་ཚོགས་པ་ཐ་དད་མེད་པས་མཚུངས་ལྡན་གྱི་མཚན་ཉིད། ཚོགས་པ་གཅིག་པའི་རྫས་ཀྱི་རྡུལ་ཕྲན་རྣམས་གོ་ས་གཅིག་ཏུ་འཇུག་པ། འདྲེས་པས་མཚུངས་ལྡན་གྱི་མཚན་ཉིད། འདུས་པ་གང་ཞིག་གོ་ས་དབྱེར་མེད་དུ་འདྲེས་པ། ཕྲད་པས་མཚུངས་ལྡན་གྱི་མཚན་ཉིད། གོང་བུ་གཉིས་ཡུལ་འདབ་འབྱོར་དུ་ཕྲད་པ། ལྷན་ཅིག་འབྱུང་བས་མཚུངས་ལྡན་གྱི་མཚན་ཉིད། རྒྱུད་གཅིག་གིས་ཆོས་སྐྱེ་འགག་གནས་པའི་ངང་གཅིག་པ། བྱ་བ་བསྒྲུབས་པས་མཚུངས་ལྡན་གྱི་མཚན་ཉིད། བྱ་བ་མཐུན་པ་སྒྲུབ་པ་ལ་ཕན་ཚུན་གྲོགས་བྱས་ནས་འཇུག་པ། མཐུན་པར་རྟོགས་པས་མཚུངས་ལྡན་གྱི་མཚན་ཉིད། མཚུངས་ལྡན་ལྔས་མཚུངས་པར་ལྡན་པ། ལྡན་པའི་མཚན་ཉིད། ཐོབ་པ་བཞིན་ནོ། །དབྱེ་ན་གསུམ་གྱི། ས་བོན་དུ་ལྡན་པའི་མཚན་ཉིད། ཆོས་གང་འབད་མེད་དུ་ངང་གིས་རྒྱུད་ལ་འབྱུང་རུང་དུ་གནས་པའི་གནས་སྐབས། དབྱེ་ན་ཉོན་མོངས་དང༌། དགེ་བ་སྐྱེས་ཐོབ་དང༌། ལུང་མ་བསྟན་སྐྱེས་ཐོབ་སྟེ་གསུམ་མམ་དེ་གསུམ་ཁམས་གསུམ་དུ་ཕྱེ་བའི་ས་བོན་དུ་ལྡན་པ་དགུའོ། །དབང་དུ་ལྡན་པའི་མཚན་ཉིད། ཆོས་གང་ངེས་པར་འབད་པའི་རྐྱེན་གྱིས་བརྟས་ན། རྒྱུད་ལ་འབྱུང་རུང་དུ་གནས་པའི་གནས་སྐབས། དབྱེ་ན། དགེ་བ་སྦྱོར་བྱུང་དང་ལུང་མ་བསྟན་སྦྱོར་བྱུང་དང༌། སློབ་པ་ཟག་མེད་དང༌། མི་སློབ་པ་ཟག་མེད་དབང་དུ་ལྡན་པ་སྟེ་བཞིའོ། །མངོན་འགྱུར་དུ་ལྡན་པའི་མཚན་ཉིད། ཆོས་གང་རང་གི་མཚན་ཉིད་ཀྱིས་རྒྱུད་ལ་གནས་པའི་གནས་སྐབས། དབྱེ་ན་དགེ་མི་དགེ་ལུང་མ་བསྟན་མངོན་གྱུར་དུ་ལྡན་པ་གསུམ་མོ། །དེ་གསུམ་ནི་བསྡུ་བའི་རྩ་བ་དང་འགྲེལ་པ་ལྟར་རོ། །བྱེ་བཤད་སོགས་ཆོས་སྤྱི་སྐད་ལྟར་ན། ས་བོན་སོགས་གསུམ་གྱི་མཚན་ཉིད་རིམ་པ་ལྟར། ཆོས་གང་གིས་བཞག་པའི་ནུས་པ་ཙམ་གྱི་གནས་སྐབས་དང༌། ཆོས་གང་གིས་ནུས་པ་རྐྱེན་ལ་ལྟོས་ནས་རྒྱུན་གྱིས་འབྲས་བུ་སྒྲུབ་པའི་གནས་སྐབས་དང༌། ནུས་པ་ཅན་གྱི་རྒྱུ་རྐྱེན་ལས་འབྲས་བུ་གང་དངོས་སུ་གྲུབ་པའི་གནས་སྐབས་སོ། །ཆོས་མངོན་པ་ཀུན་ལས་བཏུས་པའི་མཚན་ཉིད་རབ་ཏུ་གསལ་བ་ལས་ལེའུ་དང་པོའི་ཆོས་རྣམས་ཀྱི་མཚན་ཉིད་ཏེ་དང་པོའོ།།  །།བདེན་པ་རྣམ་ངེས་ཀྱི་མཚན་ཉིད། འཕགས་བཞིའི་བདེན་བཞི་གཏན་ལ་འབེབས་བྱེད། དེའི་གཏན་ལ་དབབ་བྱ་འཕགས་པའི་བདེན་པའི་མཚན་ཉིད། འཕགས་པས་འདི་རྣམས་ཅི་ལྟ་བར་གཟིགས་པ། བསྟན་པ་དང་མཐུན་པ། དབྱེ་ན། སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་གྱི་བདེན་པ་བཞིའི་དང་པོའི་མཚན་ཉིད། རང་རྒྱུ་ཀུན་འབྱུང་གིས་བསྐྱེད་ཅིང་བསྟན་པ་དང་མཐུན་པ། དབྱེ་ན་མ་དག་པའི་བཅུད་དང༌། སྣོད་ཀྱི་འཇིག་རྟེན་གཉིས་ལས། དང་པོའི་མཚན་ཉིད། ཐུན་མོང་མིན་པའི་རྣམ་སྨིན་གྱིས་བསྡུས་པའི་ཕུང་པོ། དབྱེ་ན་ངན་འགྲོ་དང༌། བདེ་འགྲོ་གཉིས་ཀྱི་དང་པོའི་མཚན་ཉིད། མི་དགེ་བས་འཕངས་པའི་རྣམ་སྨིན་ལ་ལོངས་སྤྱོད་པའི་འགྲོ་བ། དབྱེ་ན་ངན་སོང་གསུམ་གྱི་དམྱལ་བའི་མཚན་ཉིད། མི་དགེ་བ་ཆེན་པོས་འཕངས་པའི་རྣམ་སྨིན་ལ་ལོངས་སྤྱོད་པའི་འགྲོ་བ། དབྱེ་ན་བཅོ་བརྒྱད་དོ། །ཡི་དྭགས་ཀྱི་མཚན་ཉིད། མི་དགེ་བ་འབྲིང་གིས་འཕངས་པའི་རྣམ་སྨིན་ལ་ལོངས་སྤྱོད་པའི་འགྲོ་བ། དབྱེ་ན་གསུམ་མམ་སོ་དྲུག་གོ །དུད་འགྲོའི་མཚན་ཉིད། མི་དགེ་བ་ཆུང་ངུས་འཕངས་པའི་རྣམ་སྨིན་ལ་ལོངས་སྤྱོད་པའི་འགྲོ་བ། དབྱེ་ན་གཉིས་སོ། །བདེ་འགྲོའི་མཚན་ཉིད། དགེ་བས་འཕངས་པའི་རྣམ་སྨིན་ལ་ལོངས་སྤྱོད་པའི་འགྲོ་བ། དབྱེ་ན་ལྔ་སྟེ། མི་དང༌། ལྷ་མ་ཡིན་དང༌། འདོད་ལྷ་དང༌། གཟུགས་ཁམས་དང༌། གཟུགས་མེད་ཁམས་ཀྱི་ལྷའོ། །མིའི་མཚན་ཉིད། བསོད་ནམས་ཀྱི་ལས་ཆུང་ངུས་འཕངས་པའི་རྣམ་སྨིན་ལ་ལོངས་སྤྱོད་པའི་འགྲོ་བ། དབྱེ་ན་བཞིའམ་བརྒྱད་དོ། །གཉིས་པའི་མཚན་ཉིད། བསོད་ནམས་ཀྱི་ལས་འབྲིང་གིས་འཕངས་པའི་རྣམ་སྨིན་ལ་ལོངས་སྤྱོད་པའི་འགྲོ་བ། ཡང་ན་འདོད་པའི་བདེ་འགྲོ་གང་ཞིག་འདོད་ལྷ་འོག་གཉིས་ཀྱི་དགྲ་ཟླར་གྱུར་པ། དབྱེ་ན། གནས་བཞིའི་དབྱེ་བས་བཞིའོ། །འདོད་ལྷའི་མཚན་ཉིད། བསོད་ནམས་ཀྱི་ལས་ཆེན་པོས་འཕངས་པའི་རྣམ་སྨིན་ལ་ལོངས་སྤྱོད་པའི་འགྲོ་བ། དབྱེ་ན་དྲུག་གོ །བཞི་པའི་མཚན་ཉིད། མི་གཡོ་བའི་ལས་ཀྱིས་འཕངས་པའི་རྣམ་སྨིན་ལ་ལོངས་སྤྱོད་པའི་འགྲོ་བ་གང་ཞིག གཟུགས་ལ་འདོད་ཆགས་དང་མ་བྲལ་བ། དབྱེ་ན་བཅུ་བདུན་ནོ། །ལྔ་པའི་མཚན་ཉིད། གང་ཞིག་གཟུགས་ལ་འདོད་ཆགས་དང་བྲལ་བ། དབྱེ་ན་བཞིའོ། །སྡུག་བསྔལ་གྱི་སྐབས་ཡིན་པས་བདེ་འགྲོ་རྣམས་ཀྱང་འཁོར་བ་པའི་དབང་དུ་བྱས་པའི་མཚན་ཉིད་དོ། །མ་དག་པའི་སྣོད་ཀྱི་འཇིག་རྟེན་གྱི་མཚན་ཉིད། ཐུན་མོང་བའི་ལས་ཟག་བཅས་ཀྱི་བདག་འབྲས་གང་ཞིག་རྒྱུད་ཀྱིས་མ་བསྡུས་པར་སྣང་བའི་ཕུང་པོ། དམིགས་བསལ་དག་པའི་འཇིག་རྟེན་གྱི་མཚན་ཉིད། ཁམས་གསུམ་གང་གིས་ཀྱང་མ་བསྡུས་པའི་སངས་རྒྱས་ཀྱི་ཞིང༌། དབྱེ་ན་གཉིས་ཀྱི། སྣོད་ཀྱི་མཚན་ཉིད། རིན་པོ་ཆེའི་རང་བཞིན་གྱི་ཞིང་གང་ཞིག་ལས་ཟག་མེད་ཀྱི་དབང་འབྲས། བཅུད་ཀྱི་མཚན་ཉིད། འཁོར་བ་པ་མིན་པའི་འཕགས་པའི་གང་ཟག ཡང་སྡུག་བསྔལ་བརྒྱད་ཀྱི་སྐྱེ་བ་སྡུག་བསྔལ་གྱི་མཚན་ཉིད། དོགས་པ་སོགས་ཀྱི་སྒོ་ནས་སྡུག་བསྔལ་གྱི་རྒྱུར་གྱུར་པ། རྒས་པ་སྡུག་བསྔལ་གྱི། ན་ཚོད་འགྱུར་བའི་སྒོ་ནས་སྡུག་བསྔལ་གྱི་རྒྱུར་གྱུར་པ། མི་སྡུག་པ་དང་ཕྲད་པ་སྡུག་བསྔལ་གྱི། ཡིད་དུ་མི་འོང་བ་དང་ཕྲད་པའི་སྒོ་ནས་སྡུག་བསྔལ་གྱི་རྒྱུར་གྱུར་པ། སྡུག་པ་དང་བྲལ་བ་སྡུག་བསྔལ་གྱི། ཡིད་དུ་འོང་བ་དང་བྲལ་བའི་སྒོ་ནས་སྡུག་བསྔལ་གྱི་རྒྱུར་གྱུར་པ། འདོད་པ་བཙལ་ཏེ་མ་རྙེད་པའི་སྡུག་བསྔལ་གྱི། རེ་བ་མ་གྲུབ་པས་སྡུག་བསྔལ་གྱི་རྒྱུར་གྱུར་པ། མདོར་ན་ཉེར་ལེན་གྱི་ཕུང་པོ་སྡུག་བསྔལ་གྱི་མཚན་ཉིད། གནས་ངན་ལེན་གྱི་སྒོ་ནས་སྡུག་བསྔལ་གྱི་རྒྱུར་གྱུར་པ། ཡང་སྡུག་བསྔལ་གཉིས་ཀྱི་ཀུན་རྫོབ་ཀྱི་བདེན་པར་སྡུག་བསྔལ་བའི་མཚན་ཉིད། བྱིས་པས་ཀྱང་མི་འདོད་པའི་རང་བཞིན་དུ་ཤེས་པར་ནུས་པ། དམ་པའི་དོན་གྱི་བདེན་པར་སྡུག་བསྔལ་བའི་མཚན་ཉིད། འཕགས་པ་ཁོ་ནས་མི་འདོད་པའི་རང་བཞིན་དུ་ཤེས་པའི་ཟག་བཅས། སྡུག་བསྔལ་སྤྱིའི་མཚན་ཉིད། མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་ཀྱི་རྣམ་པར་རྣལ་འབྱོར་པས་བསྒོམ་བྱ། མི་རྟག་པའི་མཚན་ཉིད། སྐད་ཅིག་མ། ཡང་ན་སྐྱེ་འཇིག་གི་ངང་ཅན། སྡུག་བསྔལ་གྱི་མཚན་ཉིད། མི་འདོད་པའི་ངང་ཅན་དུ་ཤེས་བྱ། ཡང་ན་ཟག་པ་དང་བཅས་པས་འཕགས་པ་རྣམས་དང་མི་མཐུན་པ། སྟོང་པའི་མཚན་ཉིད། བདག་དོན་གཞན་གྱིས་སྟོང་པ། དབྱེ་ན་གང་ཟག་དང་ཆོས་ཀྱི་བདག་གི་སྟོང་པ་གཉིས་ཀྱི་དང་པོའི་མཚན་ཉིད་གང་ཞིག་བདག་དོན་གཞན་གྱིས་སྟོང་པ། གཉིས་པའི་མཚན་ཉིད། ཆོས་ཀྱི་བདག་ཏུ་བཏགས་པའི་ཀུན་བཏགས་ཀྱིས་སྟོང་པ། འདིར་སྟོང་པ་གསུམ་གྱི་མེད་པའི་སྟོང་པའམ་རང་སྟོང་ཀུན་བཏགས་ཀྱི་མཚན་ཉིད་སྔར་བཞིན་ཏེ། དབྱེ་ན་གང་ཟག་དང་ཆོས་སུ་བཏགས་པ་གཉིས་སམ། ངོ་བོ་དང་ཁྱད་པར་དུ་བཏགས་པ་གཉིས་སོ། །འདི་རྟོག་བྱེད་ཀྱི་བློའི་ཡུལ་དུ་གྲུབ་པས་ཐ་སྙད་དུ་ཡོད་ཅིང༌། བཏགས་པ་ལྟར་དུ་རྫས་སུ་མེད་པས་དོན་ལ་མེད་དོ། །དེ་བཞིན་དུ་ཡོད་པ་མིན་པའི་སྟོང་ཉིད་དམ་གཞན་སྟོང་གཞན་དབང་ལ་འཇོག་ཚུལ་གཉིས་ཀྱི་ཡང་དག་མིན་རྟོག་གཞན་དབང་གི་མཚན་ཉིད། གང་ཟག་གམ་ཆོས་སུ་སྣང་བའི་གཉིས་སྣང་གི་ཤེས་པ། དབྱེ་ན་མ་དག་གཞན་དབང་གཉིས་སུ་སྣང་བ་ལྟར་ཞེན་པ་དང་བཅས་པའི་ཤེས་པ། དག་པ་གཞན་དབང་གཉིས་སུ་སྣང་ཡང་ཞེན་པ་མེད་པའི་ཤེས་པ་གཉིས་སོ། །འདི་ནི་རིགས་པས་ཀྱང་དཔྱད་བཟོད་པའི་རྫས་ཡིན་པའི་ཆ་ནས་དོན་དམ་དང༌། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པའི་ཆ་ནས་ཀུན་རྫོབ་བོ། །རྐྱེན་གཞན་དབང་གི་མཚན་ཉིད། རྒྱུ་རྐྱེན་ལས་སྐྱེས་པ། དབྱེ་ན་འདུས་བྱས་ཟག་བཅས་དང༌། ཟག་མེད་གཉིས་སོ། །དེ་ལྟར་གཞན་དབང་ཀུན་བཏགས་ཀྱིས་སྟོང་པའི་གཞན་སྟོང་ཡིན་གྱི། རང་གི་ངོ་བོས་སྟོང་པའི་རང་སྟོང་ནི་མིན་ནོ། །སྟོང་པའི་རང་བཞིན་ཡོངས་གྲུབ་ཀྱི་མཚན་ཉིད། བདག་གིས་སྟོང་པའི་དབྱིངས། དབྱེ་ན་རང་བཞིན་གྱིས་དང་རྣམ་དག་གིས་ཡོངས་སུ་གྲུབ་པ་གཉིས་སོ། །ཡང་ན་ཡོངས་གྲུབ་ཀྱི་མཚན་ཉིད། འཕགས་པའི་མཉམ་གཞག་གི་ཡུལ་དུ་གྲུབ་པ། དབྱེ་ན་གཉིས་ཀྱི། འགྱུར་མེད་ཡོངས་གྲུབ་ཀྱི་མཚན་ཉིད། སྔར་བཞིན་ཏེ་འཕགས་པའི་མཉམ་གཞག་གི་ཡེ་ཤེས་ཀྱི་དོན་དམ་པའི་ཚུལ་གྱིས་རྟོགས་ཅིང་རང་གི་ཆོས་ཅན་གཞན་དབང་དང་ཟུང་དུ་འཇུག་གི་ཕན་ཚུན་མི་སྟོང་ངོ༌། །དེས་ན་སྟོང་གཞི་གཞན་དབང་དང་སྟོང་བྱ་ཀུན་བཏགས་དང་སྟོང་པའི་ངོ་བོར་འགྱུར་མེད་ཡོངས་གྲུབ་བོ། །ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཀྱི་མཚན་ཉིད། བདག་ཏུ་མི་སྣང་བའི་ཡེ་ཤེས། ཡུལ་གྱི་གནས་ལུགས་བདག་མེད་པ་ལྟར་བློ་ལའང་བདག་ཏུ་མི་སྣང་བས་ཕྱིན་ཅི་མ་ལོག་པ་དང༌། སྒྲིབ་པའི་ཀུན་རྫོབ་ཀྱང་མིན་གྱི། འཕགས་པའི་མཉམ་གཞག་གིས་རང་རིག་པའི་ཚུལ་གྱིས་རྟོགས་པའི་དོན་དམ་ཉིད་ཡིན་པས་ཡོངས་གྲུབ་བོ། །བདག་མེད་ཀྱི་མཚན་ཉིད། རང་གི་ངོ་བོར་གྱུར་པའི་བདག་མེད་པ། འདིར་སྲིད་པ་བཞིའི་སྐྱེ་སྲིད་ཀྱི་མཚན་ཉིད། འགྲོ་བར་ཉིང་མཚམས་སྦྱོར་བའི་སྐད་ཅིག་གི་སྲིད་པ། སྔོན་དུས་ཀྱི་སྲིད་པའི་མཚན་ཉིད། འགྲོ་བར་སྐྱེས་ནས་མི་འཆིའི་བར་གྱི་སྲིད་པ། འཆི་སྲིད་ཀྱི་མཚན་ཉིད། འགྲོ་བའི་སྲོག་ཆད་པའི་སྐད་ཅིག་གི་སྲིད་པ། བར་སྲིད་ཀྱི་མཚན་ཉིད། འགྲོ་བ་ནས་ཤི་ནས་འགྲོ་བར་ཉིང་མཚམས་སྦྱོར་བའི་བར་གྱི་སྲིད་པ། སྐྱེ་གནས་བཞིའི་སྒོང་སྐྱེས་ཀྱི་མཚན་ཉིད། སྒོ་ངར་ནང་གི་དབང་པོ་རིམ་གྱིས་གྲུབ་པའི་སྒོ་ནས་སྐྱེ་བ། མངལ་སྐྱེས་ཀྱི། སྒོ་ང་ལ་མ་ལྟོས་པར་མངལ་དུ་དབང་པོ་རིམ་གྱིས་གྲུབ་པའི་སྒོ་ནས་སྐྱེ་བ། དྲོད་གཤེར་སྐྱེས་ཀྱི། མངལ་དང་སྒོ་ང་ལ་མ་ལྟོས་པར་ཕྱིའམ་ནང་གི་དྲོད་གཤེར་ལས་དབང་པོ་རིམ་གྱིས་གྲུབ་པའི་སྒོ་ནས་སྐྱེ་བ། བརྫུས་སྐྱེས་ཀྱི། སྐྱེ་གནས་སུ་ཉིང་མཚམས་སྦྱར་ཙམ་གྱིས་ནང་གི་སྐྱེ་མཆེད་དྲུག་གཅིག་ཅར་གྲུབ་པའི་སྒོ་ནས་སྐྱེ་བ། ཀུན་འབྱུང་བདེན་པའི་མཚན་ཉིད། རང་འབྲས་སྡུག་བསྔལ་སྐྱེད་བྱེད་བསྟན་པ་དང་མཐུན་པ། དབྱེ་ན་ལས་ཉོན་གཉིས་ཀྱི་ཉོན་མོངས་ལ་རྣམ་གྲངས་ཉེར་བཞིའི་ཀུན་སྦྱོར་གྱི་མཚན་ཉིད། སྡུག་བསྔལ་ལ་ཀུན་ཏུ་སྦྱོར་བར་བྱེད་པའི་ཉོན་མོངས། དབྱེ་ན་དགུའོ། །འཆིང་བའི། དགེ་བ་ལ་སྦྱོར་བ་ན་འདོད་དགུར་བྱེད་པ་མི་འཐོབ་པའི་ཉོན་མོངས། དབྱེ་ན་གསུམ་མོ། །བག་ལ་ཉལ་གྱི། ཉོན་མོངས་པའི་བག་ཆགས་སུ་གྱུར་པའི་གནས་ངན་ལེན། དབྱེ་ན་བདུན་ནོ། །ཉེ་ཉོན་གྱི། སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་སེམས་བྱུང༌། དབྱེ་ན་རྩ་ཉོན་དང་ཉེ་ཉོན་གཉིས་སོ། །ཀུན་དཀྲིས་ཀྱི། དགེ་བའི་བར་ཆད་བྱ་བའི་ཕྱིར་ཡང་ཡང་སེམས་ཀུན་ནས་འཁྲི་བར་བྱེད་པའི་ཉོན་མོངས། དབྱེ་ན་བརྒྱད་དོ། །ཆུ་བོའི། སྲིད་པའི་རྒྱུན་ཕྱོགས་སུ་འཁྱེར་བར་བྱེད་པའི་ཉོན་མོངས། དབྱེ་ན་བཞིའོ། །སྦྱོར་བའི། སྤང་བྱ་དང་འབྲལ་བའི་བར་དུ་གཅོད་པའི་ཉོན་མོངས། དབྱེ་ན་བཞིའོ། །ཉེར་ལེན་གྱི། ཡང་སྲིད་ཉེ་བར་ལེན་པར་བྱེད་པའི་ཉོན་མོངས། དབྱེ་ན་བཞིའོ། །མདུད་པའི། དཀྲོལ་དཀའ་བས་མཉམ་གཞག་གི་བར་དུ་གཅོད་པའི་ཉོན་མོངས། དབྱེ་ན་བཞིའོ། །སྒྲིབ་པའི། བསླབ་པ་གསུམ་ལ་སྒྲིབ་པར་བྱེད་པའི་ཉོན་མོངས། དབྱེ་ན་ལྔའོ། །ཐ་བའི། གཉེན་པོའི་ཐོང་ཤོལ་གྱི་ས་གློག་དཀའ་བའི་ཉོན་མོངས། དབྱེ་ན་གསུམ་མོ། །དྲི་མའི། འཆལ་ཚུལ་གྱི་སྒོ་ནས་མི་གཙང་བར་ཡིད་ཆེས་པའི་རྒྱུར་གྱུར་པའི་ཉོན་མོངས། དབྱེ་ན་གསུམ་མོ། །སྡིག་པའི། འཁོར་བར་ཡང་ཡང་སྐྱེ་འཆིའི་ཚུལ་གྱིས་གནོད་པ་བྱེད་པའི་ཉོན་མོངས། དབྱེ་ན་གསུམ་མོ། །ཟུག་རྔུའི། མཆོག་གསུམ་དང་བདེན་བཞི་ལ་ཐེ་ཚོམ་གྱི་སྒོ་ནས་གདུང་བར་བྱེད་པའི་ཉོན་མོངས། དབྱེ་ན་གསུམ་མོ། །ཅི་ཡང་གི འཇིགས་འཁོན་དང་བཅས་ཤིང་གཡེང་བ་མང་པོའི་རྒྱུ་བྱེད་པའི་ཉོན་མོངས། དབྱེ་ན་གསུམ་མོ། །ཉེས་སྤྱོད་གྱི། སྒོ་གསུམ་གྱི་ཉེས་སྤྱོད་འདྲེན་པར་བྱེད་པའི་ཉོན་མོངས། དབྱེ་ན་གསུམ་མོ། །རྩ་བའི། མི་དགེ་བའི་རྩ་བར་གྱུར་པའི་ཉོན་མོངས། དབྱེ་ན་གསུམ་མོ། །ཟག་པའི། སེམས་རྣམ་པར་འཕྲོ་བར་ཟག་པར་བྱེད་པའི་ཉོན་མོངས། དབྱེ་ན་གསུམ་མོ། །ཕོངས་པའི། ལུས་སེམས་ལ་ཕུངས་པའི་སྒོ་ནས་གནོད་པ་བྱེད་པའི་སེམས་བྱུང༌། དབྱེ་ན་གསུམ་མོ། །ཡོངས་གདུང་གི ཚུལ་མིན་དུ་འཛིན་པས་ལུས་སེམས་གདུང་བར་བྱེད་པའི་སེམས་བྱུང༌། དབྱེ་ན་གསུམ་མོ། །འཁྲུག་པའི། མྱ་ངན་སོགས་ཀྱི་སེམས་ཅན་རྣམས་ཉོན་མོངས་པར་བྱེད་པའི་སེམས་བྱུང༌། དབྱེ་ན་གསུམ་མོ། །འཐབ་པའི། འཐབ་རྩོད་ཀྱི་རྒྱུར་གྱུར་པའི་ཉོན་མོངས། དབྱེ་ན་གསུམ་མོ། །རིམས་ནད་ཀྱི། ཡོངས་གདུང་ཆེན་པོ་བྱེད་པའི་ཉོན་མོངས། དབྱེ་ན་གསུམ་མོ། །ནགས་སྦྱོར་གྱི། སྐྱེ་བའི་རྩ་བ་འདུ་བྱེད་ཀྱི་ནགས་ཚལ་ལ་ཆགས་པར་བྱེད་པའི་ཉོན་མོངས། དབྱེ་ན་གསུམ་མོ། །གེགས་ཀྱི། དགེ་བ་ལ་སྦྱོར་བའི་གེགས་བྱེད་པའི་ཉོན་མོངས། རིས་ལ་གཉིས་ཀྱི། མཐོང་སྤངས་ཉོན་མོངས་ཀྱི། སེམས་རབ་ཏུ་མ་ཞི་བར་བྱེད་པ་ཀུན་བཏགས་སུ་གྱུར་པ། དབྱེ་ན་ཆགས་སོགས་ཉོན་མོངས་བཅུས་བདེན་བཞི་སོ་སོ་ལ་ལོག་པར་ཞུགས་པའི་མཐོང་སྤངས་འདོད་ཁམས་ན་བཞི་བཅུ་དང༌། ཁམས་གོང་མ་གཉིས་ན་ཁོང་ཁྲོ་བཞི་བཞི་མེད་པས་སོ་དྲུག་སྟེ་བརྒྱ་རྩ་བཅུ་གཉིས། སྒོམ་སྤངས་ཉོན་མོངས་ཀྱི། གེགས་བྱེད་པ་ལྷན་སྐྱེས་སུ་གྱུར་པ་རབ་ཏུ་མ་ཞི་བ། དབྱེ་ན། འདོད་ཁམས་ན། འཇིགས་ལྟ་དང་མཐར་ལྟ་ལྷན་སྐྱེས་གཉིས་དང༌། ཆགས་ཁྲོ་གཉིས་དང༌། ང་རྒྱལ་དང༌། མ་རིག་པ་སྟེ་དྲུག་དང༌། གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་པ་ལྔ་ལྔ་སྟེ་བཅུ་དྲུག་གོ །དེ་རྣམས་ལ་ས་དགུ་དང་ཆེ་འབྲིང་དགུས་ཕྱེ་ན་ཁོང་ཁྲོ་དགུ་དང༌། ལྔ་ལ་བརྒྱད་ཅུ་རྩ་གཅིག་རེ་སྟེ་བཞི་བརྒྱ་བཅུ་བཞིའོ། །ལས་ཀྱི་ཀུན་འབྱུང་གི་མཚན་ཉིད། རང་རྒྱུ་ཉོན་མོངས་པའི་དབང་གིས་བྱུང་བའི་ལས། དབྱེ་ན་སེམས་པ་དང་བསམ་པའི་ལས་གཉིས་ཏེ། དེ་དག་བྱེ་བྲག་སྨྲ་བས། ཡིད་ཀྱི་སྐྱེ་མཆེད་དང་མཚུངས་ལྡན་ཀྱི་སེམས་པ་དང༌། དེས་ཀུན་ནས་བསླང་བའི་ལུས་ངག་གི་ལས་གཟུགས་ཅན་དུ་འདོད་ལ། མདོ་སྡེ་པ་ནི། ལུས་ངག་བེམ་པོ་ལས་མིན་གྱི་སེམས་པ་ཁོ་ན་ལས་ཡིན་པས་དེ་དག་ཡིད་འཇུག་པར་བྱེད་པའི་སེམས་པ་དང༌། ལུས་ངག་འཇུག་པར་བྱེད་པའི་སེམས་པ་ལ་འདོད་དོ། །སེམས་ཙམ་པའང་ལས་མཚན་ཉིད་པ་སེམས་པ་ལ་འདོད་ཅིང༌། འདིར་སེམས་པའི་ལས་ལ་བསོད་ནམས་སོགས་གསུམ་དང༌། བསམ་པའི་ལས་ལའང་སྒོ་གསུམ་གྱི་ལས་གསུམ་བཤད་པ་ནི་ཕན་ཚུན་མཚོན་པ་ཡིན་པས་དེ་དག་རེ་རེ་ལའང་སྒོ་གསུམ་གྱི་ལས་གསུམ་གསུམ་ཡོད་པས་སེམས་པའི་ལས་ཀྱི་མཚན་ཉིད། དགེ་བའམ་མི་དགེ་བ་ལས་སེམས་མངོན་པར་འདུ་བྱེད་པའི་སེམས་པ་རྒྱུའི་ཀུན་སློང་གིས་བསྡུས་པ། དབྱེ་ན་བསོད་ནམས་སོགས་གསུམ་གྱི་ཆའོ། །བསམ་པའི་ལས་ཀྱི། དགེ་བའམ་མི་དགེ་བ་ལ་སྒོ་གསུམ་གང་རུང་འཇུག་པར་བྱེད་པའི་སེམས་པ་དུས་ཀྱིས་ཀུན་སློང་གིས་བསྡུས་པ། དབྱེ་ན་སྒོ་གསུམ་གྱི་ལས་གསུམ་གྱི་ཆའོ། །ལུས་ཀྱི་ལས་ཀྱི། དགེ་བའམ་མི་དགེ་བ་ལ་སྒོ་གསུམ་གང་རུང་འཇུག་པར་བྱེད་པའི་སེམས་པ། ངག་གི་ལས་ཀྱི། དགེ་བའམ་མི་དགེ་བ་ལ་ངག་འཇུག་པར་བྱེད་པའི་སེམས་པ། ཡིད་ཀྱི་ལས་ཀྱི། དགེ་བའམ་མི་དགེ་བ་ལ་འཇུག་པའི་ཡིད་ཙམ་དང་མཚུངས་པར་ལྡན་ཞིང་ལུས་ངག་གང་ཡང་འཇུག་པར་མི་བྱེད་པའི་སེམས་པ། དེ་གསུམ་ལ་སེམས་པ་དང་བསམ་པའི་ལས་གཉིས་གཉིས་ཡོད་པར་མངོན་ཞིང༌། དགེ་མི་དགེ་གཉིས་གཉིས་སུ་ཡོད་དེ། དེའང་སྐབས་འདིར་བསྟན་གྱི་དབང་དུ་བྱས་སོ། །སྤྱིར་སྒོ་གསུམ་གྱི་ལུང་མ་བསྟན་གྱི་ལས་ཀྱང་ཡོད་པས་དེ་ལྟ་ན་མཚན་ཉིད་ཀྱི་ཟུར་གྱི་དགེ་མི་དགེ་ཅེས་སོགས་ཀྱི་ཚིག་ཟུར་དོར་རོ། །དགེ་བའི་ལས་ལམ་བཅུའི་སྲོག་གཅོད་སྤོང་བའི་ལས་ལམ་གྱི་མཚན་ཉིད། སྲོག་གཅོད་སྤོང་བའི་ལུས་འཇུག་པར་བྱེད་པའི་སེམས་པ། དེ་བཞིན་དུ་སྦྱར་ཏེ། མ་བྱིན་ལེན་སྤོང་བའི། མ་བྱིན་ལེན་སྤོང་པའི་ལུས་འཇུག་པར་བྱེད་པའི་སེམས་པ། འདོད་ལོག་སྤོང་བའི་བསྒྲེའོ། །རྫུན་སོགས་བཞི་སྤོང་བའི་རིམ་པ་ལྟར་རྫུན་སྤོང་བ་དང༌། ཕྲ་མ་དང་ངག་རྩུབ་དང་ཚིག་འཁྱལ་སྤོང་བའི་ངག་འཇུག་པར་བྱེད་པའི་སེམས་པ། ཡིད་ཀྱི་དགེ་བའི་ལས་གསུམ་གྱི་རིམ་པ་ལྟར། མ་ཆགས་པ་དང་བྱམས་པ་དང་ཡང་དག་པའི་ལྟ་བ་དང་ལྷན་ཅིག་པའི་སེམས་པ། མི་དགེ་བའི་ལས་ལམ་བཅུའི་སྲོག་གཅོད་པའི་ལས་ལམ་གྱི་མཚན་ཉིད། ཉོན་མོངས་ཅན་གྱི་སེམས་ཀྱིས་བསམ་བཞིན་དུ་མ་ནོར་བར་གཞན་བསད་པའི་ལུས་འཇུག་པར་བྱེད་པའི་སེམས་པ། དེ་བཞིན་དུ་སྦྱར་ཏེ། མ་བྱིན་ལེན་གྱི། ཉོན་མོངས་ཅན་གྱི་སེམས་ཀྱིས་གཞན་གྱི་ནོར་མཐུའམ་འཇབ་བུས་མ་ནོར་བར་བདག་གིར་བྱེད་པའི་ལུས་འཇུག་པར་བྱེད་པའི་སེམས་པ། འདོད་ལོག་གི ཉོན་མོངས་ཅན་གྱི་སེམས་ཀྱིས་བགྲོད་བྱ་མིན་པ་ལ་མ་ནོར་བར་རང་གིས་བགྲོད་པའི་ལུས་འཇུག་པར་བྱེད་པའི་སེམས་པ། རྫུན་གྱི། འདུ་ཤེས་བསྒྱུར་ཏེ་མི་བདེན་པའི་དོན་ཉོན་མོངས་ཅན་གྱིས་གོ་བར་བརྗོད་པའི་ངག་འཇུག་པར་བྱེད་པའི་སེམས་པ། ཕྲ་མའི། ཕ་རོལ་དབྱེ་བའི་ཆེད་དུ་ཉོན་མོངས་ཅན་གྱིས་གོ་བར་བརྗོད་པའི་ངག་འཇུག་པར་བྱེད་པའི་སེམས་པ། ངག་རྩུབ་ཀྱི། ཉོན་མོངས་ཅན་གྱིས་གོ་བར་གཞན་གྱི་ཞེ་འགེམས་པའི་ངག་འཇུག་པར་བྱེད་པའི་སེམས་པ། ངག་འཁྱལ་གྱི། ཉོན་མོངས་ཅན་གྱི་ངག་འཇུག་པར་བྱེད་པའི་སེམས་པ། བརྣབ་སེམས་ཀྱི། ལོག་པས་གཞན་གྱི་ནོར་ལ་ཆགས་པའི་འདོད་ཆགས་དང་ལྷན་ཅིག་པའི་སེམས་པ། གནོད་སེམས་ཀྱི། སེམས་ཅན་ལ་སྡང་བའི་ཞེ་སྡང་དང་ལྷན་ཅིག་པའི་སེམས་པ། ལོག་ལྟའི་ལས་ལམ་གྱི་མཚན་ཉིད། རྒྱུ་འབྲས་ལ་སྐུར་པ་འདེབས་པའི་ལྟ་བ་དང་ལྷན་ཅིག་པའི་སེམས་པ། བསམ་བཞིན་པ་ལས་གྱུར་པའི་ལས་ཀྱི་མཚན་ཉིད། བློ་སྔོན་དུ་བཏང་ནས་བྱས་པའི་ལས། དབྱེ་ན་ལྔའམ་དགེ་མི་དགེ་གཉིས་སོ། །ཡང་ལས་མུ་བཞིའི་བྱས་ཤིང་བསགས་པའི་ལས་ཀྱི། ལུས་སམ་ངག་གི་ལས་དངོས་སུ་སྤྱད་ཅིང་རྣམ་སྨིན་གྱི་བག་ཆགས་འཕེལ་བའི་ལས། མ་བྱས་ཀྱང་བསགས་པའི་ལས་ཀྱི། ལུས་ངག་གི་དངོས་སུ་མ་སྤྱད་ཀྱང་ཡིད་ཀྱིས་སྤྱད་པས་སེམས་རྒྱུད་ལ་རྣམ་སྨིན་གྱི་བག་ཆགས་འཕེལ་བའི་ལས། བྱས་ཀྱང་མ་བསགས་པའི་ལས་ཀྱི་མཚན་ཉིད། ལུས་སམ་ངག་གིས་དངོས་སུ་སྤྱད་ཀྱང་རྣམ་སྨིན་མྱོང་བར་མ་ངེས་པའི་ལས། མ་བྱས་ཤིང་མ་བསགས་པའི་ལས་ཀྱི། ལུས་ངག་གིས་ཀྱང་མ་སྤྱད་ཅིང་རྒྱུད་ལ་རྣམ་སྨིན་འཕེལ་བ་མིན་པའི་ལས། ཡང་ལས་གཉིས་ཀྱི་འཕེན་བྱེད་ཀྱི་ལས་ཀྱི། རྣམ་སྨིན་འཕེན་བྱེད་ཀྱི་ལས། རྫོགས་བྱེད་ཀྱི་ལས་ཀྱི། འཕེན་བྱེད་ཀྱིས་འཕངས་པ་འདོད་པའམ་མི་འདོད་པ་མྱོང་བྱེད་ཀྱི་ལས། ཡང་ལས་གསུམ་གྱི་བསོད་ནམས་ཀྱི་ལས་ཀྱི། འདོད་ཁམས་ཀྱི་རྣམ་སྨིན་འཕེན་པའམ་རྫོགས་བྱེད་ཀྱི་དགེ་བ་ཀུན་ནས་སློང་བའི་སེམས་པ། བསོད་ནམས་མིན་པའི་ལས་ཀྱི། མི་དགེ་བ་ཀུན་ནས་སློང་བྱེད་ཀྱི་སེམས་པ། མི་གཡོ་བའི་ལས་ཀྱི་མཚན་ཉིད། ཁམས་གོང་མའི་རྣམ་སྨིན་འཕེན་པའམ་རྫོགས་བྱེད་ཀྱི་དགེ་བ་ཀུན་ནས་སློང་བའི་སེམས་པ། དེ་གསུམ་ལ་སེམས་པ་དང་བསམ་པའི་ལས་གཉིས་གཉིས་ཡོད་དོ། །ཡང་ལས་བཞིའི་ལས་ཐུན་མོང་བའི། གཙོ་བོར་སྣོད་ཀྱི་འཇིག་རྟེན་གྲུབ་པའི་ལས། ལས་ཐུན་མོང་མིན་པའི། སེམས་ཅན་གྱི་འཇིག་རྟེན་འཕེན་པའི་ལས། ལས་སྟོབས་ལྡན་གྱི་མཐུ་ཆེ་བའི་ལས། སྟོབས་དང་མི་ལྡན་པའི་ལས་ཀྱི། མཐུ་ཆུང་བའི་ལས། ཡང་ལས་གསུམ་གྱི་སྡོམ་པའི་ལས་ཀྱི། སྡིག་པ་སྤོང་པའི་ཚུལ་ཁྲིམས། སྡོམ་མིན་གྱི་ལས་ཀྱི། བྱ་བ་མིན་པ་ལ་མཐའ་གཅིག་ཏུ་ཞུགས་པའི་སེམས་པ། བར་མའི་ལས་ཀྱི་མཚན་ཉིད། སྡོམ་པ་དང་སྡོམ་མིན་གང་ཡང་མིན་ཞིང་དགེ་མི་དགེ་གང་རུང་ཡིན་པ། སྡོམ་པ་ལ་དབྱེ་ན། སོ་ཐར་དང༌། བསམ་གཏན་དང༌། ཟག་མེད་ཀྱི་སྡོམ་པ་གསུམ་གྱི་དང་པོའི་མཚན་ཉིད། ངེས་འབྱུང་གི་བསམ་པས་ཟིན་པའི་འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས། དབྱེ་ན་བརྒྱད་ཀྱི། དགེ་སློང་ཕ་མའི་སྡོམ་པའི་མཚན་ཉིད་རིམ་པ་ལྟར། ལུས་ངག་གི་སྤང་བྱ་ཀུན་སྤོང་བས་ཁྱད་པར་དུ་བྱས་པའི་སོ་ཐར་གྱི་སྡོམ་པ་གང་ཞིག་སྐྱེས་པ་ལ་བརྟེན་པ་དང༌། བུད་མེད་ལ་བརྟེན་པ་དགེ་སློབ་མའི་སྡོམ་པའི་རྩ་བའི་ཆོས་དྲུག་དང་ཉེ་བའི་ཆོས་དྲུག་ལ་སློབ་པས་ཁྱད་པར་དུ་བྱས་པའི་སྡོམ་པ་གང་ཞིག་བུད་མེད་ལ་བརྟེན་པ་དང༌། དགེ་ཚུལ་ཕ་མའི་སྡོམ་པའི། རིམ་པ་ལྟར། ལུས་ངག་གི་སྤང་བྱ་བཅུ་གཙོ་བོར་སྤོང་བས་ཁྱད་པར་དུ་བྱས་པའི་སོ་ཐར་གྱི་སྡོམ་པ་གང་ཞིག་སྐྱེས་པ་ལ་བརྟེན་པ་དང༌། བུད་མེད་ལ་བརྟེན་པ། དགེ་བསྙེན་ཕ་མའི་སྡོམ་པའི། རིམ་པ་ལྟར་ལུས་ངག་གི་སྤང་བྱ་ལྔའི་བར་སྤོང་བས་ཁྱད་པར་དུ་བྱས་པའི་ཁྱིམ་པའི་སོ་ཐར་གྱི་སྡོམ་པ་གང་ཞིག སྐྱེས་པ་ལ་བརྟེན་པ་དང་བུད་མེད་ལ་བརྟེན་པ། བསྙེན་གནས་ཀྱི་སྡོམ་པའི། ལུས་ངག་གི་སྤང་བྱ་བརྒྱད་སྤོང་བས་ཁྱད་པར་དུ་བྱས་པའི་ཁྱིམ་པའི་ཕྱོགས་ཀྱི་སོ་ཐར་གྱི་སྡོམ་པ། དགེ་བསྙེན་ལ་དབྱེ་ན། སྐྱབས་གསུམ་འཛིན་པ་དང༌། སྣ་གཅིག་སྤྱོད་པ་དང༌། ཕྱོགས་འགའ་སྤྱོད་པ་དང༌། ཕལ་ཆེར་སྤྱོད་པ་དང༌། ཡོངས་སུ་རྫོགས་པ་དང༌། ཚངས་པར་སྤྱོད་པ་དང༌། གོ་མའི་དགེ་བསྙེན་ཏེ་བདུན་ནོ། །ཞར་བྱུང་ཟ་མའི་མཚན་ཉིད། ཕོ་མོའི་དབང་པོ་གང་ཡང་མེད་པས་སྡོམ་པའི་རྟེན་དུ་མི་རུང་བའི་མིའི་འགྲོ་བ། མ་ནིང་གི་མཚན་ཉིད། ཕོ་མོའི་དབང་པོ་མེད་པའམ་ཡོད་ཀྱང་དགའ་བའི་དོན་བྱེད་མི་ནུས་པས་སྡོམ་པའི་རྟེན་དུ་མི་རུང་བའི་མིའི་འགྲོ་བ། དབྱེ་ན་ལྔ་སྟེ། མངོན་པའི་ལུགས་ཡིན་གྱི་འདུལ་བར་གཞན་དུའང་གསུངས་སོ། །བསམ་གཏན་གྱི་སྡོམ་པའི། འཇིག་རྟེན་པའི་མཉམ་གཞག་ལས་སྐྱེས་པའི་གཟུགས་ན་སྤྱོད་པའི་ཚུལ་ཁྲིམས། དབྱེ་ན་ཟག་བཅས་ཀྱི་བསམ་གཏན་གྱི་ཉེར་བསྡོག་བཞི་དང་དངོས་གཞིའི་བཞི་སྟེ་བརྒྱད་ལས་སྐྱེས་བ་བརྒྱད་དམ་སྐྱེ་འཕགས་གཉིས་ཀྱི་རྒྱུད་ལ་ཡོད་པ་གཉིས་སོ། །ཟག་མེད་ཀྱི་སྡོམ་པའི། འཇིག་རྟེན་ལས་འདས་པའི་མཉམ་གཞག་ལས་སྐྱེས་པའི་ཟག་མེད་ཀྱི་ཚུལ་ཁྲིམས། དབྱེ་ན་ཟག་མེད་ཀྱི་བསམ་གཏན་ས་དྲུག་ལས་སྐྱེས་པ་དྲུག་གམ་ཐེག་པ་གསུམ་གྱི་འཕགས་པའི་རྒྱུད་ལ་ཡོད་པ་གསུམ་མོ། །ཡང་ལས་གསུམ་གྱི། བདེ་བ་མྱོང་འགྱུར་གྱི་ལས་ཀྱི་མཚན་ཉིད། ཚོར་བ་བདེ་བའི་ས་པའི་དགེ་བའི་ལས། སྡུག་བསྔལ་མྱོང་འགྱུར་གྱི་ལས་ཀྱི། ཚོར་བ་སྡུག་བསྔལ་གྱི་ས་པའི་མི་དགེ་བའི་ལས། བཏང་སྙོམས་མྱོང་འགྱུར་གྱི་ལས་ཀྱི། ཚོར་བ་བཏང་སྙོམས་ཁོ་ནའི་ས་པའི་དགེ་བའི་ལས། ཡང་གསུམ་གྱི། མཐོང་ཆོས་ལ་མྱོང་འགྱུར་གྱི་ལས་ཀྱི། ལས་བྱས་པའི་ཚེ་དེ་ཉིད་ལ་ལས་དེའི་འབྲས་བུ་མྱོང་བའི་ལས། སྐྱེས་ནས་མྱོང་འགྱུར་གྱི་ལས་ཀྱི། ལས་བྱས་པའི་འགྲོ་བ་ཕྱི་མ་ཕན་ཆད་ལ་ལས་དེའི་རྣམ་སྨིན་མྱོང་བའི་ལས། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཀྱི། ལས་བྱས་པའི་འགྲོ་བ་གཉིས་པ་ཕན་ཆད་ནས་བརྩམས་ཏེ་ལས་དེའི་རྣམ་སྨིན་མྱོང་བའི་ལས། ཡང་བཞིའི་ལས་དང་རྣམ་སྨིན་གཉིས་ཀ་གནག་པའི་ལས་ཀྱི། མི་དགེ་བའི་ལས། ལས་དང་རྣམ་སྨིན་གཉིས་ཀ་དཀར་བའི་ལས་ཀྱི། ཁམས་གསུམ་པའི་དགེ་བའི་ལས། ལས་དང་རྣམ་སྨིན་གཉིས་ཀ་འདྲེན་མའི་ལས་ཀྱི། འདོད་པའི་བསམ་སྦྱོར་དགེ་མི་དགེ་འདྲེན་མའི་ལས། མི་གནག་ཅིང་དཀར་ལ་རྣམ་པར་སྨིན་པར་མི་འགྱུར་ཞིང་ཟག་བཅས་ཀྱི་ལས་ཟད་པར་འགྱུར་བའི་ལས་ཀྱི་མཚན་ཉིད། སྤོང་གཉེན་གྱིས་བསྡུས་པའི་ཟག་མེད་ཀྱི་ལས། ཡང་སྦྱིན་ཁྲིམས་སྒོམ་གསུམ་ཡོན་ཉེས་རྟོག་གསུམ་དང་གཙང་བ་དང་ཐུབ་པ་པའི་སོགས་དུ་མ་ཡོད་དོ། །ཀུན་འབྱུང་སྤྱིའི་མཚན་ཉིད། རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་གྱི་རྣམ་པར་རྣལ་འབྱོར་བས་སྒོམ་བྱ། རྒྱུའི་མཚན་ཉིད། ཡང་སྲིད་ཀྱི་བག་ཆགས་འཇོག་པའི་བྱེད་རྒྱུ། ཀུན་འབྱུང་གི ལས་ཀྱི་བག་ཆགས་མཐུན་པར་བསགས་པ་རྣམས་འགྲོ་བ་རིས་མཐུན་པར་འབྱུང་བའི་བྱེད་རྒྱུ། རབ་སྐྱེའི། འགྲོ་བ་རིས་མཐུན་པ་རྣམས་ཀྱང་རྣམ་པ་སོ་སོ་ཐ་དད་པར་འབྱུང་བའི་བྱེད་རྒྱུ། རྐྱེན་གྱི་མཚན་ཉིད། ལུས་མ་ཐོབ་པ་འཐོབ་པ་དང༌། ཐོབ་པ་འདའ་བའི་བྱེད་རྒྱུ། འགོག་བདེན་གྱི་མཚན་ཉིད། དག་པ་གཉིས་ལྡན་གྱི་དབྱིངས་གང་ཞིག་བསྟན་པ་དང་མཐུན་པ། རང་རྒྱུ་ལམ་བདེན་གྱི་བྲལ་འབྲས་འདུས་མ་བྱས་གང་ཞིག་བསྟན་པ་དང་མཐུན་པ་ཞེས་པའང་རུང་ངོ༌། །འགོག་བདེན་ཙམ་ལ་དབྱེ་ན། གཉིས་ཀྱི་བརྡའི་འགོག་པའི། འཇིག་རྟེན་པའི་ལམ་གྱིས་སྤང་བྱའི་ས་བོན་ཉམས་སྨད་པས་ཐོབ་པའི་འགོག་པ། དོན་དམ་པའི་འགོག་པའི་མཚན་ཉིད། འཕགས་པའི་ཤེས་རབ་ཀྱིས་སྤང་བྱའི་ས་བོན་དྲུང་ཕྱུང་བའི་འགོག་པ། དེ་ལ་དབྱེ་ན་གཉིས་ཀྱི། ཡོངས་སུ་མ་རྫོགས་པའི་འགོག་པའི། འཕགས་པ་སློབ་པའི་འབྲས་བུར་བསྡུས་པའི་འགོག་པ། ཡོངས་སུ་རྫོགས་པའི་འགོག་བདེན་གྱི། མི་སློབ་པའི་འབྲས་བུར་བསྡུས་པའི་འགོག་པ། དེ་ལ་གཉིས་ཀྱི་རྒྱན་མེད་པའི་འགོག་བདེན་གྱི། དགྲ་བཅོམ་ཤེས་རབ་ཀྱིས་རྣམ་གྲོལ་གྱི་འབྲས་བུར་བསྡུས་པའི་འགོག་པ། རྒྱན་དང་བཅས་པའི་འགོག་བདེན་གྱི། དགྲ་བཅོམ་གཉིས་ཀའི་ཆ་ལས་རྣམ་གྲོལ་གྱི་འབྲས་བུར་བསྡུས་པའི་འགོག་པ། ཡང་གསུམ་གྱི་ལྷག་བཅས་ཀྱི་འགོག་བདེན་གྱི། ཉོན་མོངས་སྤངས་ཤིང་སྡུག་བསྔལ་གྱི་ཕུང་པོའི་ལྷག་མ་དང་བཅས་པའི་འགོག་པ། ལྷག་མེད་ཀྱི་འགོག་བདེན་གྱི། ཟག་བཅས་ཀུན་འགོག་པའི་ཐེག་དམན་གྱི་འགོག་པ། ཁྱད་པར་དུ་འཕགས་པའི་འགོག་བདེན་གྱི། སྲིད་ཞིའི་མཐའ་ལ་མི་གནས་པའི་འགོག་པ། འགོག་བདེན་སྤྱིའི་མཚན་ཉིད། འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་གི་རྣམ་པར་རྣལ་འབྱོར་པས་སྒོམ་བྱ། འགོག་པ་སོགས་བཞིའི་མཚན་ཉིད་རིམ་པ་ལྟར། ཉོན་མོངས་དང་བྲལ་བའི་དང༌། སྡུག་བསྔལ་དང་བྲལ་བའི་དང༌། གཙང་བ་དང་བདེ་བའི་དང༌། རྟག་པ་དང་ཕན་པའི་དབྱིངས། ལམ་བདེན་གྱི་མཚན་ཉིད། ཐར་པར་ཕྱིན་བྱེད་ཟག་མེད་བསྟན་པ་དང་མཐུན་པ། དབྱེ་ན་གསུམ་གྱི། ཉན་ཐོས་ཀྱི་ལམ་བདེན་གྱི། ཉན་ཐོས་ཀྱི་ཐར་པར་བྱིན་བྱེད་ཟག་མེད་བསྟན་པ་དང་མཐུན་པ། རང་རྒྱལ་དང་ཐེག་ཆེན་གྱི་ལམ་བདེན་ལ་བསྒྲེའོ། །ཡང་ཐར་ལམ་གྱི་མཚན་ཉིད། མྱོང་འདས་སུ་ཕྱིན་བྱེད་ཀྱི་ལམ། དབྱེ་ན་ཉན་རང་བྱང་སེམས་ཀྱི་ལམ་གསུམ་གྱི་མཚན་ཉིད་རིམ་པ་ལྟར། ཉན་ཐོས་དང་རང་རྒྱལ་དང་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དྲོད་མ་སྐྱེས་གོང་གི་མྱང་འདས་སུ་ཕྱིན་བྱེད་ཀྱི་ལམ། ཡང་ཆུང་འབྲིང་ཆེན་པོ་གསུམ་དང༌། སྐབས་སུ་གཏོགས་པ་དང༌། མོས་པ་ལས་གྱུར་པ་དང༌། ལྷག་པར་མོས་པ་ལས་གྱུར་པ་དང༌། ཐོས་པ་ལས་གྱུར་པ་སྟེ་བཞིའོ། །སྦྱོར་ལམ་གྱི་མཚན་ཉིད། ཐེག་པ་དང་སྒོམ་པ་པོ་རང་རང་གི་ཚོགས་ལམ་རྫོགས་ཀྱི་རྗེས་མཐོང་ལམ་མ་སྐྱེས་ཀྱི་སྔར་མྱང་འདས་སུ་ཕྱིན་བྱེད་ཀྱི་ལམ། དབྱེ་ན། ཐེག་པའི་སྦྱོར་ལམ་གསུམ་གྱི་མཚན་ཉིད་བསྒྲེའོ། །ཡང་དྲོད་སོགས་བཞི་དང༌། ཆུང་འབྲིང་ཆེན་པོ་གསུམ་དང༌། རྗེས་སུ་མཐུན་པ་བ་དང༌། ཁྱད་པར་བ་དང༌། རྟོགས་པ་བ་དང༌། ཡོངས་སུ་སྒྱུར་བ་པ་དང༌། སྐྱེ་བ་གཅིག་པ་བ་དང༌། སྟན་གཅིག་པ་བ་སྟེ་དྲུག་གོ །མཐོང་ལམ་གྱི་མཚན་ཉིད། ཐེག་པ་དང་སྒོམ་པ་པོ་སོ་སོའི་སྦྱོར་ལམ་རྫོགས་ཀྱི་རྗེས་འཇིག་རྟེན་ལས་འདས་པའི་སྒོམ་ལམ་སྐྱེས་ཀྱི་སྔར་མྱང་འདས་སུ་ཕྱིན་བྱེད་ཀྱི་ལམ། དབྱེ་ན་ཐེག་པའི་མཐོང་ལམ་གསུམ་དང༌། སྐད་ཅིག་མ་བཅུ་དྲུག་སོགས་སོ། །སྡུག་བསྔལ་ལ་ཆོས་བཟོད་ཀྱི་མཚན་ཉིད། སྡུག་བསྔལ་བདེན་པའི་ཆོས་ཉིད་གསར་དུ་རྟོགས་པའི་ཡེ་ཤེས་གང་ཞིག སྡུག་བསྔལ་མཐོང་སྤང་གི་གཉེན་པོ་བར་ཆད་མེད་ལམ་གྱིས་བསྡུས་པ། སྡུག་བསྔལ་ལ་ཆོས་ཤེས་ཀྱི། སྡུག་བསྔལ་མཐོང་སྤང་དང་བྲལ་བའི་གནས་གྱུར་གསར་བ་མངོན་དུ་བྱེད་པའི་ཡེ་ཤེས་རྣམ་གྲོལ་ལམ་གྱིས་བསྡུས་པ། སྡུག་བསྔལ་ལ་རྗེས་བཟོད་ཀྱི། སྡུག་བསྔལ་ལ་ཆོས་བཟོད་ཆོས་ཤེས་གཉིས་འཕགས་པའི་ཆོས་ཀྱི་རྒྱུར་གསར་དུ་རྟོགས་པའི་ཡེ་ཤེས་བཟོད་པས་བསྡུས་པ། སྡུག་བསྔལ་ལ་རྗེས་ཤེས་ཀྱི། སྡུག་བསྔལ་ལ་རྗེས་བཟོད་གསར་དུ་རྟོགས་པའི་ཡེ་ཤེས་ཤེས་པས་བསྡུས་པ། གཞན་བཅུ་གཉིས་ལའང་བསྒྲེའོ། །སྒོམ་ལམ་གྱི་མཚན་ཉིད། ཐེག་པ་དང་གང་ཟག་སོ་སོའི་མཐོང་ལམ་རྫོགས་ཀྱི་རྗེས་མི་སློབ་ལམ་མ་སྐྱེས་ཀྱི་སྔར་མྱང་འདས་སུ་ཕྱིན་བྱེད་ཀྱི་ལམ། དབྱེ་ན་ཐེག་པའི་སྒོམ་ལམ་གསུམ་གྱི་མཚན་ཉིད། སྔར་གྱི་བསྒྲེའོ། །ཡང་མཉམ་རྗེས་གཉིས་ཀྱི་མཚན་ཉིད་རིམ་པ་ལྟར། སྒོམ་ལམ་གང་ཞིག་ལམ་སྒོམ་པ་ལ་གནས་པ་དང༌། དེ་ལས་ལངས་བའི་བྱ་བ། ཡང་འཇིག་རྟེན་པ་དང་དེ་ལས་འདས་པའི་སྒོམ་ལམ་གཉིས་ཀྱི་མཚན་ཉིད། རིམ་པ་ལྟར། སྒོམ་ལམ་གང་ཞིག་ཞི་རགས་ཀྱི་རྣམ་པ་ཅན་དང་བདེན་པའི་རྣམ་པ་ཅན། དེ་དག་གི་མཚན་གཞིར་བསམ་གཏན་དང་གཟུགས་མེད་ཀྱི་ས་ཡིན་པས་གཏན་ལ་དབབ་བར་བྱ་སྟེ། དེ་དག་གི་སྤྱིའི་མཚན་ཉིད། མཉམ་པར་བཞག་པའི་སས་བསྡུས་པ། དེ་ལ་སའི་སྒོ་ནས་དབྱེ་ན། བསམ་གཏན་བཞི་དང་གཟུགས་མེད་བཞི་སྟེ་བརྒྱད་ལས་བསམ་གཏན་དང་གཟུགས་མེད་ཀྱི་ས་ཙམ་གྱི་མཚན་ཉིད། རིམ་པ་ལྟར་མཉམ་པར་བཞག་པའི་ས་གང་ཞིག་གཟུགས་ཀྱི་སས་བསྡུས་པ་དང་གཟུགས་མེད་ཀྱི་སས་བསྡུས་པ། བསམ་གཏན་དང་པོའི་མཚན་ཉིད། ཡིད་མི་བདེ་ལས་ངེས་པར་འབྱུང་བའི་བསམ་གཏན་གང་ཞིག་རྟོག་དཔྱོད་གང་རུང་གིས་བསྡུས་པ། བསམ་གཏན་གཉིས་པའི་མཚན་ཉིད་ཚོར་བ་སྡུག་བསྔལ་དང་རྟོག་དཔྱོད་ཟག་བཅས་ལས་ངེས་པར་འབྱུང་བའི་བསམ་གཏན་གང་ཞིག་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བའི་ས་པ། བསམ་གཏན་གསུམ་པའི་མཚན་ཉིད་ཡིད་བདེ་ཟག་བཅས་ལས་ངེས་པར་འབྱུང་བའི་བདེ་བའི་ས་པའི་བསམ་གཏན་གང་ཞིག་ཚོར་བ་དགའ་བའི་ས་པ་མིན་པ། བསམ་གཏན་བཞི་པའི་མཚན་ཉིད་ཚོར་བ་བདེ་བ་ཟག་བཅས་ལས་ངེས་པར་འབྱུང་བའི་བསམ་གཏན་གང་ཞིག་ཚོར་བ་དགའ་བདེའི་ས་མིན་པ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་མཚན་ཉིད་གཟུགས་ཀྱི་འདུ་ཤེས་ལས་ངེས་པར་འབྱུང་བའི་གཟུགས་མེད་ཀྱི་ས་གང་ཞིག་ནམ་མཁའི་འདུ་ཤེས་དང་མ་བྲལ་བ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི། ནམ་མཁའི་འདུ་ཤེས་ལས་ངེས་པར་འབྱུང་བའི་གཟུགས་མེད་ཀྱི་ས་གང་ཞིག་རྣམ་ཤེས་ཀྱི་འདུ་ཤེས་དང་མ་བྲལ་བ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི། རྣམ་ཤེས་མཐའ་ཡས་ཀྱི་འདུ་ཤེས་ལས་ངེས་པར་འབྱུང་བའི་གཟུགས་མེད་ཀྱི་ས་གང་ཞིག་ཅི་ཡང་མེད་པའི་འདུ་ཤེས་དང་མ་བྲལ་བ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི། ཅི་ཡང་མེད་པའི་འདུ་ཤེས་ལས་ངེས་པར་འབྱུང་བའི་གཟུགས་མེད་ཀྱི་ས་གང་ཞིག་འདུ་ཤེས་ཡོད་མིན་མེད་མིན་གྱི་འདུ་ཤེས་དང་མ་བྲལ་བ། ངོ་བོའི་སྒོ་ནས་དབྱེ་ན་ཉོན་མོངས་ཅན་དང་དག་པ་བ་དང་ཟག་མེད་གསུམ་གྱི་དང་པོའི་མཚན་ཉིད། མཉམ་གཞག་གི་ས་གང་ཞིག་ཉོན་མོངས་ཀྱི་རབ་ཏུ་མ་ཞི་བར་བྱེད་པ། དབྱེ་ན་སྲེད་པ་དང༌། ལྟ་བ་དང༌། ང་རྒྱལ་དང༌། མ་རིག་པ་ཤས་ཆེ་བའི་སྙོམས་འཇུག་བཞིའོ། །དང་པོའི་མཚན་ཉིད་སྙོམས་འཇུག་གི་བདེ་བ་ལ་རོ་མྱོང་བའི་སྒོ་ནས་རབ་ཏུ་མ་ཞི་བར་བྱས་པའི་སྙོམས་འཇུག གཉིས་པའི། ལྟ་བ་ཤས་ཆེ་བའི་སྒོ་ནས་རབ་ཏུ་མ་ཞི་བར་བྱས་པའི་སྙོམས་འཇུག གསུམ་པའི། ང་རྒྱལ་ཤས་ཆེ་བའི་སྒོ་ནས་རབ་ཏུ་མ་ཞི་བར་བྱས་པའི་སྙོམས་འཇུག བཞི་པའི་ཏིང་ངེ་འཛིན་ཐོབ་པ་ཐར་བ་ཡིན་མིན་ཐེ་ཚོམ་ཟ་བ་ཤས་ཆེ་བའི་སྒོ་ནས་རབ་ཏུ་མ་ཞི་བར་བྱས་པའི་སྙོམས་འཇུག དག་པ་པའི་མཚན་ཉིད། མཉམ་བཞག་གི་ས་གང་ཞིག་འཇིག་རྟེན་པའི་དགེ་བ་རྩེ་གཅིག་པས་བསྡུས་པ། དབྱེ་ན་ཉམས་པ་དང༌། གནས་པ་དང༌། ཁྱད་པར་དང༌། ངེས་འབྱེད་ཆ་མཐུན་བཞིའོ། །དང་པོའི་མཚན་ཉིད། དག་པའི་སྙོམས་འཇུག་གང་ཞིག་ཉོན་མོངས་སྐྱེ་བ་དང་རྗེས་སུ་མཐུན་པ། གཉིས་པའི། དེ་གང་རང་སའི་དག་པ་བ་དང་རྗེས་སུ་མཐུན་པ། གསུམ་པའི། དེ་གང་གོང་སའི་ཏིང་ངེ་འཛིན་སྐྱེ་བ་དང་རྗེས་སུ་མཐུན་པ། བཞི་པའི། དེ་གང་ཟག་མེད་ཀྱི་ལམ་སྐྱེ་བ་དང་རྗེས་སུ་མཐུན་པ། སྲིད་རྩེ་ལ་གསུམ་པ་མ་གཏོགས་པའི་གང་ཟག་གསུམ་མོ། །ཟག་མེད་ཀྱི་མཚན་ཉིད། མཉམ་བཞག་གི་ས་གང་ཞིག་འཇིག་རྟེན་ལས་འདས་པའི་དགེ་བས་བསྡུས་པ། སྲིད་རྩེ་ལ་འདི་བོར་བ་གཉིས་དང༌། ཉེར་བསྡོག་དང་པོ་བོར་བ་བདུན་ལ་ཉོན་མོངས་ཅན་ཡང་མེད་པས་དག་པ་བ་ཁོ་ན་དང༌། ཉེར་བསྡོགས་དང་པོ་ལ་ནི་ཟག་མེད་དང་དག་པ་བ་གཉིས་ཏེ་ཁ་ཅིག་ཉོན་མོངས་ཅན་ཡང་འདོད་དོ། །སྦྱོར་དངོས་ཀྱི་སྒོ་ནས་དབྱེ་ན། དངོས་གཞི་དང་ཉེར་བསྡོག་གཉིས་ཀྱི་དང་པོའི་མཚན་ཉིད། འོག་ས་ལས་འདོད་ཆགས་དང་བྲལ་བའི་མཉམ་བཞག་གི་ས་གང་ཞིག་མི་ལྕོགས་མེད་ཡིན་པར་འགལ་བ། དབྱེ་ན་བསམ་གཏན་དང་གཟུགས་མེད་ཀྱི་དངོས་གཞི་གཉིས་ཀྱི་དང་པོའི་མཚན་ཉིད། དེ་གང་རང་རང་གི་ཡན་ལག་གི་སྒོ་ནས་ས་གཞན་ལས་ཁྱད་ཞུགས་པ། དབྱེ་ན་བཞིའི་བསམ་གཏན་དང་པོའི་དངོས་གཞིའི་མཚན་ཉིད། འདོད་པ་ལས་འདོད་ཆགས་དང་བྲལ་བའི་བསམ་གཏན་གང་ཞིག་རྟོག་དཔྱོད་གང་རུང་གི་ས་པ། དབྱེ་ན་གཉིས་ཀྱི། དངོས་གཞི་ཙམ་པོའི་མཚན་ཉིད། དེ་གང་རྟོག་དཔྱོད་གཉིས་ཀ་དང་བཅས་པ། དངོས་གཞི་ཁྱད་པར་ཅན་གྱི་མཚན་ཉིད། དེ་གང་རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ས་པ། བསམ་གཏན་གཉིས་པའི་དངོས་གཞིའི་མཚན་ཉིད། བསམ་གཏན་དང་པོ་ལས་འདོད་ཆགས་དང་བྲལ་བའི་བསམ་གཏན་གང་ཞིག་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བའི་ས་པ། བསམ་གཏན་གསུམ་པའི་དངོས་གཞིའི་མཚན་ཉིད། བསམ་གཏན་གཉིས་པ་ལས་འདོད་ཆགས་དང་བྲལ་བའི་ཚོར་བ་བདེ་བའི་ས་པའི་མཉམ་གཞག་གང་ཞིག་ཚོར་བ་དགའ་བའི་ས་པ་མིན་པ། བསམ་གཏན་བཞི་པའི་དངོས་གཞིའི་མཚན་ཉིད། བསམ་གཏན་གསུམ་པ་ལས་འདོད་ཆགས་དང་བྲལ་བའི་བསམ་གཏན་གང་ཞིག་ཚོར་བ་དགའ་བའི་ས་བ་མིན་པ། གཉིས་པ་གཟུགས་མེད་ཀྱི་དངོས་གཞིའི་མཚན་ཉིད། གཟུགས་ལས་འདོད་ཆགས་དང་བྲལ་བའི་ས་གང་ཞིག་རང་རང་གི་དམིགས་པའི་སྒོ་ནས་ས་གཞན་ལས་ཁྱད་ཞུགས་པ། དབྱེ་ན་བཞིའི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞིའི་མཚན་ཉིད། བསམ་གཏན་བཞི་པ་ལས་འདོད་ཆགས་དང་བྲལ་པའི་གཟུགས་མེད་ཀྱི་ས་གང་ཞིག་རང་གི་སྙོམས་འཇུག་སྦྱོར་བའི་ཚེ་ནམ་མཁའ་ཁོ་ན་ལ་དམིགས་པར་བྱེད་པ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞིའི་མཚན་ཉིད། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བའི་གཟུགས་མེད་ཀྱི་ས་གང་ཞིག་རང་གི་སྙོམས་འཇུག་སྦྱོར་བའི་ཚེ་རྣམ་ཤེས་མཐའ་ཡས་ཁོ་ན་ལ་དམིགས་པར་བྱེད་པ། ཅི་ཡང་མེད་པའི་དངོས་གཞིའི་མཚན་ཉིད། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བའི་གཟུགས་མེད་ཀྱི་ས་གང་ཞིག་རང་གི་སྙོམས་འཇུག་སྦྱོར་བའི་ཚེ་གཟུང་བྱ་ཅི་ཡང་མེད་པ་ཁོ་ན་ལ་དམིགས་པར་བྱེད་པ། སྲིད་རྩེའི་དངོས་གཞིའི་མཚན་ཉིད། ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བའི་གཟུགས་མེད་ཀྱི་ས་གང་ཞིག་འདུ་ཤེས་གསལ་པོ་མེད་ཅིང་གཏན་མེད་ཀྱང་མ་ཡིན་པ། གཉིས་པ་ཉེར་བསྡོག་གི་མཚན་ཉིད། འོག་ས་ལས་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་གང་ཞིག་གོང་མའི་དངོས་གཞི་འཐོབ་པའི་སྦྱོར་བ། སའི་སྒོ་ནས་དབྱེ་ན་བརྒྱད་ཀྱི། བསམ་གཏན་དང་པོའི་ཉེར་བསྡོག་གི་མཚན་ཉིད། འདོད་པ་ལས་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་གང་ཞིག་བསམ་གཏན་དང་པོའི་དངོས་གཞི་ཐོབ་པའི་སྦྱོར་བ་ཞེས་པའི་རིགས་པ་གཞན་བདུན་ལ་བསྒྲེའོ། །ཡིད་བྱེད་ཀྱི་རིམ་པའི་སྒོ་ནས་དབྱེ་ན། མཚན་ཉིད་རབ་ཏུ་རིག་པ་དང༌། མོས་པ་ལས་བྱུང་བ་དང༌། རབ་ཏུ་དབེན་པ་ལས་བྱུང་བ་དང༌། དགའ་བ་སྡུད་པ་དང༌། དཔྱོད་པ་དང༌། སྦྱོར་བའི་མཐའི་ཡིད་བྱེད་དྲུག་གོ །མཚན་ཉིད་རིམ་པ་ལྟར་འོག་ས་ལས་ཆགས་པ་དང་བྲལ་བའི་ཆེད་དུ་ས་གོང་འོག་ལ་ཞི་རགས་སུ་ལྟ་བའི་ཡིད་བྱེད་དང་པོ་དང༌། ས་གོང་འོག་ཞི་རགས་སུ་སྒོམ་བྱུང་ཁོ་ནས་རྩེ་གཅིག་ཏུ་སྒོམ་པའི་ཡིད་བྱེད་གཉིས་པ་དང༌། འོག་སའི་ཉོན་མོངས་ཆེན་པོ་གསུམ་སྤོང་བཞིན་པའི་ཡིད་བྱེད་དང༌། འོག་སའི་ཉོན་མོངས་འབྲིང་གསུམ་སྤོང་བཞིན་པའི་ཡིད་བྱེད་དང༌། འོག་སའི་ཉོན་མོངས་ཕལ་ཆེར་སྤངས་ཤིང་འགོག་པའི་ཉོན་མོངས་སྤངས་མ་སྤངས་དཔྱོད་པའི་ཡིད་བྱེད་དང༌། འོག་སའི་ཉོན་མོངས་ཆུང་ངུ་གསུམ་སྤོང་བཞིན་པའི་ཡིད་བྱེད་དོ། །ས་བརྒྱད་སོ་སོའི་ཉེར་བསྡོག་གི་ཡིད་བྱེད་དྲུག་ལའང་རིགས་པ་བསྒྲེའོ། །རྒྱུ་འབྲས་ཀྱི་སྒོ་ནས་དབྱེ་ན། རྒྱུ་སྙོམས་འཇུག་དང་འབྲས་བུ་སྐྱེ་བ་གཉིས་ཀྱི་དང་པོའི་མཚན་ཉིད། སྙོམས་འཇུག་དགེ་བ་རྩེ་གཅིག་པ་འཁོར་བཅས་གང་ཞིག་ཁམས་གོང་དུ་སྐྱེ་བ་ལེན་པའི་རྒྱུར་གྱུར་པ། དབྱེ་ན་ཁམས་གོང་མར་འཕེན་བྱེད་ཀྱི་སྙོམས་འཇུག་ས་རང་རང་གི་བར་ཆད་མེད་ལམ་གྱི་ཉེར་བསྡོག་གསུམ་གསུམ་དང༌། རྫོགས་བྱེད་ཀྱི་སྙོམས་འཇུག་རང་རང་གི་དངོས་གཞི་ཆུང་འབྲིང་ཆེན་པོར་སྒོམ་པ་གསུམ་གསུམ་མོ། །འདི་ལ་ཟག་མེད་དང་ཉོན་མོངས་ཅན་ནི་མེད་ཀྱི་དག་པ་བ་ཁོ་ན་སྟེ། ལུང་མ་བསྟན་དང་ཟག་མེད་ཀྱིས་རྣམ་སྨིན་མི་འཕེན་པས་སོ། །དེས་ན་གནས་གཙང་མར་སྐྱེ་བའི་རྒྱུ་སྤེལ་སྒོམ་ནི་བསམ་གཏན་བཞི་པའི་ཉེར་བསྡོག་བར་ཆད་མེད་ལམ་གྱི་བསམ་གཏན་བཞི་པར་འཕང་ཤིང་བསམ་གཏན་བཞི་པའི་དངོས་གཞི་ཆེན་པོར་བསྒོམ་པས་འབྲས་བུ་ཆེར་རྫོགས་པར་བྱས་པའི་སྐྱེ་བ་འགའ་ཞིག་ལེན་པའི་ལས་ཀྱི་ས་བོན་རྣམས་མི་ཆེ་བ་སོགས་སྔར་སྒྱུར་བྱེད་ཉིད་ཡིན་གྱི་འཕེན་རྫོགས་ཀྱི་རྒྱུ་སྙོམས་འཇུག་མིན་ནོ། །འབྲས་བུ་སྐྱེ་བའི་མཚན་ཉིད། རང་གི་རྒྱུ་སྙོམས་འཇུག་གི་འབྲས་བུ་རིས་མཐུན་བཟུང་བ་ཉིད་ཀྱིས་ཐོབ་པའི་མཉམ་བཞག་གི་ས་གང་ཞིག་རང་སས་བསྡུས་པ། དབྱེ་ན་སའི་སྒོ་ནས་བརྒྱད་དོ། །བསམ་གཏན་དང་པོའི་འབྲས་བུ་སྐྱེ་བའི་མཚན་ཉིད། བསམ་གཏན་དང་པོའི་སྙོམས་འཇུག་གི་འབྲས་བུ་རིས་མཐུན་བཟུང་བ་ཉིད་ཀྱིས་ཐོབ་པའི་མཉམ་གཞག་གི་ས་གང་ཞིག་རང་སས་བསྡུས་པ་ཅེས་སོགས་བསྒྲེའོ། །ངོ་བོའི་སྒོ་ནས་ཉོན་མོངས་ཅན་སོགས་གསུམ་སྟེ་སྲིད་རྩེ་ལ་ཟག་མེད་མེད་དོ། །རྫོགས་བྱེད་ཀྱི་འབྲས་བུ་ཡི་སྒོ་ནས་དང་པོ་གསུམ་ལ་གནས་གཞན་གྱིས་སྐྱེ་བ་གསུམ་གསུམ་དང་བཞི་པ་ལ་སོ་སྐྱེའི་གསུམ་དང་འཕགས་པའི་ལྔ་སྟེ་བརྒྱད་དང༌། གཟུགས་མེད་བཞི་པོ་རེ་རེ་ལ་དམའ་ཞིང་ངན་པ་དང་མཐོ་ཞིང་ངན་པའམ་དམའ་ཞིང་བཟང་བ་དང་མཐོ་ཞིང་བཟང་བ་སྟེ་གསུམ་གསུམ་མོ། །སྦྱོར་བ་ཉེར་བསྡོག་ཀྱི་དབྱེ་བ་ནི་མེད་དོ། །ཡང་སྒོམ་ལམ་ལ་དབྱེ་ན་ཆུང་འབྲིང་དགུའི་སྒོམ་ལམ་ཆུང་ངུའི་ཆུང་ངུའི་མཚན་ཉིད། རང་གི་ངོ་སྐལ་གྱི་སྒོམ་སྤངས་ཆེན་པོའི་ཆེན་པོ་སྤོང་བྱེད་ཀྱི་ལམ་ཞེས་སོགས་བསྒྲེའོ། །ཡང་ལམ་བཞིའི་སྦྱོར་ལམ་གྱི་མཚན་ཉིད། རང་གི་སྤང་བྱའི་ས་བོན་གྱི་ཆ་ཤས་རེ་རེ་ནས་སྤོང་བའི་ལམ། བར་ཆད་མེད་ལམ་གྱི་མཚན་ཉིད། རང་གི་སྤང་བྱའི་ས་བོན་ཀུན་སྤོང་བཞིན་པའི་ལམ། དེའང་འཇིག་རྟེན་པས་སྤང་བྱའི་ས་བོན་མགོ་གནོན་པའི་ཚུལ་གྱིས་སྤོང་ལ། འདས་ལམ་གྱིས་ས་བོན་དྲུང་འབྱིན་པའི་སྒོ་ནས་སྤོང་ངོ༌། །རྣམ་གྲོལ་ལམ་གྱི་མཚན་ཉིད། རང་རྒྱུ་བར་ཆད་མེད་ལམ་གྱི་སྤང་བྱ་སྤངས་པའི་གནས་གྱུར་གསར་པ་མངོན་དུ་བྱེད་པའི་ལམ། ཁྱད་པར་གྱི་ལམ་གྱི་མཚན་ཉིད། རྣམ་གྲོལ་ལམ་གྱི་འོག་ཏུ་ལམ་སྔ་མའི་སྤངས་བ་ཁྱད་པར་དུ་བྱེད་པའི་ལམ། དབྱེ་ན་ཡེ་ཤེས་བཤེས་གཉེན་ཀྱིས་སྤངས་བ་ཁྱད་པར་གྱི་ཆེད་དུ་བའི་ལམ། ཆོས་སེམས་པ་ལ་སོགས་པ་ཁྱད་པར་གྱི་ཆེད་དུ་བའི་ལམ། ཡོན་ཏན་མངོན་པར་སྒྲུབ་པའི་ཁྱད་པར་གྱི་ལམ་སྟེ་གསུམ་དུ་ཕྱེའོ། །ཡང་གཉེན་པོ་བཞིའི་རྣམ་པར་སུན་འབྱིན་པའི་གཉེན་པོའི་མཚན་ཉིད། ཐོག་མར་སྤང་བྱ་ལ་ཉེས་དམིགས་ཅན་དུ་ལྟ་བའི་ལམ། སྤོང་བ་གཉེན་པོའི་རང་གི་སྤང་བྱའི་ས་བོན་སྤོང་བཞིན་པའི་ལམ། རྟེན་གཉེན་པོའི། སྤངས་པའི་ཐོབ་པ་ཀུན་ཏུ་འཛིན་པ་ཙམ་གྱི་ལམ། ཐག་སྲིང་པའི་གཉེན་པོའི། སྔར་སྤོང་གཉེན་གྱིས་སྤངས་པའི་སྤང་བྱ་ཐག་སྲིང་བར་བྱེད་པའི་ལམ། སྤང་ལམ་བཅུ་གཅིག་གི་དང་པོ་བདུན་བྱང་ཆུབ་ཕྱོགས་མཐུན་ཡིན་པས་དེའི་མཚན་ཉིད། ཟད་མི་སྐྱེ་ཤེས་པ་དང་རྗེས་སུ་མཐུན་པའི་ཆོས། དབྱེ་ན་བདུན་གྱི་དྲན་པ་ཉེར་བཞག་གི་མཚན་ཉིད། ལུས་ཚོར་སེམས་ཆོས་གང་རུང་ལ་རང་སྤྱིའི་མཚན་ཉིད་ཀྱིས་རྟོག་པའི་དྲན་པ་དང་ཤེས་རབ། དབྱེ་ན་བཞིའི་ལུས་དྲན་པ་ཉེར་བཞག་གི་མཚན་ཉིད། ལུས་ལ་རང་སྤྱིའི་མཚན་ཉིད་ཀྱིས་རྟོག་པའི་དྲན་པ་དང་ཤེས་རབ། ཅེས་པ་གཞན་གསུམ་ལ་བསྒྲེའོ། །ཡང་དག་སྤོང་བའི། སྤང་གཉེན་ལ་བླང་དོར་རྩོམ་པའི་བརྩོན་འགྲུས། དབྱེ་ན་བཞིའི་མི་དགེ་བ་སྐྱེས་པ་སྤོང་བའི་ཡང་དག་འཇོག་གི་མཚན་ཉིད། སྤང་བྱ་སྐྱེས་པ་འདོར་བའི་ཆེད་དུ་བརྩོན་པའི་བརྩོན་འགྲུས། གཞན་གསུམ་ལ་བསྒྲེའོ། །རྫུ་འཕྲུལ་རྐང་པའི་མཚན་ཉིད། སྤོང་བའི་འདུ་བྱེད་དང་ལྡན་པས་སེམས་གནས་པ་ལས་སུ་རུང་བའི་ཏིང་ངེ་འཛིན། དབྱེ་ན། འདུན་བརྩོན་སེམས་དཔྱོད་ཀྱི་ཏིང་ངེ་འཛིན་བཞིའི་མཚན་ཉིད། རིམ་པ་ལྟར། གུས་སྦྱོར་དང༌། རྒྱུན་སྦྱོར་དང༌། སྔོན་གྱི་སྐྱེ་བར་གོམས་པ་དང༌། ཚེ་འདིར་ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་བརྟེན་ནས་ཐོབ་པའི་སེམས་རྩེ་གཅིག་པའི་བློ། འདིའི་དབང་པོའི་མཚན་ཉིད། དྲོད་རྩེ་ནས་སྒོམ་བྱའི་རྣམ་གྲངས་དབང་པོ་གང་ཞིག་རང་འབྲས་འཕགས་ལམ་སྐྱེད་པ་ལ་དབང་བྱེད་པ། དབྱེ་ན། དད་བརྩོན་དྲན་ཏིང་ཤེས་རབ་ཀྱི་དབང་པོ་ལྔའི་མཚན་ཉིད། བདེན་བཞི་ལ་ཡིད་ཆེས་པ་དང༌། བདེན་བཞི་སྒོམ་པ་ལ་སྤྲོ་བ་དང༌། བདེན་བཞིའི་དམིགས་རྣམ་མ་བརྗེད་པ་དང༌། བདེན་བཞི་ལ་རྩེ་གཅིག་པ་དང༌། བདེན་བཞི་རབ་ཏུ་འབྱེད་པའི་རྣམ་བྱང་གི་དབང་པོ་གང་ཞིག་དྲོད་རྩེ་ནས་སྒོམ་པར་བྱ་བ། འདིའི་སྟོབས་ཀྱི་མཚན་ཉིད། བཟོད་མཆོག་ནས་སྒོམ་བྱའི་རྣམ་བྱང་གི་དབང་པོ་གང་ཞིག་རང་གི་མི་མཐུན་ཕྱོགས་ཀྱིས་མི་རྫི་བར་གྱུར་པ། དབྱེ་ན་ལྔའི་དད་པའི་སྟོབས་ཀྱི་མཚན་ཉིད། བདེན་བཞི་ལ་ཡིད་ཆེས་པའི་རྣམ་བྱང་གི་དབང་པོ་གང་ཞིག་མ་དད་པས་མི་རྫི་བར་གྱུར་པ། དེ་བཞིན་དུ་གཞན་བཞིའི་མཚན་ཉིད་གང་ཞིག་ཡན་ཆད་དབང་པོ་ལྟར་སྦྱར་ཏེ་ལེ་ལོ་དང་བརྗེད་ངས་དང་རྣམ་གཡེང་དང་ཤེས་བཞིན་མེད་པས་མི་རྫི་བར་གྱུར་པ། བྱང་ཆུབ་ཡན་ལག་གི་མཚན་ཉིད། ཐོག་མར་བདེན་པ་མངོན་སུམ་དུ་རྟོགས་པའི་ལམ། དབྱེ་ན་དྲན་འབྱེད་བརྩོན་དགའ་སྦྱངས་ཏིང་ངེ་འཛིན་བཏང་སྙོམས་བྱང་ཆུབ་ཡན་ལག་བདུན། མཚན་ཉིད་རིམ་པ་ལྟར། དགེ་བའི་ཆོས་ཀུན་ཡིད་ཀྱིས་བརྗོད་པའི་སྒོ་ནས་བྱང་ཆུབ་ཀྱི་གནས་ཀྱི་ཡན་ལག་དང༌། མཐོང་ལམ་གྱི་རང་བཞིན་ཡིན་པས་བྱང་ཆུབ་ཀྱི་ངོ་བོའི་ཡན་ལག་དང༌། བགྲོད་བྱ་ཅི་སྲིད་པར་འགྲོ་བའི་སྒོ་ནས་བྱང་ཆུབ་ཀྱི་ངེས་འབྱུང་གི་ཡན་ལག་དང༌། སེམས་རྒྱུད་ཚིམ་པར་བྱེད་པའི་སྒོ་ནས་བྱང་ཆུབ་ཀྱི་ཕན་ཡོན་གྱི་ཡན་ལག་དང༌། གནས་ངན་ལེན་འཇིག་པའི་སྒོ་ནས་གང་གིས་ཀྱང་ཉོན་མོངས་པར་མི་འགྱུར་བའི་བྱང་ཆུབ་ཀྱི་ཡན་ལག་དང༌། གནས་གྱུར་པའི་སྒོ་ནས་གང་དུའང་ཉོན་མོངས་པར་མི་འགྱུར་བའི་བྱང་ཆུབ་ཀྱི་ཡན་ལག་དང༌། བརྣབ་སེམས་དང་ཡིད་མི་བདེ་དང་བྲལ་བའི་སྒོ་ནས་ཉོན་མོངས་པ་གང་ཡང་མེད་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་པ། འཕགས་ལམ་ཡན་ལག་གི་མཚན་ཉིད། སྒོམ་སྤང་རྣམ་པར་དག་པར་ངེས་པར་འབྱིན་པའི་ལམ། དབྱེ་ན་ལྟ་རྟོག་ངག་དང་ལས་ཀྱི་མཐའ། འཚོ་རྩོལ་དྲན་ཏིང་ཡན་ལག་བརྒྱད། མཚན་ཉིད་རིམ་པ་ལྟར། མཉམ་གཞག་ཏུ་མྱོང་བའི་དེ་ཁོ་ན་ཉིད་ངེས་པར་འཛིན་པའི་འཕགས་ལམ་ཡན་ལག་དང༌། ཡང་དག་པའི་ལྟ་བས་རྟོགས་པའི་དོན་གཞན་ལ་སྟོན་པའི་ངག་ཀུན་ནས་སློང་བའི་འཕགས་ལམ་ཡན་ལག རང་སྨྲ་བ་པོ་ལྟ་བ་རྣམ་དག་ཏུ་གཞན་ཡིད་ཆེས་པའི་འཕགས་ལམ་ཡན་ལག་དང༌། རང་རྒྱུད་ལྡན་ཚུལ་ཁྲིམས་རྣམ་དག་ཏུ་གཞན་ཡིད་ཆེས་པའི་འཕགས་ལམ་ཡན་ལག་དང༌། རང་རྒྱུད་ལྡན་འཚོ་བ་རྣམ་དག་ཏུ་གཞན་ཡིད་ཆེས་པའི་འཕགས་ལམ་ཡན་ལག་དང༌། སྒོམ་སྤང་ཉོན་གྲིབ་སྦྱོང་བའི་འཕགས་ལམ་ཡན་ལག་དང༌། བྱིང་རྒོད་སོགས་སྒོམ་སྤང་ཉེ་ཉོན་སྦྱོང་བའི་འཕགས་ལམ་ཡན་ལག་དང༌། མངོན་ཤེས་སོགས་ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པ་སྦྱོང་བའི་འཕགས་ལམ་ཡན་ལག་ཏུ་གྱུར་པ། ཡང་ལམ་བཞིའི་མངོན་ཤེས་བུལ་ལ། དཀའ་བའི་ལམ་གྱི་མཚན་ཉིད། དབང་པོ་རྟུལ་པོ་དངོས་གཞིའི་བསམ་གཏན་མ་ཐོབ་པའི་ལམ། ཅེས་སོགས་གཞན་གསུམ་ལ་བསྒྲེའོ། །ཆོས་ཀྱི་གནས་ཀྱི་མཚན་ཉིད། བསླབ་པ་གསུམ་གང་རུང་སྤྱོད་པའི་ལམ། དབྱེ་ན་བཞིའོ། །ལྷག་པའི་ཚུལ་ཁྲིམས་དང༌། སེམས་དང་ཤེས་རབ་ཀྱི་བསླབ་པ་གསུམ་གྱི་མཚན་ཉིད། ངེས་འབྱུང་གིས་ཟིན་པའི་བསླབ་པ་གང་ཞིག་མི་དགེ་བ་མངོན་གྱུར་སྤོང་པས་ཕྱེ་པའི་སྡོམ་པ་དང༌། མི་དགེ་བའི་ས་བོན་མགོ་གནོན་པས་ཕྱེ་བའི་རྩེ་གཅིག་པ་དང༌། མི་དགེ་བའི་ས་བོན་དྲུང་འབྱིན་པས་ཕྱེ་བའི་ཆོས་རབ་ཏུ་རྣམ་འབྱེད་དོ། །ཞི་གནས་ཀྱི་མཚན་ཉིད། དམིགས་པ་ལ་སེམས་རྩེ་གཅིག་པའི་བློ། དབྱེ་ན་སེམས་གནས་ཐབས་ཀྱི་སྒོ་ནས་དགུ། སའི་སྒོ་ནས་བརྒྱད་སོགས་ཚུལ་དུ་མར་དབྱེར་རུང་ངོ༌། །ལྷག་མཐོང་གི་མཚན་ཉིད། ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ། དབྱེ་ན་བཞིའོ། །དབང་པོ་གསུམ་གྱི་མི་ཤེས་པ་ཀུན་ཤེས་པའི་དབང་པོའི་མཚན་ཉིད། དེ་ཁོ་ན་ཉིད་གསར་དུ་ཤེས་པར་བྱ་བའི་ཆེད་དུ་ཞུགས་པའི་ལམ་ལ་དབང་བྱེད་པའི་དབང་པོ། བསྡུ་བར་ཚོགས་ལམ་ནས་དང༌། འདིར་སྦྱོར་ལམ་ནས་དང༌། མཛོད་དུ་མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔ་ཉིད་ལ་བཞག་གོ །ཀུན་ཤེས་པའི་དབང་པོའི། དེ་ཁོ་ན་ཉིད་གསར་དུ་ཤེས་པའི་ཆེད་དུ་མ་ཞུགས་པའི་དབང་པོ་གང་ཞིག་འཕགས་པ་སློབ་པའི་ལམ་ལ་དབང་བྱེད་པ། ཀུན་ཤེས་བསྲུང་བའི་དབང་པོའི། མི་སློབ་པའི་ལམ་ལ་དབང་བྱེད་པའི་དབང་པོ། མཐར་ཕྱིན་པའི་ལམ་གྱི་མཚན་ཉིད། གང་ཟག་དང་ཐེག་པ་རང་རང་གི་སྤངས་རྟོགས་ཕུལ་དུ་དབྱུང་དུ་མེད་པར་སོན་ཞིང་ཕྱིན་པར་བྱེད་པའི་ལམ། དབྱེ་ན་ཐེག་པ་གསུམ་གྱི་ལམ་མོ། །ཡང་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་གཉིས་ཀྱི་མཚན་ཉིད། རིམ་པ་ལྟར། ཀུན་འབྱུང་མ་ལུས་པར་ཟད་ནས་སྐྱེས་པའི་བདེན་བཞི་ཤེས་པའི་ཡེ་ཤེས་སམ་ཀུན་འབྱུང་ཟད་པའི་འགོག་པ་ལ་དམིགས་པ་མི་སློབ་པའི་ཡེ་ཤེས་དང༌། སྡུག་བསྔལ་ཀུན་གཏན་མི་སྐྱེ་བར་སྤངས་ནས་སྐྱེས་པའི་བདེན་བཞི་ཤེས་པའི་ཡེ་ཤེས་སམ་སྡུག་བསྔལ་མི་སྐྱེ་བའི་འགོག་པ་ལ་དམིགས་པའི་མི་སློབ་པའི་ཡེ་ཤེས། ཡང་མི་སློབ་པའི་ཆོས་བཅུར་དབྱེར་ཡོད་དོ། །ལམ་བདེན་སྤྱིའི་མཚན་ཉིད། ལམ་རིགས་པ་སྒྲུབ་པ་ངེས་འབྱིན་གྱི་རྣམ་པར་རྣལ་འབྱོར་པས་སྒོམ་བྱ། ལམ་སོགས་བཞིའི་མཚན་ཉིད་རིམ་པ་ལྟར་དེ་ཁོ་ནའི་དོན་ཡོངས་སུ་ཚོལ་བའི་དང༌། ཉོན་མོངས་པའི་གཉེན་པོ་བྱེད་པའི་དང༌། སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་དང༌། གཏན་དུ་གྲོལ་བར་འགྲོ་བའི་ཡེ་ཤེས། ཆོས་མངོན་པ་ཀུན་ལས་བཏུས་པའི་མཚན་ཉིད་རབ་ཏུ་གསལ་བ་ལས་ལེའུ་གཉིས་པའི་ཆོས་རྣམས་ཀྱི་མཚན་ཉིད་སྟེ་གཉིས་པའོ།།  །།ཆོས་གསུང་རབ་ཀྱི་མཚན་ཉིད། ཚིག་རྣམས་ཀྱི་མཆོག་ཏུ་གྱུར་པའི་གསུང༌། ཡང་ན་བཀའི་མཚན་ཉིད། སྤོབས་པ་བཞི་ལྡན་གྱི་གསུང་རབ་གང་ཞིག་རྫོགས་པའི་སངས་རྒྱས་ཀྱི་ཆོས་སྐུའི་བདག་རྐྱེན་ལས་བྱུང་བ། དབྱེ་ན་ཞལ་ནས་གསུང་པ་དང༌། རྗེས་སུ་གནང་བ་དང༌། བྱིན་གྱིས་བརླབས་པ་གསུམ་དང༌། དེ་ལའང་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པ་གསུམ་མོ། །དུས་ཀྱི་སྒོ་ནས་ཆོས་འཁོར་རིམ་པ་གསུམ་མོ། །རྗོད་བྱེད་ཀྱི་སྒོ་ནས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི། མདོའི་སྡེའི་མཚན་ཉིད། མདོར་བསྡུས་པའི་ཚུལ་གྱིས་ལྷུག་པ་འབའ་ཞིག་གསུང་པའི་མདོ། དབྱངས་ཀྱི་བསྙད་པའི་སྡེའི། དབུས་དང་མཐར་ཚིགས་སུ་བཅད་དེ་དབྱངས་ཀྱིས་བསྙད་པའི་མདོའི་སྡེའམ་དྲང་དོན་གྱི་མདོ་སྡེ་གང་རུང་ཡིན་པ། ལུང་དུ་བསྟན་པའི་སྡེའི། གང་དག་འདས་པ་དང་འབྱུང་བ་ལུང་བསྟན་པའི་མདོའམ་ངེས་དོན་གྱི་མདོ་སྡེ་གང་རུང་ཡིན་པ། ཚིགས་སུ་བཅད་པའི་སྡེའི། ཚིག་བཅད་ཉིད་དུ་གསུང་པའི་མདོ། ཆེད་དུ་བརྗོད་པའི་སྡེའི། བསྟན་པ་གནས་པའི་ཆེད་དུ་ཡིད་རང་ནས་བརྗོད་པའི་མདོ། གླེང་གཞིའི་སྡེའི། གང་ལ་གླེང་ནས་བསླབ་པ་བཅས་པ་གསུང་པའི་མདོ། རྟོགས་པ་བརྗོད་པའི་སྡེའི། དཔེ་དང་བཅས་པར་གསུངས་པའི་མདོ། དེ་ལྟ་བུ་བྱུང་བའི་སྡེའི། སྔོན་གྱི་ཚེ་རབས་རྒྱུད་པའི་སྦྱོར་བ་སྟོན་པའི་མདོ། སྐྱེས་པའི་རབས་ཀྱི་སྡེའི། བྱང་སེམས་ཀྱི་སྔོན་གྱི་སྤྱོད་པ་སྟོན་པའི་མདོ། ཤིན་ཏུ་རྒྱས་པའི་སྡེའི། བྱང་སེམས་ཀྱི་ལམ་འབྲས་བུ་དང་བཅས་པ་སྟོན་པའི་མདོ། རྨད་དུ་བྱུང་བའི་སྡེའི། འཕགས་པའི་ངོ་མཚར་རྨད་བྱུང་སྟོན་པའི་མདོ། གཏན་ལ་དབབ་པའི་སྡེའི། ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབས་པའི་མདོ། བརྗོད་བྱའི་སྒོ་ནས་སྡེ་སྣོད་གསུམ་གྱི་མདོ་སྡེའི་སྡེ་སྣོད་ཀྱི་མཚན་ཉིད། ལྷག་པ་སེམས་ཀྱི་བསླབ་པ་གཙོ་བོར་སྟོན་པའི་མདོ། འདུལ་བའི་སྡེ་སྣོད་ཀྱི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པའི་མདོ། མངོན་པའི་སྡེ་སྣོད་ཀྱི། ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པའི་མདོ། ཉོན་མོངས་ཀྱི་གཉེན་པོའི་སྒོ་ནས་བརྒྱད་ཁྲི་བཞི་སྟོང་ངོ༌། །བཀའི་དགོང་འགྲེལ་བསྟན་བཅོས་ཀྱི་མཚན་ཉིད། རྫོགས་པའི་སངས་རྒྱས་ལས་གཞན་པའི་རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་བཀའི་དོན་བཤད་པའི་གསུང་གང་ཞིག་ཐར་པ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པ། བཀའ་ཡང་བསྟན་བཅོས་སུ་བསྡུས་པའི་རང་རིག་པའི་བསྟན་བཅོས་ཀྱི་མཚན་ཉིད། འཆོས་སྐྱོབ་ཀྱི་ཡོན་ཏན་དང་ལྡན་པའི་གསུང་རབས། བསྟན་བཅོས་ཙམ་གྱི་མཚན་ཉིད། རྗོད་བྱེད་དུ་སྣང་བའི་སྒོ་ནས་སློབ་པའི་བློ་འཆོས་པར་བྱེད་པ། དབྱེ་ན་དོན་མེད་དོན་ལོག་དོན་དང་ལྡན་པ་གསུམ་མོ། །གསུང་རབ་ཀྱི་ཡུལ་ཅན་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཀྱི་མཚན་ཉིད། རིམ་པ་ལྟར་ཡིད་ཆེས་པའི་གསུང་རབ་ལས་སྐྱེས་པ་དང༌། རིགས་པས་ངེས་པར་བསམ་པ་ལས་སྐྱེས་པ་དང༌། ཏིང་ངེ་འཛིན་ལས་སྐྱེས་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ། ཁྱབ་པའི་དམིགས་པའི་མཚན་ཉིད། སྒོམ་བྱུང་ཙམ་གྱི་དམིགས་པ། དབྱེ་ན་བཞིའི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་ཅན་གྱི་མཚན་ཉིད། ཤེས་བྱའི་དངོས་པོ་དང་ཆ་འདྲ་བའི་གཟུགས་ཅན་གང་ཞིག་མོས་པ་ཡིད་བྱེད་ཀྱི་ཞི་ལྷག་གི་དམིགས་པ། རྣམ་པར་མི་རྟོག་པའི་གཟུགས་ཅན་གྱི་མཚན་ཉིད། དེ་གང་ཞིག་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་ཞི་ལྷག་གི་དམིགས་པ། དངོས་པོའི་མཐའི་མཚན་ཉིད། ཅི་ལྟ་བའམ་ཅི་སྙེད་པ་ཤེས་པའི་དམིགས་པ། དགོས་པ་གྲུབ་པའི་མཚན་ཉིད། དམིགས་པ་ཚུལ་བཞིན་བསྒོམས་པས་གནས་གྱུར་པ། སྟོང་ཉིད་དང་སྨོན་མེད་དང་མཚན་མེད་ཀྱི་ཏིང་ངེ་འཛིན་གསུམ་གྱི་རིམ་པ་ལྟར། བདག་ཏུ་མི་རྟོག་པའི་དང༌། ཁམས་གསུམ་ལ་མི་སྨོན་པའི་དང༌། མཚན་མར་མི་འཛིན་པའི་ཏིང་ངེ་འཛིན་རྣམ་ཐར་སྒོ་གསུམ་ལ་བདག་ཏུ་མི་རྟོག་པའི་ཟག་མེད་ཀྱི་ཏིང་ངེ་འཛིན་ཅེས་སོགས་སྦྱར་རོ། །སྤྱོད་པ་རྣམ་སྦྱོང་གི་དམིགས་པའི་མཚན་ཉིད། ཉོན་མོངས་རྣམ་རྟོག་ཤས་ཆེ་བའི་གཉེན་པོ་སྒོམ་བྱའི་ཏིང་ངེ་འཛིན་གྱི་དམིགས་པ། དབྱེ་ན་འདོད་ཆགས་སོགས་ལྔ་ལ་སྤྱོད་པ་རྣམ་པར་སྦྱོང་བ་ལྔའི་མཚན་ཉིད་རིམ་པ་ལྟར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་རྣམ་རྟོག་ཤས་ཆེ་བའི་གཉེན་པོར་སྒོམ་བྱའི་མི་སྡུག་པའི་ཏིང་ངེ་འཛིན་དང་བྱམས་པའི་ཏིང་ངེ་འཛིན་དང་རྟེན་འབྲེལ་སྒོམ་པའི་ཏིང་འཛིན་དང་ཁམས་ཀྱི་རབ་ཏུ་དབྱེ་བ་སྒོམ་པའི་ཏིང་ངེ་འཛིན་དང༌། དབུགས་འབྱུང་རྔུབ་དྲན་པའི་ཏིང་ངེ་འཛིན་གྱི་དམིགས་པ་སོ་སོར་སྦྱར་རོ། །མཁས་པའི་དམིགས་པའི་མཚན་ཉིད། མཁས་པར་སྦྱང་དགོས་པའི་ཤེས་བྱ། དབྱེ་ན་ལྔའི། ལྔ་པའི་མཚན་ཉིད། མཐུན་པའི་རྒྱུ་ལས་མཐུན་པའི་འབྲས་བུ་འབྱུང་བའི་ཆ། ཉོན་མོངས་པ་སྦྱོང་བའི་དམིགས་པའི་མཚན་ཉིད། ཉོན་མོངས་པའི་ས་བོན་གྱི་གཉེན་པོར་སྒོམ་བྱའི་ཏིང་ངེ་འཛིན་གྱི་དམིགས་པ། དབྱེ་ན། ཉོན་མོངས་ཀྱི་ས་བོན་མགོ་གནོན་པ་དང༌། དྲུང་འབྱིན་པས་སྦྱོང་པའི་དམིགས་པ་གཉིས་ཀྱི་མཚན་ཉིད་རིམ་པ་ལྟར། ཞི་རགས་ཀྱི་རྣམ་པ་ཅན་དང་བདག་མེད་ཀྱི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་གྱི་དམིགས་པ། གསུང་རབ་ལ་དཔྱོད་པའི་རིགས་པའི་མཚན་ཉིད། ཆོས་རྣམས་ཚུལ་བཞིན་དཔྱོད་པའི་འཐད་པ། དབྱེ་ན། ལྟོས་པ་དང༌། བྱ་བ་བྱེད་པ་དང༌། གཏན་ཚིགས་སྒྲུབ་པ་དང༌། ཆོས་ཉིད་ཀྱི་རིགས་པ་བཞིའི་མཚན་ཉིད་རིམ་པ་ལྟར། འབྲས་བུ་འབྱུང་བ་རང་གི་རྒྱུ་རྐྱེན་ལ་ལྟོས་པའི་དང༌། རྒྱུ་རྐྱེན་གྱིས་རང་འབྲས་ལ་བྱ་བ་བྱེད་པའི་དང༌། རྟགས་ཡན་ལག་གི་བསྒྲུབ་བྱ་སྒྲུབ་པའི་དང༌། ཆོས་རྣམས་ཀྱི་རང་བཞིན་དེ་ལས་མི་འདའ་བའི་འཐད་པ། ཀུན་ཏུ་ཚོལ་བའི་མཚན་ཉིད། མིང་དོན་འབྲེལ་པ་དང་བཅས་པའི་གང་རུང་གློ་བུར་དུ་བཏགས་པ་ཙམ་དུ་རྟོགས་པའི་བསམ་བྱུང་གི་ཤེས་རབ། དབྱེ་ན་མིང་དང༌། དངོས་པོ་དང༌། ངོ་བོ་ཉིད་དུ་འདོགས་པ་དང༌། ཁྱད་པར་དུ་འདོགས་པ་ཚོལ་བ་བཞིའི་མཚན་ཉིད་རིམ་པ་ལྟར། བརྗོད་བྱ་ལ་རྗོད་བྱེད་གློ་བུར་དུ་དང༌། བརྗོད་བྱ་ལ་བརྗོད་བྱ་གློ་བུར་དུ་དང༌། དོན་གྱི་ངོ་བོའི་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་པ་དང༌། དོན་གྱི་ཁྱད་པར་གྱི་བརྗོད་བྱ་རྗོད་བྱེད་འབྲེལ་པ་བཏགས་པ་ཙམ་དུ་རྟོགས་པའི་བསམ་བྱུང་གི་ཤེས་རབ། ཡོངས་སུ་ཤེས་པའི་མཚན་ཉིད། ཀུན་ཏུ་ཚོལ་བས་བཙལ་བ་ལྟར་ཤེས་པའི་སྒོམ་བྱུང་གི་ཤེས་རབ། དབྱེ་ན་མིང་དང༌། དངོས་པོ་དང༌། ངོ་བོ་ཉིད་འདོགས་པ་དང༌། ཁྱད་པར་དུ་འདོགས་པ། ཡང་དག་པ་ཅི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞིའི་མཚན་ཉིད་རིམ་པ་ལྟར། མིང་དང་མིང་གི་བརྗོད་པ་ལྟར་གྱི་དངོས་པོ་དང་ངོ་བོ་ཉིད་རྫས་སུ་དང་བྱེ་བྲག་རྫས་སུ་མི་དམིགས་པར་ཤེས་པའི་སྒོམ་བྱུང་གི་ཤེས་རབ། རྣལ་འབྱོར་གྱི་སའི་མཚན་ཉིད། བྱང་སེམས་ཀྱི་རྣལ་འབྱོར་གྱི་སྦྱོར་དངོས་འབྲས་བུ་གང་རུང་གིས་བསྡུས་པ། དབྱེ་ན་ལྔའི། རྣལ་འབྱོར་གྱི་སྦྱོར་བ་བཞི་དང་སྐྱེད་པའི་མཚན་ཉིད་རིམ་པ་ལྟར། བྱང་སེམས་ཚོགས་ལམ་པའི་བདེན་བཞི་མང་དུ་ཐོས་པའི་ཐོས་བྱུང་གི་དང༌། བྱང་སེམས་ཚོགས་ལམ་པའི་ཐོས་པའི་དོན་ཚུལ་བཞིན་ཡིད་ལ་བྱེད་པའི་བསམ་བྱུང་གི་ཤེས་རབ། ངོ་བོ་མེ་ལོང་ལྟ་བུ་དང་སྣང་བའི་མཚན་ཉིད་རིམ་པ་ལྟར། བྱང་སེམས་སྦྱོར་ལམ་པའི་ཏིང་ངེ་འཛིན་རྒྱུ་མཚན་དང་བཅས་པ་དང༌། བྱང་སེམས་མཐོང་ལམ་པའི་ཆོས་ཉིད་མངོན་སུམ་དུ་སྣང་བའི་ཡེ་ཤེས། འབྲས་བུ་གནས་ཀྱི་མཚན་ཉིད། འཇིག་རྟེན་པའི་ལམ་གནས་གྱུར་པའི་ཐེག་ཆེན་འཕགས་པའི་ཡེ་ཤེས། མདོ་སྡེ་རྒྱན་ལྟར་ན། སློབ་ལམ་གནས་གྱུར་པ་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས། ཆོས་དང་དོན་དང་ཡི་གེ་དང་ངེས་ཚིག་དང་སྔོན་ཕྱིའི་མཐའི་དགོངས་པ་ལ་མཁས་པ་ལྔའི་མཚན་ཉིད་རིམ་པ་ལྟར། གསུང་རབ་མང་དུ་ཐོས་པའི་ཤེས་རབ་དང༌། གསུང་རབ་ཀྱི་དོན་ཤེས་པ་དང༌། ངེས་ཚིག་བཟང་པོའི་ཡི་གེ་ཤེས་པ་དང༌། བདག་ཉིད་ཀྱི་ལྗོངས་ཀྱི་མིང་ལ་མ་ཞེན་པར་ཐ་སྙད་བྱེད་པ་ཤེས་པ་དང༌། སྔར་ཟིན་པའི་ཆོས་རྣམས་ལ་བརྟེན་ཏེ་ཕྱིས་དགོངས་པ་རྟོགས་པས་ཐོས་པ་ཙམ་ལས་ངེས་པར་འབྱུང་བར་བྱ་བ་ཤེས་པ། ཆོས་ལ་གནས་པ་རྫོགས་པའི་མཚན་ཉིད། ཐོས་བསམ་དང་སྒོམ་གཉིས་ཀ་ཟུང་འབྲེལ་དུ་སྒྲུབ་པ། ཤིན་ཏུ་རྒྱས་པར་བསྟན་པ་ཕར་ཕྱིན་སྤྱིའི་མཚན་ཉིད། དམ་པ་དྲུག་ལྡན་གྱི་ལམ། དབྱེ་ན་དྲུག་གི་མཚན་ཉིད། རིམ་པ་ལྟར། དམ་པ་དྲུག་ལྡན་གྱི་ལམ་གང་ཞིག་ཅེས་ཀུན་ལ་སྦྱར་ཏེ། སྦྱིན་བྱའི་རྫས་གཏོང་བ་དང༌། ཉེས་སྤྱོད་སྤོང་བའི་སེམས་པ་དང༌། སྲན་ཐུབ་པ་དང༌། དགེ་བ་ལ་སྤྲོ་བ་དང༌། སེམས་རྩེ་གཅིག་པ་དང༌། ཆོས་རབ་ཏུ་རྣམ་འབྱེད། དགོངས་ལྡེམ་དགོངས་ཀྱི་མཚན་ཉིད། རིམ་པ་ལྟར་དགོངས་གཞི་དང་དགོངས་པ་གཙོ་བོར་སྟོན་པའི་མདོ། དགོངས་པ་ལ་དབྱེ་ན། མཉམ་ཉིད་དང༌། དུས་གཞན་དང༌། དོན་གཞན་དང༌། གང་ཟག་གི་བསམ་པ་ལ་དགོངས་པ་བཞིའི་མཚན་ཉིད་རིམ་པ་ལྟར། སངས་རྒྱས་ལ་བརྙས་པའི་གཉེན་པོར་ཆོས་སྐུ་མཉམ་པ་དང༌། ལེ་ལོའི་གཉེན་པོར་དུས་རིང་མོ་ན་དེ་ལྟར་འགྱུར་བ་ལ་དང༌། བདེན་ཞེན་གྱི་གཉེན་པོར་ངོ་བོ་ཉིད་གསུམ་ལ་དང༌། མཆོག་འཛིན་གྱི་གཉེན་པོར་དམན་མཆོག་གི་ལྟོས་པ་ཐ་དད་ལ་དགོངས་ནས་གསུང་པའི་མདོ། ལྡེམ་དགོངས་ལ་དབྱེ་ན་གཞུག་པ་དང༌། མཚན་ཉིད་དང༌། གཉེན་པོ་དང༌། སྒྱུར་བ་ལ་ལྡེམ་པོར་དགོངས་པ་བཞིའི་མཚན་ཉིད་རིམ་པ་ལྟར། བསྟན་པ་ལ་གཞུག་པའི་ཆེད་དུ་དོན་གཞན་ལ་དང༌། བདེན་ཞེན་གྱི་གཉེན་པོར་དོན་གཞན་ལ་དང༌། གདུལ་བྱ་ཉེ་རིང་ལ་སྤང་བྱ་གང་དང་གང་ཡོད་པ་དེའི་གཉེན་པོར་དགོངས་པ་བཞི་ཅི་རིགས་པ་ལ་དགོངས་ནས་གསུང་པའི་མདོ། ཆོས་རྟོགས་སླ་བའི་གཉེན་པོར་དགོངས་གཞིའི་བརྗོད་བྱ་ཟབ་མོ་ལ་དགོངས་ནས་རྗོད་བྱེད་གཞན་གྱིས་གསུངས་པའི་མདོ། དྲང་དོན་དང་ངེས་དོན་གྱི་མཚན་ཉིད། རིམ་པ་ལྟར། དངོས་ཀྱི་བརྗོད་བྱ་ལ་གནོད་བྱེད་ཡོད་པས་དགོངས་པ་གཞན་བཙལ་དགོས་པའི་མདོ། དངོས་ཀྱི་བརྗོད་བྱ་ལ་གནོད་བྱེད་མེད་པས་དགོངས་པ་གཞན་བཙལ་མི་དགོས་པའི་མདོའོ། །ཆོས་མངོན་པ་ཀུན་ལས་བཏུས་པའི་མཚན་ཉིད་རབ་ཏུ་གསལ་བ་ལས་ལེའུ་གསུམ་པའི་ཆོས་རྣམས་ཀྱི་མཚན་ཉིད་དེ་གསུམ་པའོ།།  །།ཐོབ་པ་རྣམ་ངེས་ལ། ཐོབ་པ་པོ་གང་ཟག་དང༌། ཐོབ་བྱ་མངོན་རྟོགས་དང༌། མངོན་རྟོགས་སུ་འདུས་པའི་ཡོན་ཏན་གསུམ་གྱི་དང་པོའི་མཚན་ཉིད། རྒྱུན་གྱིས་བསྡུས་པའི་སེམས་དང་བཅས་པའི་ཕུང་པོའི་རྒྱུན། དབྱེ་ན་སྡེ་ཚན་བདུན་གྱི་དང་པོ་སྤྱོད་པས་རབ་ཏུ་དབྱེ་བའི་མཚན་ཉིད། སྤང་བྱ་རྒྱུད་ལ་བསྟེན་པས་ཕྱེ་བའི་གང་ཟག དབྱེ་ན་བདུན་གྱི་འདོད་ཆགས་ལ་སྤྱོད་པའི་གང་ཟག་གི་མཚན་ཉིད། འདོད་ཆགས་ཤས་ཆེ་ཞིང་རྒྱུན་རིང་བའི་གང་ཟག ཞེ་སྡང་དང་གཏི་མུག་དང་ང་རྒྱལ་རྣམ་རྟོག་ལ་སྤྱོད་པ་བཞི་ལའང་བསྒྲེའོ། །ཆ་མཉམ་པ་ལ་སྤྱོད་པ་དང་ཉོན་མོངས་ཆུང་བའི་གང་ཟག་གི་མཚན་ཉིད། རིམ་པ་ལྟར་ཡུལ་མཐུན་པར་ཉོན་མོངས་འབྱུང་བ་དང༌། ཉོན་མོངས་པ་སྲབ་པའི་རང་བཞིན་དུ་གནས་པའི་གང་ཟག གཉིས་པ་ངེས་པར་འབྱུང་བས་དབྱེ་བའི་མཚན་ཉིད། བྱང་ཆུབ་གསུམ་གང་རུང་དུ་ངེས་པར་འབྱུང་བས་ཕྱེ་བའི་གང་ཟག དབྱེ་ན་ཉན་རང་ཐེག་ཆེན་པའི་གང་ཟག་གསུམ་གྱི་མཚན་ཉིད་རིམ་པ་ལྟར། རིགས་ཅན་གསུམ་གྱི་ནང་ནས་རང་བཞིན་གྱི་དབང་པོ་རྟུལ་འབྲིང་རྣོ་བའི་གང་ཟག་གོ །ཡང་ན་དངོས་པོའི་མཚན་ཉིད། ཉན་ཐོས་ཀྱི་ལམ་གྱིས་ཉན་ཐོས་ཀྱི་བྱང་ཆུབ་ཏུ་ངེས་པར་འབྱུང་བའི་གང་ཟག དབྱེ་ན་ངེས་པ་དང་མ་ངེས་པ་གཉིས་ཀྱི་མཚན་ཉིད་རིམ་པ་ལྟར། རྐྱེན་དབང་གིས་ཐེག་པ་གཞན་དུ་མི་འགྱུར་བར་ཉན་ཐོས་ཀྱི་བྱང་ཆུབ་ཉིད་དུ་ངེས་པར་འབྱུང་བའི་དང༌། རྐྱེན་དབང་གིས་ཐེག་པ་གཞན་གྱི་བྱང་ཆུབ་ཏུའང་ངེས་པར་འབྱུང་སྲིད་པའི་ཉན་ཐོས། གཉིས་པའི་མཚན་ཉིད། རང་རྒྱལ་གྱི་ལམ་གྱིས་རང་རྒྱལ་གྱི་བྱང་ཆུབ་ཏུ་ངེས་པར་འབྱུང་བའི་གང་ཟག དབྱེ་ན་ངེས་མ་ངེས་གཉིས་ཀྱི་མཚན་ཉིད་བསྒྲེའོ། །ཡང་བསེ་རུ་དང་ཚོགས་སྤྱོད་གཉིས་ཀྱི་མཚན་ཉིད་རིམ་པ་ལྟར། སྲིད་པ་ཐ་མ་པའི་ཚེ་རང་དང་ཐེག་པ་གཅིག་པའི་འགྲན་ཟླ་དང་ལྷན་ཅིག་མི་གནས་པ་དང་གནས་པའི་རང་རྒྱལ་གྱི་གང་ཟག ཚོགས་སྤྱོད་ལ་དབྱེ་ན་འཕགས་ལམ་སྔོན་དུ་མ་སོང་བ་དང་སོང་བ་གཉིས་ཀྱི་མཚན་ཉིད་རིམ་པ་ལྟར། སློབ་དཔོན་ལ་དངོས་སུ་ལྟོས་ཏེ་མཐོང་ལམ་མ་སྐྱེས་པ་དང་རང་རྒྱལ་ཚོགས་སྤྱོད་ཀྱི་གང་ཟག ཐེག་ཆེན་པ་དང་དབྱེ་བ་ངེས་མ་ངེས་ཀྱི་མཚན་ཉིད་བསྒྲེའོ། །སྡེ་ཚན་གསུམ་པ་ཉེ་བར་བརྟན་པས་དབྱེ་བའི་མཚན་ཉིད། ཚོགས་བསགས་མ་བསགས་ཀྱི་ཕྱེ་བའི་གང་ཟག དབྱེ་ན་ཚོགས་སྦྱོར་བ་གཉིས་ཀྱི་དང་པོ་ལའང་ཚོགས་ལམ་པ་ཚོགས་མ་བསགས་པ་དང༌། བསགས་མ་བསགས་གཉིས་ཀ་དང༌། བསགས་པ་གསུམ་གྱི་མཚན་ཉིད་རིམ་པ་ལྟར། ཐར་པ་ཆ་མཐུན་ཆུང་འབྲིང་ཆེན་པོ་དང་ལྡན་ཞིང་སྦྱོར་ལམ་སྐྱེ་བའི་དུས་ངེས་པ་མེད་པ་དང༌། ངེས་པ་ཐོབ་ཙམ་དང་ཚེ་དེ་ཉིད་ལ་སྐྱེ་བའི་གང་ཟག་སོ་སོར་སྦྱར་རོ། །སྦྱོར་ལམ་པ་གསུམ་གྱིའང་རིམ་པ་ལྟར། ངེས་འབྱེད་ཆ་མཐུན་ཆུང་འབྲིང་ཆེན་པོ་དང་ལྡན་ཞིང་མཐོང་ལམ་སྐྱེ་བའི་དུས་ངེས་པ་མེད་པ་དང་དུས་ངེས་པ་ཐོབ་ཙམ་དང་ཆོས་མཆོག་པ་མིན་ཞིང་མཐོང་ལམ་ཚེ་དེ་ཉིད་ལ་སྐྱེ་བའི་གང་ཟག སྡེ་ཚན་བཞི་པ་སྦྱོར་བས་དབྱེ་བའི་མཚན་ཉིད། བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་སྦྱོར་བས་ཕྱེ་བའི་གང་ཟག་དབྱེ་ན་གཉིས་ཀྱི་དད་པས་རྗེས་འབྲང་གི་མཚན་ཉིད། ཚོགས་ལམ་རྫོགས་པའི་གང་ཟག་དབང་རྟུལ་གང་ཞིག་གཞན་གྱིས་བསྟན་པ་ཙམ་གྱིས་རྗེས་སུ་འབྲང་ནས་བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་སྦྱོར་བ། ཆོས་ཀྱི་རྗེས་འབྲང་གི་མཚན་ཉིད། ཚོགས་ལམ་རྫོགས་པའི་གང་ཟག་དབང་རྣོན་གང་ཞིག་བདག་ཉིད་ཀྱིས་བདེན་པའི་དབང་དུ་བྱས་པའི་ཆོས་ལ་དཔྱད་ནས་བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་སྦྱོར་བ། སྡེ་ཚན་བཞི་པ་འབྲས་བུས་ཕྱེ་བའི་མཚན་ཉིད། ཞུགས་འབྲས་གང་རུང་གིས་ཕྱེ་བའི་གང་ཟག དབྱེ་ན་ཉེར་བདུན་གྱི་དད་མོས་དང་མཐོང་ཐོབ་ཀྱི་མཚན་ཉིད། སློབ་པའི་འབྲས་གནས་གང་ཞིག་དད་པ་དང་ཤེས་རབ་ལྷག་པས་ཕྱེ་བའི་གང་ཟག ཕྱིར་མི་འོང་ལུས་མངོན་བྱེད་ཀྱི་མཚན་ཉིད། རྣམ་ཐར་བརྒྱད་ལ་སྙོམས་པར་འཇུག་ནུས་པའི་ཕྱིར་མི་འོང༌། ཤེས་རབ་ཀྱིས་དང་གཉིས་ཀའི་ཆ་ལས་རྣམ་གྲོལ་གྱི་མཚན་ཉིད། རྣམ་ཐར་བརྒྱད་ལ་སྙོམས་པར་འཇུག་མི་ནུས་པ་དང་ནུས་པའི་དགྲ་བཅོམ། རྒྱུན་ཞུགས་ཞུགས་པའི་མཚན་ཉིད། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་དོན་དུ་བརྩོན་པའི་ཉན་ཐོས་ཞུགས་པ། དབྱེ་ན་རིམ་སྐྱེས་པ་དང་ཅིག་ཆར་བའི་རྒྱུན་ཞུགས་ཞུགས་པ་གཉིས་ཀྱི་མཚན་ཉིད། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་དོན་དུ་བརྩོན་པའི་རིམ་གྱིས་པ་དང༌། ཅིག་ཆར་བའི་ཉན་ཐོས་ཞུགས་པ། རྒྱུན་ཞུགས་འབྲས་གནས་ཀྱི་མཚན་ཉིད། སྒོམ་སྤང་འདོད་ཉོན་དགུ་པ་མ་སྤངས་པའི་ཉན་ཐོས་འབྲས་གནས་གང་ཞིག་ཕྱིར་འོང་མིན་པ། དབྱེ་ན་རིམ་གྱིས་པ་དང་ཅིག་ཆར་གྱི་རྒྱུན་ཞུགས་འབྲས་གནས་ཀྱི་མཚན་ཉིད། སྒོམ་སྤང་འདོད་ཉོན་དྲུག་པ་མ་སྤངས་པའི་རིམ་གྱིས་པའི་ཉན་ཐོས་འབྲས་གནས་དང༌། སྒོམ་སྤང་འདོད་ཉོན་དགུ་པ་མ་སྤངས་པའི་ཅིག་ཆར་བའི་ཉན་ཐོས་འབྲས་གནས། ཡང་ན་རྒྱུན་ཞུགས་འབྲས་གནས་གང་ཞིག་ཁམས་གསུམ་གྱི་སྒོམ་སྤང་ཉོན་མོངས་རྣམ་པས་རིམ་གྱིས་དང་ཅིག་ཆར་སྤོང་བར་འགྱུར་བ། ཡང་འབྲས་གནས་ཙམ་པོ་དང་ཁྱད་པར་ཅན་གཉིས་ཀྱི་མཚན་ཉིད། དེ་གང་ཞིག་འབྲས་བུ་ཕྱི་མ་ཐོབ་དོན་དུ་མི་བརྩོན་པ་དང་བརྩོན་པ། རིམ་གྱིས་པའི་ཙམ་ཁྱད་གཉིས་ཀྱི་མཚན་ཉིད། རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་གང་ཞིག་ཕྱིར་འོང་ཐོབ་དོན་དུ་མི་བརྩོན་པ་དང་བརྩོན་པ། ཅིག་ཆར་བའི་ཙམ་ཁྱད་གཉིས་ཀྱི་མཚན་ཉིད། ཅིག་ཅར་པའི་དེ་གང་ཞིག་དགྲ་བཅོམ་ཐོབ་དོན་དུ་མི་བརྩོན་པ་དང་བརྩོན་པ། ཕྱིར་འོང་ཞུགས་པའི། ཕྱིར་འོང་གི་འབྲས་བུ་ཐོབ་དོན་དུ་བརྩོན་པའི་ཉན་ཐོས་ཞུགས་པ། འབྲས་བུ་ཐོད་རྒལ་བའི་དང་མཐར་གྱིས་པའི་ཕྱིར་འོང་ཞུགས་པ་གཉིས་ཀྱི་མཚན་ཉིད། རྒྱུན་ཞུགས་མ་ཐོབ་པ་དང་ཐོབ་ཟིན་ནས་ཕྱིར་འོང་གི་འབྲས་བུ་ཐོབ་དོན་དུ་བརྩོན་པའི་ཉན་ཐོས་ཞུགས་པ། ཕྱིར་འོང་འབྲས་གནས་ཀྱི་མཚན་ཉིད། སྒོམ་སྤང་འདོད་ཉོན་དགུ་པ་མ་སྤངས་པའི་ཉན་ཐོས་འབྲས་གནས་གང་ཞིག་རྒྱུན་ཞུགས་མིན་པ། དབྱེ་ན་འབྲས་བུ་ཐོད་རྒལ་བ་དང་རིམ་གྱིས་པའི་ཕྱིར་འོང་འབྲས་གནས་གཉིས་ཀྱི་མཚན་ཉིད། མཐོང་ལམ་མ་ཐོབ་གོང་དུ་དང༌། རྒྱུན་ཞུགས་མཐོང་ལམ་གྱིས་ཐོབ་ཟིན་ནས་སྒོམ་སྤང་འདོད་ཉོན་དགུ་པ་མན་ཆད་གང་རུང་སྤངས་ཤིང་དགུ་པ་མ་སྤངས་བའི་འབྲས་བུ་ཐོད་རྒལ་བ་དང་རིམ་གྱིས་པའི་ཉན་ཐོས་འབྲས་གནས། འབྲས་བུ་རིམ་སྐྱེས་པ་ལའང་འཇིག་རྟེན་པ་དང་འདས་པའི་ལམ་གྱིས་ཐོབ་པ་གཉིས་ཀྱི་མཚན་ཉིད། རྒྱུན་ཞུགས་མཐོང་ལམ་གྱིས་ཐོབ་ཟིན་ནས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྒོམ་ལམ་གྱིས་སྒོམ་སྤང་འདོད་ཉོན་དྲུག་པ་སྤངས་པས་འབྲས་བུ་ཐོབ་པའི་ཕྱིར་འོང་འབྲས་གནས། ཡང་ཕྱིར་འོང་འབྲས་གནས་ཙམ་ཁྱད་གཉིས་ཀྱི་མཚན་ཉིད། ཕྱིར་འོང་འབྲས་གནས་གང་ཞིག་ཕྱིར་མི་འོང་ཐོབ་དོན་དུ་མི་བརྩོན་པ་དང་བརྩོན་པ། ཕྱིར་མི་འོང་ཞུགས་པའི་བསྒྲེའོ། །དབྱེ་ན་ཐོད་རྒལ་བ་དང་རིམ་གྱིས་པའི་ཞུགས་པ་གཉིས་ཀྱི་མཚན་ཉིད། ཕྱིར་མི་འོང་མ་ཐོབ་པར་དང་ཐོབ་ཟིན་ནས་ཕྱིར་མི་འོང་གི་འབྲས་བུ་ཐོབ་དོན་དུ་བརྩོན་པའི་ཉན་ཐོས་ཞུགས་པ། ཕྱིར་མི་འོང་འབྲས་གནས་ཀྱི་མཚན་ཉིད། སྒོམ་སྤང་འདོད་ཉོན་དགུ་པ་སྤངས་པའི་ཉན་ཐོས་སློབ་པའི་འབྲས་གནས། དབྱེ་ན་འབྲས་བུ་ཐོད་རྒལ་བ་དང་རིམ་གྱིས་པ་གཉིས་ཀྱི་མཚན་ཉིད། མཐོང་ལམ་མ་ཐོབ་གོང་དུ་དང་ཕྱིར་འོང་ཐོབ་ཟིན་ནས་སྒོམ་སྤང་འདོད་ཉོན་དགུ་པ་སྤངས་པའི་ཉན་ཐོས་སློབ་པའི་འབྲས་གནས། འབྲས་བུ་རིམ་གྱིས་པ་ལའང་འཇིག་རྟེན་པ་དང་འདས་པའི་ལམ་གྱི་ཐོབ་པ་གཉིས་ཀྱི་མཚན་ཉིད། ཕྱིར་འོང་ཐོབ་ཟིན་ནས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྒོམ་ལམ་གྱི་སྒོམ་སྤང་འདོད་ཉོན་དགུ་པ་སྤངས་པས་འབྲས་བུ་ཐོབ་པའི་ཕྱིར་མི་འོང་འབྲས་གནས། ཡང་ཙམ་ཁྱད་གཉིས་ཀྱི་བསྒྲེའོ། །དགྲ་བཅོམ་ཞུགས་པའི་བསྒྲེའོ། །དབྱེ་ན་གཅིག་ཆར་བ་དང་མཐར་གྱིས་བའི་ཞུགས་པ་གཉིས་ཀྱི་མཚན་ཉིད། ཁམས་གསུམ་གྱི་ཉོན་མོངས་རྣམ་པས་ཅིག་ཆར་སྤོང་བས་དང༌། སྒོམ་སྤང་འདོད་ཉོན་དགུ་པ་སྤང་ནས་དགྲ་བཅོམ་ཐོབ་དོན་དུ་བརྩོན་པའི་ཉན་ཐོས་ཞུགས་པ། དགྲ་བཅོམ་འབྲས་གནས་ཀྱི་མཚན་ཉིད། སྲིད་རྩེའི་ཉོན་མོངས་དགུ་པ་སྤངས་པའི་འམ་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བའི་ཉན་ཐོས་འབྲས་གནས། དབྱེ་ན་ཅིག་ཆར་བ་དང་རིམ་གྱིས་པ་གཉིས་ཀྱི་མཚན་ཉིད། སློབ་ལམ་གྱི་ཚེ་ཁམས་གསུམ་གྱི་སྒོམ་སྤང་ཉོན་མོངས་རྣམས་པས་ཅིག་ཆར་དང་རིམ་གྱིས་སྤངས་པས་ཐོབ་པའི་དགྲ་བཅོམ། ཡང་དུས་སྦྱོར་དུས་མི་སྦྱོར་གཉིས་ཀྱི་མཚན་ཉིད། མཐུན་རྐྱེན་ཚང་བ་སོགས་དུས་ཀྱི་སྦྱོར་བ་ལ་ལྟོས་ནས་དང་འདོད་དགུར་རྣམ་གྲོལ་མངོན་དུ་བྱེད་པའི་དགྲ་བཅོམ། ཡང་རྒྱུན་ཞུགས་གཉིས་ཀྱི་རེ་ལྟར་ཐོག་ན་སྲིད་པ་ལན་བདུན་པའི་མཚན་ཉིད། འདོད་པའི་ལྷ་མིར་སྐྱེ་བ་ལན་བདུན་བླང་ནས་མྱ་ངན་ལས་འདའ་བའི་རྒྱུན་ཞུགས་འབྲས་གནས། རིགས་ནས་རིགས་སྐྱེའི་མཚན་ཉིད། སྒོམ་སྤངས་འདོད་ཉོན་གསུམ་མམ་བཞི་སྤངས་ཤིང་དེའི་གཉེན་པོ་ཟག་མེད་ཐོབ་ལ་འདོད་པའི་ལྷའམ་མིར་སྐྱེ་བ་རིགས་མཐུན་གཉིས་སམ་གསུམ་བླང་ནས་མྱ་ངན་ལས་འདའ་བའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན། དབྱེ་ན་གཉིས་ཀྱི་མཚན་ཉིད་སོ་སོར་ཕྱེ་བའོ། །ཕྱིར་འོང་བར་ཆད་གཅིག་པའི་མཚན་ཉིད། སྒོམ་སྤང་འདོད་ཉོན་བདུན་པའམ་བརྒྱད་པ་སྤངས་ཤིང་འདོད་ལྷར་སྐྱེ་བ་གཅིག་བླང་ནས་མྱ་ངན་འདའ་བའི་ཕྱིར་འོང་འབྲས་གནས་ཁྱད་པར་ཅན། ཕྱིར་མི་འོང་བ་གསུམ་སྟེ། གཟུགས་སུ་ཉེར་འགྲོ་དང་གཟུགས་མེད་དུ་ཉེར་འགྲོ་དང༌། མཐོང་ཆོས་ཞིའོ། །དང་པོའི་མཚན་ཉིད། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག་གཟུགས་ཁམས་སུ་སྲིད་པ་ལེན་པ། དབྱེ་ན་བར་དོར་འདའ་བ་དང༌། སྐྱེས་ནས་འདའ་བ་དང༌། གོང་དུ་འཕོ་བ་གསུམ་གྱི་མཚན་ཉིད། དེ་གང་དག་སྲིད་པ་གཞན་གྱིས་བར་མ་ཆོད་པར་གཟུགས་ཀྱི་བར་སྲིད་དུ་དང༌། སྐྱེ་སྲིད་གཞན་གྱིས་བར་མ་ཆོད་པར་གཟུགས་ཀྱི་སྐྱེ་སྲིད་དུ་དང༌། གཟུགས་ཀྱི་སྐྱེ་སྲིད་གཉིས་བླང་ནས་མྱ་ངན་ལས་འདའ་བ། དང་པོ་ལ་དབྱེ་ན་མྱུར་བར་དང་མྱུར་བ་མིན་པར་དང༌། ཡུན་རིང་མོ་ཞིག་ནས་འདའ་བ་གསུམ་གྱི་མཚན་ཉིད། དེ་གང་ཞིག་སྲིད་པ་གཞན་གྱིས་བར་མ་ཆོད་པར་གཟུགས་ཀྱི་བར་སྲིད་གྲུབ་མ་ཐག་དང༌། བར་སྲིད་ཅུང་ཟད་ནས་དང༌། བར་སྲིད་ནས་སྐྱེ་སྲིད་དུ་འགྲོ་བར་སེམས་ཤིང་དེ་མ་ཐོབ་པ་ན་མྱ་ངན་ལས་འདའ་བ། སྐྱེས་ནས་འདའ་བ་ལ་དབྱེ་ན། སྐྱེས་མ་ཐག་དང༌། འདུ་བྱེད་མེད་པར་དང༌། འདུ་བྱེད་དང་བཅས་པར་འདའ་བ་གསུམ་གྱི་མཚན་ཉིད། དེ་གང་ཞིག་སྐྱེ་སྲིད་གཞན་གྱིས་བར་མ་ཆོད་པར་གཟུགས་ཀྱི་སྐྱེ་སྲིད་དུ་སྐྱེས་མ་ཐག་དང༌། སྐྱེས་ནས་ཅུང་ཟད་གནས་ཏེ་འབད་མེད་དུ་ལམ་མངོན་དུ་བྱས་ནས་དང༌། སྐྱེས་ནས་ཚེ་མཇུག་ཏུ་འབད་པས་ལམ་མངོན་དུ་བྱས་ནས་མྱ་ངན་ལས་འདའ་བ། གོང་དུ་འཕོ་བ་ལ་དབྱེ་ན། འོག་མིན་འགྲོ་དང་སྲིད་རྩེར་འགྲོ་གཉིས་ཀྱི་མཚན་ཉིད། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གོང་དུ་འཕོ་བ་གང་ཞིག་འོག་མིན་དུ་དང་སྲིད་རྩེར་མྱ་ངན་ལས་འདའ་བ། དང་པོ་ལ་དབྱེ་ན་འཕར་བ་དང༌། ཕྱེད་དུ་འཕར་བ་དང༌། གནས་ཐམས་ཅད་དུ་འཆི་འཕོ་བ་གསུམ་གྱི་མཚན་ཉིད། འོག་མིན་འགྲོ་གང་ཞིག་འདོད་པ་ནས་ཚངས་རིས་དང་དེ་ནས་འོག་མིན་དུ་སྐྱེས་ནས་དང༌། འདོད་པ་ནས་ཚངས་རིས་དང་དེ་ནས་གནས་གཙང་མ་འོག་མ་གང་རུང་དང་དེ་ནས་འོག་མིན་དུ་སྐྱེས་ནས་དང༌། ཚངས་ཆེན་མ་གཏོགས་གཟུགས་ཀྱི་གནས་གཞན་ཐམས་ཅད་དུ་རིམ་གྱིས་སྐྱེས་ནས་འོག་མིན་དུ་མྱ་ངན་ལས་འདའ་བ། གཟུགས་མེད་དུ་ཉེར་འགྲོའི་མཚན་ཉིད། གཟུགས་ལས་ཆགས་པ་དང་བྲལ་བའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག་གཟུགས་མེད་དུ་སྐྱེས་ནས་མྱ་ངན་ལས་འདའ་བ། དབྱེ་ན་སྐྱེས་ནས་དང༌། འདུ་བྱེད་མེད་པར་དང༌། འདུ་བྱེད་དང་བཅས་པས་དང༌། གོང་དུ་འཕོ་བ་བཞིའི་མཚན་ཉིད། དེ་གང་ཞིག་སྲིད་པ་གཞན་གྱིས་བར་མ་ཆོད་པར་གཟུགས་མེད་དུ་སྐྱེས་མ་ཐག་དང༌། སྐྱེས་ནས་ཚེ་དཀྱིལ་དུ་འབད་མེད་དུ་ལམ་མངོན་དུ་བྱས་ནས་དང༌། སྐྱེས་ནས་ཚེ་མཇུག་ཏུ་འབད་པས་ལམ་མངོན་དུ་བྱས་ནས་དང༌། གཟུགས་མེད་བཞིར་རིམ་གྱིས་སྐྱེས་ནས་སྲིད་རྩེར་མྱ་ངན་ལས་འདའ་བ། མཐོང་ཆོས་ཞི་བའི་མཚན་ཉིད། མཐོང་ལམ་ཐོབ་པའི་ཚེ་དེ་ཉིད་ལ་མྱ་ངན་ལས་འདའ་བའི་ཕྱིར་མི་འོང༌། འཕར་གསུམ་གྱི་དབྱེ་བ་དང་གཟུགས་མེད་དུ་ཉེར་འགྲོ་དང་མཐོང་ཆོས་ཞི་ནི་འདིར་མ་གསུངས་ཀྱང་གཞན་དུ་གསུངས་སོ། །སྤེལ་སྒོམ་གྱི་མཚན་ཉིད། སྒོམ་ཐུན་གཅིག་ལ་བསམ་གཏན་བཞི་པ་ཟག་བཅས་དང་ཟག་མེད་སྤེལ་ནས་སྒོམ་པའི་རྣལ་འབྱོར། དབྱེ་ན་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཆེས་ཆེ་བ་དང་ཤིན་ཏུ་ཆེས་ཆེ་བ་ལྔའི་མཚན་ཉིད། སྒོམ་ཐུན་གཅིག་ལ་བསམ་གཏན་བཞི་པ་ཟག་བཅས་དང་ཟག་མེད་གསུམ་དང༌། དྲུག་དང༌། དགུ་དང༌། བཅུ་གཉིས་དང༌། བཅོ་ལྔ་ལ་སྤེལ་ནས་སྒོམ་པའི་རྣལ་འབྱོར། དགྲ་བཅོམ་ལ་དབྱེ་ན། ཡོངས་སུ་ཉམས་པ་དང༌། བདག་གསོད་པ་དང༌། རྗེས་སུ་བསྲུང་བ་དང༌། གནས་པ་ལས་མི་བསྐྱོད་པ་དང༌། རབ་ཏུ་རྟོགས་པའི་འོས་སུ་གྱུར་པ་དང༌། མི་གཡོ་བའི་ཆོས་ཅན་དྲུག་གི་མཚན་ཉིད། མཐོང་ཆོས་ལ་བདེར་གནས་ཀྱི་སྙོམས་འཇུག་ལས་ཉམས་པར་ངེས་པའི་དགྲ་བཅོམ་དབང་རྟུལ་དང༌། དེ་ལས་རང་གིས་རང་མི་གསོད་ན་ཉམས་ཤིང་གསོད་ན་མི་ཉམས་པའི་དང༌། དེ་ལས་གཡོས་ན་ཉམས་ཤིང་མ་གཡོས་ན་མི་ཉམས་པའི་དང༌། དེ་ལས་མི་ཉམས་ཤིང་དབང་པོ་སྦྱོང་བའི་སྐལ་བ་ཅན་མིན་པའི་དང༌། དབང་པོ་སྦྱོང་བའི་སྐལ་བ་ཅན་ཡིན་པའི་དགྲ་བཅོམ་དབང་རྟུལ་དང༌། དེ་ལས་ཡེ་མི་ཉམས་པའི་དགྲ་བཅོམ་དབང་རྣོན། ཁམས་ཀྱི་དབྱེ་བའི་མཚན་ཉིད། ཁམས་གསུམ་གང་རུང་གི་རྟེན་ཅན་གྱིས་ཕྱེ་བའི་གང་ཟག དབྱེ་ན་བཅུ་གཉིས་ཀྱི་སོ་སྐྱེ་དང་སློབ་མི་སློབ་དགུའི་མཚན་ཉིད། གཞུང་བཞིན་སྦྱར་རོ། །འདོད་གཟུགས་ན་སྤྱོད་པའི་བྱང་སེམས་ཀྱི་མཚན་ཉིད། དབང་ཐོབ་པས་གཟུགས་མེད་དུ་སྐྱེ་བ་སྤང་ནས་འདོད་གཟུགས་སུ་སྐྱེ་བ་འཛིན་པའི་བྱང་སེམས། འདོད་པ་ན་སྤྱོད་པའི་རང་རྒྱལ་གྱི་མཚན་ཉིད། རྫོགས་པའི་སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་དུ་འདོད་པའི་རྟེན་ལ་རང་དོན་དུ་བྱང་ཆུབ་མངོན་དུ་བྱེད་པའི་གང་ཟག ཡང་ན་འདོད་པའི་རྟེན་ལ་རང་གཅིག་པུའི་དོན་དུ་བདག་ཉིད་ཀྱིས་བྱང་ཆུབ་རྟོགས་པའི་གང་ཟག འདོད་པ་ན་སྤྱོད་པའི་བསམ་གྱིས་མི་ཁྱབ་པའི་དེ་ཤེས་པའི། འདོད་ཁམས་སུ་མཛད་པ་བཅུ་གཉིས་སྟོན་པའི་སངས་རྒྱས། སྤྱད་པས་དབྱེ་བའི་མཚན་ཉིད། བྱང་ཆུབ་ཆེན་པོའི་དོན་དུ་སྤྱོད་པ་སྤྱད་པས་ཕྱེ་བའི་གང་ཟག དབྱེ་ན་མོས་པ་དང༌། ལྷག་པའི་བསམ་པས་དང༌། མཚན་མ་དང་བཅས་པར་དང༌། མཚན་མ་མེད་པར་དང༌། མངོན་པར་འདུ་བྱ་བ་མེད་པར་སྤྱོད་པའི་བྱང་སེམས་ལྔའི་མཚན་ཉིད། ཆོས་ཉིད་ལ་སྤྱིའི་ཚུལ་གྱིས་མོས་ཡུལ་དུ་བྱེད་པའི་བྱང་སེམས་དང༌། ལྷག་བསམ་དག་པའི་ས་ལ་གནས་པའི་དང༌། རེས་འགའ་མི་འདོད་བཞིན་དུ་མཚན་མ་དང་འདྲེ་ཞིང་གཟུང་འཛིན་མངོན་གྱུར་དུ་འབྱུང་བའི་དང༌། སྒྲིམས་ནས་ཅི་སྲིད་འདོད་པར་མཚན་འཛིན་མངོན་གྱུར་མི་འབྱུང་བའི་དང༌། ལྷུན་གྲུབ་ཏུ་མི་རྟོག་པའི་ཡེ་ཤེས་འབྱུང་བའི་བྱང་སེམས་འཕགས་པ། གཉིས་པ་ཐོབ་བྱ་མངོན་རྟོགས་ཀྱི་མཚན་ཉིད། མངོན་སུམ་མམ་མངོན་སུམ་ལ་ཕྱོགས་པས་བདེན་བཞི་ཡང་དག་པར་ཁོང་དུ་ཆུད་པའི་རྟོགས་པ། དབྱེ་ན་བཅུའི་ཆོས་མངོན་རྟོགས་ཀྱི་མཚན་ཉིད། བདེན་བཞི་སྟོན་པའི་གསུང་རབ་ལ་ཚོགས་ལམ་གྱིས་བསྡུས་པའི་མོས་དད་ཆེན་པོ་ཐོབ་པའི་རྟོགས་པ། དོན་མངོན་རྟོགས་ཀྱི། བདེན་བཞི་སྟོན་པའི་གསུང་རབ་ཀྱི་དོན་ལ་སྦྱོར་ལམ་གྱིས་བསྡུས་པའི་བདེན་པ་ལ་ཆོས་ངེས་པར་སེམས་པའི་བཟོད་པ་ཆེན་པོ་ཐོབ་པའི་རྟོགས་པ། དེ་ཁོ་ན་ཉིད་ཀྱི་མངོན་རྟོགས་ཀྱི། བདེན་བཞིའི་གནས་ལུགས་མངོན་སུམ་དུ་རྟོགས་པའི་མཐོང་ལམ་གྱིས་བསྡུས་པའི་རྟོགས་པ། རྗེས་ལ་མངོན་རྟོགས་ཀྱི། བདེན་བཞིའི་གནས་ལུགས་མཐོང་ཟིན་སྒོམ་ལམ་གྱིས་བསྡུས་པའི་རྟོགས་པ། དཀོན་མཆོག་མངོན་རྟོགས་ཀྱི། ཟག་མེད་ཀྱི་ཤེས་པས་དཀོན་མཆོག་གི་ཡོན་ཏན་ཤེས་ནས་ཡིད་ཆེས་པའི་རྟོགས་པ། ཀུན་ཏུ་མི་འབྱུང་བའི་མངོན་རྟོགས་ཀྱི། ཟག་མེད་ཀྱི་སྡོམ་པ་ཐོབ་པས་རང་རྒྱུད་ཀྱི་ངན་སོང་རྒྱུ་དང་བཅས་པ་ཟད་པར་ཡིད་ཆེས་པའི་རྟོགས་པ། མཐར་ཐུག་མངོན་རྟོགས་ཀྱི། ཟད་མི་སྐྱེ་ཤེས་པའི་མཐར་ཕྱིན་པའི་ལམ་གྱིས་བསྡུས་པའི་རྟོགས་པ། ཉན་ཐོས་ཀྱི་མངོན་རྟོགས་ཀྱི། ཐེག་པ་གསུམ་ལས་རང་བཞིན་གྱིས་དབང་པོ་རྟུལ་པོ་མྱང་འདས་སུ་བགྲོད་བྱེད་ཀྱི་རྟོགས་པ། རང་རྒྱལ་གྱི་མངོན་རྟོགས་ཀྱི། ཐེག་པ་གསུམ་ལས་རང་བཞིན་གྱི་དབང་པོ་འབྲིང་པོ་མྱང་འདས་སུ་ཕྱིན་བྱེད་ཀྱི་རྟོགས་པ། བྱང་སེམས་ཀྱི་མངོན་རྟོགས་ལ་ཤེས་བྱ་དང་མངོན་དུ་བྱ་བའི་མངོན་རྟོགས་གཉིས་ཀྱི་དང་པོའི་མཚན་ཉིད། ཉན་རང་གི་རིགས་ཅན་རྣམས་འདུལ་བའི་ཆེད་དུ་བྱང་སེམས་ཀྱི་ཡོན་ཏན་ཡར་ལྡན་དུ་རང་ལ་སྐྱེད་ནས་ཤེས་བྱའི་མངོན་རྟོགས། གཉིས་པའི་མཚན་ཉིད། རྫོགས་པའི་སངས་རྒྱས་སུ་བགྲོད་བྱེད་ཀྱི་མངོན་རྟོགས། གསུམ་པ་མངོན་རྟོགས་སུ་འདུས་པའི་ཡོན་ཏན་གྱི་མཚན་ཉིད། ལམ་ལ་བསླབ་པས་ཐོབ་པའི་ཕན་ཡོན། དབྱེ་ན། ཚད། རྣམ། ཟིལ། ཟད། ཉོན། བསམ། སོ། མངོན། མཚན། ཡོངས། སྟོབས། མི། དྲན། བསྲུངས། བསྙེལ། བག ཐུགས། སངས། རྣམ། བཅུ་དགུ་དང་པོ་ཚད་མེད་ཀྱི་མཚན་ཉིད། དམིགས་ཡུལ་སེམས་ཅན་ཚད་མེད་པ་ལ་བརྩེ་བའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། དབྱེ་ན་དམིགས་པའི་སྒོ་ནས་སེམས་ཅན་དང༌། ཆོས་དང༌། དམིགས་པ་མེད་པའི་ཚད་མེད་གསུམ་གྱི་མཚན་ཉིད། དམིགས་ཡུལ་རྫས་སུ་ཡོད་པའི་དང༌། ཕུང་པོ་ཆོས་ཙམ་ལ་བཏགས་པའི་དང༌། སྒྱུ་མ་ལྟ་བུའི་སེམས་ཅན་ཚད་མེད་པ་ལ་བརྩེ་བའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། རྣམ་པའི་སྒོ་ནས་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཚད་མེད་པ་བཞིའི་མཚན་ཉིད། སེམས་ཅན་ཚད་མེད་པ་བདེ་བ་དང་ཕྲད་པར་དང༌། སྡུག་བསྔལ་དང་བྲལ་བར་དང༌། བདེ་བ་དང་མི་འབྲལ་བར་དང༌། ཆགས་སྡང་དང་བྲལ་བར་འདུན་པའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། རྣམ་ཐར་གྱི། རྣམ་ཐར་བརྒྱད་གང་རུང་གི་སྒྲིབ་པ་ལ་ཐར་པའི་ཆེད་དུ་སྒོམ་པའི་ཞི་ལྷག་གམ་སྙོམས་མཇུག དབྱེ་ན་བརྒྱད་ཀྱི་གཟུགས་ཅན་དང་གཟུགས་མེད་ལ་ལྟ་བའི་རྣམ་ཐར་གཉིས་ཀྱི་མཚན་ཉིད། སྤྲུལ་པའི་སྒྲིབ་པ་ལས་ཐར་བའི་ཆེད་དུ་རྣལ་འབྱོར་པ་བདག་ལ་གཟུགས་ཅན་དུ་དང་གཟུགས་ཅན་མིན་པར་འདུ་ཤེས་པས་ཕྱིའི་གཟུགས་ལ་སྣ་ཚོགས་ཀྱི་རྣམ་པར་མོས་པའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། སྡུག་པའི་རྣམ་ཐར་གྱི་མཚན་ཉིད། སྡུག་མི་སྡུག་སྤྲུལ་པ་ལ་སྤྲུལ་སྙིང་འདོད་མི་འདོད་ཀྱི་སྒྲིབ་པ་ལས་ཐར་བའི་ཆེད་དུ་གཟུགས་ཀུན་སྡུག་པར་རོ་གཅིག་པར་མོས་པའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། གཟུགས་མེད་ཀྱི་རྣམ་ཐར་བཞིའི་མཚན་ཉིད་རིམ་པ་ལྟར། གཟུགས་ཀྱི་རོ་མྱང་ལས་ཐར་པའི་ཆེད་དུ་ཐར་པ་དང་རྗེས་སུ་མཐུན་པའི་ནམ་མཁའ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་འཇུག་སྒོམ་པའི་དང༌། ཅི་ཡང་མེད་པའི་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྙོམས་འཇུག་སྒོམ་པའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། འགོག་པའི་རྣམ་ཐར་གྱི་མཚན་ཉིད། ཚོར་འདུ་འགོག་པའི་སྒྲིབ་པ་ལས་ཐར་བའི་ཆེད་དུ་སྒོམ་པའི་འགོག་པའི་སྙོམས་འཇུག ཟིལ་གནོན་གྱི་མཚན་ཉིད། རྣམ་ཐར་གྱིས་མོས་པའི་དམིགས་པ་ལ་དབང་བྱེད་པའི་ཕྱིར་ཟིལ་གྱིས་གནོན་པའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། དབྱེ་ན་དབྱིབས་ཀྱི་ཟིལ་གནོན་ནང་གཟུགས་སུ་འདུ་ཤེས་པས་ཕྱིའི་གཟུགས་ཆུང་ངུ་ངན་པ་དང་བཟང་པོ་ལ་ལྟ་བ་དང༌། ཆེན་པོ་ལ་ལྟ་བ་དང༌། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་ཡི་གཟུགས་ཆུང་ངུ་དང་ཆེན་པོ་ལ་ལྟ་བ་གཉིས་ཏེ་བཞི་དང༌། ཁ་དོག་གི་ཟིལ་གནོན་ནང་གཟུགས་སུ་འདུ་ཤེས་པ་ཁོ་ནས་ཕྱིའི་གཟུགས་སྔོ་སེར་དཀར་དམར་བཞི་ལ་ལྟ་བ་བཞི་སྟེ་བརྒྱད་དོ། །ཟད་པར་གྱི་མཚན་ཉིད། རྣམ་ཐར་གྱིས་མོས་ཤིང་ཟིལ་གནོན་གྱིས་དབང་དུ་བྱས་པའི་དམིགས་པ་འདོད་དགུར་ཕྲོ་བའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། དབྱེ་ན་ཟད་པར་ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་སྟེ་བཅུའོ། །ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་གྱི་མཚན་ཉིད། བདག་ལ་དམིགས་ནས་གཞན་གྱི་ཉོན་མོངས་པ་འབྱུང་བ་རྗེས་སུ་བསྲུང་བའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། དབྱེ་ན་སངས་རྒྱས་དང༌། ཉན་ཐོས་ཀྱི་གཉིས་སོ། །བསམ་ནས་ཤེས་པའི་མཚན་ཉིད། གང་ཤེས་པར་འདོད་པ་དེ་བསམ་ནས་ཤེས་པའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། དབྱེ་ན་སྔར་བཞིན་གཉིས་སོ། །སོ་སོ་རིག་པའི་མཚན་ཉིད། མིང་དོན་ངེས་ཚིག་རྣམ་པའི་རབ་དབྱེ་དང་བཅས་པ་གང་རུང་ཐོགས་མེད་དུ་ཤེས་པའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། དབྱེ་ན་ཆོས་དང༌། དོན་དང༌། ངེས་ཚིག་དང༌། སྤོབས་པ་སོ་སོ་ཡང་དག་པ་རིག་བཞིའི་མཚན་ཉིད། མིང་གི་རྣམ་གྲངས་ཐོགས་མེད་དུ་དང༌། མཚན་ཉིད་དང་དགོངས་པའི་དོན་ཐོགས་མེད་དུ་དང༌། ཡུལ་སྐད་དང་ཆོས་ཀྱི་ངེས་ཚིག་ཐོགས་མེད་དུ་དང༌། ཆོས་རབ་ཏུ་དབྱེ་བ་ན་ཐོགས་མེད་དུ་ཤེས་པའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། མངོན་ཤེས་ཀྱི་མཚན་ཉིད། རང་གི་བདག་རྐྱེན་བསམ་གཏན་ལ་བརྟེན་ནས། རང་ཡུལ་མངོན་སུམ་དུ་མཐོང་བའི་མཐུ་ཞི་ལྷག་མཚུངས་ལྡན་དང་བཅས་པ། དབྱེ་ན་རྫུ་འཕྲུལ་དང༌། ལྷའི་རྣ་བ་དང༌། སེམས་ཀྱི་རྣམ་གྲངས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། འཆི་འཕོ་དང་སྐྱེ་བ་དང༌། ཟག་ཟད་ཀྱི་མངོན་ཤེས་དྲུག་གི་མཚན་ཉིད། རྫུ་འཕྲུལ་གྱི་རྣམ་འཕྲུལ་སྣ་ཚོགས་ཤེས་པའི་དང༌། སྒྲ་སྣ་ཚོགས་ཐོས་པའི་དང༌། གཞན་གྱི་སེམས་ཀྱི་སྤྱོད་པ་དུ་མ་ཤེས་པའི་དང༌། རང་གཞན་གྱི་སྔོན་གྱི་ཚེ་རབས་དུ་མ་ཤེས་པའི་དང༌། འཆི་འཕོ་དང་སྐྱེ་བ་ཤེས་པའི་དང༌། ཟག་པ་ཟད་པ་ཤེས་པའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། མཚན་དཔེའི་མཚན་ཉིད། མཚན་ནམ་དཔེ་བྱད་བཟང་པོས་བརྒྱན་པའི་སྐུ་གདུལ་བྱ་ལ་ཀུན་ཏུ་སྟོན་ནུས་པའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། དབྱེ་ན་མཚན་སོ་གཉིས་དང༌། དཔེ་བྱད་བརྒྱད་ཅུའོ། །ཡོངས་སུ་དག་པའི་མཚན་ཉིད། གནས་དང་དམིགས་པ་སོགས་ལ་དབང་བསྒྱུར་བའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། དབྱེ་ན་གནས་དང༌། དམིགས་པ་དང༌། ཐུགས་དང༌། མཁྱེན་པ་ཡོངས་སུ་དག་པ་བཞིའི་མཚན་ཉིད། སྐྱེ་འཆི་གནས་གསུམ་ལ་དང༌། སྤྲུལ་སྒྱུར་ལ་དང༌། ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་དང༌། གཟུངས་ཀྱི་སྒོ་དུ་མ་ལ་དབང་བསྒྱུར་པའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། སྟོབས་ཀྱི་མཚན་ཉིད། ཆགས་ཐོགས་མེད་པར་མཁྱེན་པའི་སྟོབས་སུ་གྱུར་པའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། དབྱེ་ན་གནས་དང༌། གནས་མིན་པ་དང༌། ལས་བདག་གིར་བྱ་བ་དང༌། བསམ་གཏན་སོགས་ཀྱི་ཀུན་ནས་ཉོན་མོངས་རྣམ་བྱང་དང༌། དབང་པོ་མཆོག་དང་མཆོག་མིན་དང༌། མོས་པ་སྣ་ཚོགས་དང༌། ཁམས་སྣ་ཚོགས་དང༌། ཀུན་ཏུ་འགྲོ་བའི་ལམ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། འཆི་འཕོ་དང༌། སྐྱེ་བ་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཏེ་བཅུའི་མཚན་ཉིད། རྒྱུ་དང་རྒྱུ་མིན་དང༌། ལས་བདག་གིར་བྱ་བ་དང༌། བསམ་གཏན་སོགས་ཀྱི་རོ་མྱང་ངེས་འབྱུང་སོགས་དང༌། གདུལ་བྱའི་དད་སོགས་དབང་པོ་མཆོག་དམན་དང༌། གདུལ་བྱའི་བསམ་སྦྱོར་གྱི་མོས་པ་མཐའ་ཡས་པ་དང༌། གདུལ་བྱའི་རིགས་ཀྱི་བྱེ་བྲག་མཐའ་ཡས་པ་དང༌། འཁོར་འདས་ཀྱི་ལམ་ཀུན་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། འཆི་འཕོ་དང་སྐྱེ་བ་དང༌། ཟག་པ་ཟད་པ་ཆགས་ཐོགས་མེད་པར་མཁྱེན་པའི་སྟོབས་སུ་གྱུར་པའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། མི་འཇིགས་པ་བཞིའི་མཚན་ཉིད། དོན་གཉིས་ཀྱི་དམ་བཅའ་ལ་སྙེངས་པ་མི་མངའ་བའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། དབྱེ་ན་མངོན་པར་བྱང་ཆུབ་པ་ལ་དང༌། ཟག་པ་ཟད་པ་ལ་དང༌། བར་ཆད་ཀྱི་ཆོས་ལ་དང༌། ངེས་འབྱིན་གྱི་ལམ་ལ་མི་འཇིགས་པ་བཞིའི་མཚན་ཉིད། རང་དོན་རྟོགས་པ་རྫོགས་པར་དང༌། རང་དོན་སྤངས་པ་རྫོགས་པར་དང༌། གཞན་དོན་སྤང་བྱ་ཀུན་སྟོན་པ་དང༌། གཞན་དོན་ཐར་ལམ་ཀུན་སྟོན་པར་ཞལ་གྱིས་བཞེས་པ་ལ་སྙེངས་པ་མི་མངའ་བའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། མ་འདྲེས་པའི་དྲན་པ་ཉེར་བཞག་གི་མཚན་ཉིད། འཁོར་གུས་མ་གུས་ལ་ཆགས་སྡང་མེད་པར་ཚོགས་སྡུད་པའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། བསྲུང་བ་མེད་པའི་མཚན་ཉིད། རང་གི་སྒོ་གསུམ་ཡོངས་སུ་དག་པས་འཁོར་གྱི་ནང་དུ་བག་ཚ་བ་མེད་པར་གདམས་པ་དང་རྗེས་སུ་བསྟན་པའི་སྦྱོར་བ་ཞི་ལྷག་མཚུངས་ལྡན་དང་བཅས་པ། བསྙེལ་བ་མི་མངའ་བའི་ཆོས་ཉིད་ཀྱི་མཚན་ཉིད། གདུལ་བྱའི་དོན་དུས་ལས་ཡོལ་བ་མི་མངའ་བའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། བག་ཆགས་ལེགས་པར་བཅོམ་པའི་མཚན་ཉིད། སྒོ་གསུམ་གྱི་གནས་ངན་ལེན་གྱི་གཡོ་བ་ཅུང་ཟད་ཀྱང་མི་འབྱུང་བའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། ཐུགས་རྗེ་ཆེན་པོའི་མཚན་ཉིད། རྟག་ཏུ་སེམས་ཅན་གྱི་སྡུག་བསྔལ་ལ་དམིགས་པའི་ཞི་ལྷག་མཚུངས་ལྡན་དང་བཅས་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མཚན་ཉིད། རྟེན་སངས་རྒྱས་ཁོ་ན་ལ་མངའ་བའི་སྒོ་ནས་ཉན་རང་སོགས་ལས་ཐུན་མོང་མིན་པར་མཚོན་བྱེད་ཀྱི་ཡོན་ཏན། དབྱེ་ན་སྤྱོད་པ་དང་རྟོགས་པས་བསྡུས་པ་དྲུག་དྲུག ཡེ་ཤེས་དང་ཕྲིན་ལས་ཀྱིས་བསྡུས་པ་གསུམ་གསུམ་བཅོ་བརྒྱད་དོ། །རྣམ་མཁྱེན་གྱི་མཚན་ཉིད། ཆོས་ཐམས་ཅད་ཀྱི་རྣམ་པ་ཀུན་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་མཐར་ཐུག་གོ །ཆོས་མངོན་པ་ཀུན་ལས་བཏུས་པའི་མཚན་ཉིད་རབ་ཏུ་གསལ་བ་ལས་ལེའུ་བཞི་པའི་ཆོས་རྣམས་ཀྱི་མཚན་ཉིད་ཏེ་བཞི་པའོ།།  །།འབེལ་གཏམ་རྣམ་ངེས་ལ་བདུན་གྱི་དང་པོ་དོན་རྣམ་ངེས་ཀྱི་མཚན་ཉིད། ངོ་བོ་སོགས་དོན་དྲུག་ལས་བརྩམ་ནས་རྟོགས་བྱའི་དོན་གཏན་ལ་འབེབས་པའི་རྣམ་ངེས་གཉིས་པ་རྣམ་བཤད་རྣམ་ངེས་ཀྱི་མཚན་ཉིད། གང་གིས་མདོ་སྡེ་སོགས་འཆད་པའི་ཐབས་སྟོན་པའི་གཞུང༌། དབྱེ་ན་སྒོ་བཅུ་བཞིའི་མཚན་ཉིད་ལ། རྣམ་བཤད་བསྡུ་བའི་སྒོ་ནི། མདོའི་གླེང་གཞི་དང་དགོངས་པ་དང༌། དགོས་དོན་བསྡུས་དོན་ཚིག་དོན་མཚམས་སྦྱར་བརྒལ་ལན་རྣམས་སྟོན་པའི་གཞུང་ངོ༌། །དངོས་པོ་བསྡུས་བའི་སྒོ་ནི། བསླབ་པ་གསུམ་སོགས་སྟོན་པའི་གཞུང་ངོ༌། །ཡན་ལག་དང་ཉེ་བའི་ཡན་ལག་གི་སྒོ་ནི། མདོར་བསྟན་དང་རྒྱས་བཤད་ཀྱི་སྒོ་ནས་སྟོན་པའི་གཞུང་ངོ༌། གོང་ནས་གོང་དུ་མངོན་པར་སྒྲུབ་པའི་སྒོ་ནི། སྔ་མས་ཕྱི་མ་སྒྲུབ་པ་སྟོན་པའི་གཞུང་ངོ༌། །སྤོང་བའི་སྒོ་ནི། ཆོས་འགའ་ལས་བརྩམས་ཏེ་གང་ཟག་འགའ་སྤོང་བར་སྟོན་པའི་གཞུང་ངོ༌། །ཡི་གེ་ཡོངས་སུ་སྒྱུར་བའི་སྒོ་ནི། དངོས་ཀྱི་དོན་གཞན་དུ་བརྗོད་ལ་ཞེས་པའི་དོན་གཞན་དུ་སྒྱུར་བའི་གཞུང་ངོ༌། །ཆུད་མི་ཟ་བའི་སྒོ་ནི། ཆུད་ཟ་མི་ཟ་ཐབས་དང་དབྱེ་བ་དང་བཅས་པ་སྟོན་པའི་གཞུང་ངོ༌། །གང་ཟག་རྣམ་པར་གཞག་པའི་སྒོ་ནི། གང་ཟག་གི་དབྱེ་བ་སྟོན་པའི་གཞུང་ངོ༌། །རབ་ཏུ་དབྱེ་བ་བཞག་པའི་སྒོ་ནི། མུ་བཞི་སོགས་དྲི་བ་རྣམས་ཀྱི་དོན་བརྗོད་པའི་གཞུང་ངོ༌། །ཚུལ་གྱི་སྒོ་ནི། བཤད་བྱའི་ཚུལ་འཆད་བྱེད་ཀྱི་ཚུལ་གྱིས་སྟོན་པའི་གཞུང་ངོ༌། །ཡོངས་ཤེས་སོགས་ཀྱི་སྒོ་ནི། དེ་ཁོ་ནའི་མཚན་ཉིད་སོགས་ཡོངས་ཤེས་སོགས་ཀྱི་ཕན་ཡོན་གྱི་མཚན་ཉིད་ཀྱི་བར་མཚན་ཉིད་བཅུ་སྟོན་པའི་གཞུང་ངོ༌། །སྟོབས་དང་སྟོབས་མིན་པའི་སྒོ་ནི། ཚིག་གཅིག་མ་བརྗོད་ནའང་དོན་ཚན་དེ་མི་གོ་བས་ཚིག་སོ་སོ་ཀུན་གྱི་ནུས་པ་སྟོན་པའི་གཞུང་ངོ༌། །བཟླས་ཏེ་བརྗོད་པའི་སྒོ་ནི། སྔར་མདོར་བསྟན་པ་སླར་ཡང་རྒྱས་པར་བསྟན་པའི་ཆེད་དུ་འཆད་པའི་གཞུང་ངོ༌། །མངོན་པར་སྒྲུབ་པའི་སྒོ་ནི། ཚིག་སོ་སོ་ཚིག་བཞི་སོགས་དང་དེ་རེ་རེ་ཡང་བཞི་སོགས་ཀྱིས་ཐུག་མེད་དུ་མངོན་པར་སྒྲུབ་པའི་གཞུང་ངོ༌། །གསུམ་པ་རབ་ཏུ་ཕྱེ་ནས་ཀུན་ཏུ་བསྟན་པ་རྣམ་ངེས་ཀྱི་མཚན་ཉིད། ཤེས་བྱའི་དངོས་པོ་རྣམས་མུ་བཞི་སོགས་སུ་ཕྱེས་ནས་གཏན་ལ་འབེབས་པའི་དྲིས་ལན། དྲི་བ་རྣམ་ངེས་ཀྱི། སྒྲའི་རྣམ་དབྱེ་བདུན་དབྱེ་བ་དང་བཅས་པའི་དྲིས་ལན། བསྡུ་བ་རྣམ་ངེས་ཀྱི། འཇིག་རྟེན་པ་ནས་མི་སློབ་པའི་བར་གནས་བཅུར་བསྡུ་པའི་རྣམ་ངེས། སྨྲ་བ་རྣམ་ངེས་ཀྱི། སྤྱིར་སྨྲ་ཚུལ་དང་ཁྱད་པར་རྒོལ་ཕྱི་རྒོལ་རྩོད་ལུགས་གཏན་ལ་འབེབས་པའི་ཐབས། དབྱེ་ན་བདུན་གྱི་མཚན་ཉིད། སྨྲ་བ་ནི་ངག་ཏུ་བརྗོད་པའི་ཚིག་གོ །སྨྲ་བའི་ཞལ་ཅེས་པ་ནི། གང་དུ་སྨྲ་བར་བྱ་བའི་དཔང་པོའོ། །སྨྲ་བའི་གཞི་ནི། གང་སྨྲ་བར་བྱ་བའི་གནས་སོ། །སྨྲ་བའི་རྒྱན་ནི། སྨྲ་བའི་ཡོན་ཏན་ནོ། །སྨྲ་བ་ཆད་པས་བཅད་པ་ནི། །སྨྲ་བའི་སྐྱོན་ནོ། །སྨྲ་བ་ལ་ངེས་པར་འབྱུང་བ་ནི། སྐྱོན་ཡོན་བརྟག་ན་སྨྲ་མི་སྨྲའི་ཚོད་ཤེས་པའོ། །སྨྲ་བ་ལ་གཅེས་སྤྲས་བྱ་བའི་ཆོས་ནི། གང་སྨྲ་བ་ལ་ངེས་པར་དགོས་པའི་ཆོས་སོ། །བདུན་པ་ལྡེམ་དགོངས་རྣམ་ངེས་ཀྱི་མཚན་ཉིད། དངོས་སུ་དོན་གཞན་དུ་བརྗོད་ལ་ཞེས་པའི་དོན་གཞན་དུ་སྒྱུར་བའི་གསུང་རབ་བོ། །ཆོས་མངོན་པ་ཀུན་ལས་བཏུས་པའི་མཚན་ཉིད་རབ་ཏུ་གསལ་བ་ལས་ལེའུ་ལྔ་པའི་ཆོས་རྣམས་ཀྱི་མཚན་ཉིད་ཏེ་ལྔ་པའོ།།  །།རྒྱལ་བའི་གསུང་རབ་ཀུན་གྱི་དགོངས་འགྲེལ་མཆོག །རྒྱ་ཆེན་ཤེས་བྱ་ཡང་དག་འབྱེད་མཛད་ཅིང༌། །རྣམ་པ་ཀུན་མཁྱེན་ཐུན་མོང་མིན་པའི་རྒྱུ། །དམ་ཆོས་མངོན་པ་ཀུན་ལས་བཏུས་པ་ཡི། །བསྡུས་དོན་མཚན་ཉིད་རབ་ཏུ་གསལ་བ་འདི། །བློ་ལྡན་དོན་གཉེར་ཀུན་ལ་ཕན་ཕྱིར་བསྡེབས། །དགེ་བས་འགྲོ་ཀུན་རྟག་ཏུ་འདིར་ཞུགས་པས། །ཀུན་མཁྱེན་ཡེ་ཤེས་གོ་འཕང་མྱུར་ཐོབ་ཤོག །ཚུལ་འདི་ནི་ཆོས་རྗེ་དཔལ་ལྡན་རྩེ་མོའི་ཞབས་ཀྱི་བཀའ་དྲིན་ལས། ཆོས་མངོན་པའི་སྡེ་སྣོད་ལ་བློའི་སྣང་བ་ཐོབ་པ་གྲགས་པ་རྒྱལ་མཚན་གྱིས་དཔལ་ཨེ་ཝྃ་ཆོས་འབྱུང་གི་གཙུག་ལག་ཁང་ཆེན་པོར་སྦྱར་བའོ། །འདིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །ཤུ་བྷཾ།།  །།ཨོཾ་སྭ་སྟི། ཆོས་རབ་རྣམ་འབྱེད་རིགས་པའི་ཉི་འོད་ཀྱིས། །ལེགས་ཕྱེས་མངོན་པའི་སྡེ་སྣོད་པད་དཀར་ཚལ། །སྙིང་པོའི་གཞུང་ཀུན་བཏུས་པའི་སྦྲང་རྩིའི་བཅུད། །མཁས་མང་བུང་བས་བསྙེན་པའི་ཚལ་དུ་གྲུབ། །གང་གི་ཟབ་དོན་འབྱེད་བྱེད་ལེགས་བཤད་ཕུལ། །འཇམ་མགོན་རིགས་ཀྱི་ཐིག་ལེའི་གསུང་གི་སྤར། །ཀུན་མཁྱེན་བླ་མའི་ཕྲིན་ལས་ཀྱིས་སྣང་བས། །བློ་ལྡན་སྤོབས་པའི་ལང་ཚོ་དར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*